སྨན་ཁང་ཁྱེད་ཀྱི་འཁྲིས་སུ་འདུག

ལོ་རིམ་བདུན་པའི་སློབ་གཉེར་བ། བཀྲ་ཤིས་རྡོ་རྗེ།

གཅིག

འདི་ནས་ཡར་བརྩིས་པའི་ལོ་ངོ་འགའ་ཞིག་གི་སྔོན་ཁོང་མཐོ་སློབ་འདི་ནས་མཐར་ཕྱིན་ཏེ་སློབ་ཐོན་ལག་འཁྱེར་ལོན་ཐུབ་པ་བྱུང་། འོན་ཀྱང་ལོ་ངོ་ཧྲིལ་པོ་གཅིག་ཙམ་གྱི་རིང་དགེ་རྒན་གྱི་ཞབས་ཞུ་བསྒྲུབས་རྗེས་ཁོང་སྨན་ཁང་དུ་ལུས། སྨན་པས་གསུངས་པར་གཞིགས་ན་ད་ལྟ་ཁོང་ལ་ཛ་དྲག་གི་མཆིན་པའི་གཉེན་ཚད་དང་། ཕོ་བའི་སྐྲན་ནད། མཁལ་རྡོ་བསགས་པ་བཅས་ཀྱི་ནད་ཚབས་ཆེན་དག་ཕོག་འདུག་ལ། ནད་གཞི་དེ་དག་གིས་མནར་ནས་ལོ་མང་ཕྱིན་ཟིན་པས། ད་དུང་གང་མགྱོགས་སྨན་བཅོས་དུས་ཐོག་ཏུ་མ་བྱུང་ན་ཚེ་སྲོག་གི་ཉེན་ཁ་ཕྲད་སྲིད་ཅེས་བརྗོད་དུས། ཁོས་གློ་བུར་དུ་ཅི་ཞིག་གོ་སོང་བ་ལྟར་ཅི་བྱ་གཏོལ་མེད་དུ་གྱུར། དེ་སྔོན་རང་ཉིད་སློབ་གཉེར་བ་ཡིན་སྐབས་ལུས་ཁམས་མི་བདེ་བ་དང་ན་ཟུག་ཕྲན་བུ་རེ་བྱུང་དུས་བཟོད་སྲན་དང་། གྲོགས་པོ་ཚོའི་ཁར་ཉན་ཏེ་སྣང་མེད་བཏང་བ་དེ་དག་ཡིད་ལ་ཤར། ནད་གཞི་གསུམ་འཛོམས་ཀྱི་རྐྱེན་པས་ཉིན་ལྟར་སྨན་གྱི་རིལ་བུ་བཅུ་ལྷག་ཟ་དགོས་པས་དྲན་ཤེས་རིམ་བཞིན་ཉམས་ཤིང་ལུས་ཟུངས་ཀྱང་ཟད། དེ་ལྟར་ལོ་ངོ་ཧྲིལ་པོ་གཅིག་ཙམ་གྱི་རྗེས་སུ་ལུས་པོ་སྤྱི་ཡོངས་རྒུད་པའི་ཐོག་འཚོ་བཅུད་ཅན་གྱི་ཟས་རིགས་ཟ་འདོད་ཀྱང་གཅིན་སྙི་ནད་ཀྱི་རྐྱེན་པས་ཟ་བཏུང་མང་པོ་ཞིག་སྨན་པས་གནས་སྐབས་མཚམས་འཇོག་དགོས་པའི་ལམ་སྟོན་གནང་དོན་བཞིན་སྨན་གང་ཕན་དང་ཟས་གང་འཕྲོད་ཀྱིས་དུས་ཚོད་བསྐྱལ་མོད། ལུས་སེམས་གཉིས་ཀར་དཀའ་ངལ་ཆེ་བས་མཚན་མོར་གཉིད་ཀྱང་མ་ཁུག མཐའ་གཞུག་ཁོང་ནད་གཞི་དེ་ལས་དྲག་སྐྱེད་མ་ཐུབ་པར་འཇིག་རྟེན་འདི་ནས་གཏན་དུ་གྱེས་དགོས་བྱུང་།

དེ་ཡང་དུས་རྒྱུན་མི་རྣམས་ན་ཟུག་དྲག་པོ་ཞིག་གིས་མནར་དུས་སྨན་པར་བསྟེན་གཏུགས་བྱེད་པ་ལས། ཟུག་གཟེར་ཕྲན་བུ་རེ་གཏོང་དུས་སྣང་མེད་དང་ཡ་མེད་ཀྱིས་དེ་ལས་གཡོལ་ཐབས་སྣ་ཚོགས་བྱེད་བཞིན་ཡོད། དེ་ནི་ཅི་འདྲའི་བླུན་པོ་ཞིག་སྟེ། ནད་གཞི་ནི་ཐོག་མར་ཆུང་དུས་སུ་བཅོས་སླ་བ་དང་། རང་ཉིད་ལའང་དཀའ་ངལ་ཆུང་བ། སྨན་པས་བཀའ་བཀོད་ལྟར་བྱེད་ཚེ་ཁྱེད་རང་དུས་ཡུན་ཐུང་ངུའི་ནང་དྲག་སྐྱེད་ཡོང་ངེས་ཡིན། འོན་ཀྱང་ལ་ལས་དེ་ལས་ལྡོག་སྟེ་ཟུག་སྲན་བྱས་ཤིང་། ནམ་ཞིག་ན་ཟུག་མི་བཟོད་པའི་དུས་སུ་གཞི་ནས་སྨན་པར་བསྟེན་པ་ཡིན། ནད་གཞི་ཡོད་ཚད་བཅོས་ཐབས་མེད་པའི་གནས་སུ་གྱུར་དུས་སྨན་པར་བསྟེན་གཏུག་བྱེད་པ་ནི་འཆི་ཁར་སྨན་ཞེས་པའི་དཔེ་བཞིན་སུས་ཀྱང་སྐྱོབ་ཐབས་བྲལ་བས་རྩ་ཆེ་བའི་མི་ལུས་དེར་རྫོགས་ཚིག་བཀོད་པ་ཧ་ཅང་མང་།

གཉིས

སྨན་ཁང་ནི་ནད་པའི་ཆེད་དུ་བཙུགས་པ་རེད་ལ། སྨན་པ་ནི་ནད་པའི་ཆེད་དུ་བསྐོས་པ་ཡིན་པས། ནད་པས་སྨན་ཁང་དུ་སྐྱབས་བཅོལ་བ་ནི་དེ་བས་ཀྱང་འོས་པ་ཡིན། རེད་དེ་མི་མང་པོ་ཞིག་སྨན་ཁང་དུ་འགྲོ་དགོས་ཟེར་དུས་ཉོབ་སྣང་དང་སྒྱིད་ལུག་གིས་རྒྱུ་མཚན་སྣ་ཚོགས་བགྲངས་ཏེ་གཡོལ་ཐབས་བྱེད་ཀྱིན་འདུག ལ་ལས་སྨན་པར་བསྟེན་གཏུགས་བྱེད་ཀྱང་རང་ཉིད་ལ་བྱུང་བའི་ནད་རྟགས་མང་པོ་ཞིག་སྨན་པར་སྦས་གསང་བྱེད་ཅིང་། སྨན་པས་ཅི་ཞིག་གསུངས་ཡོང་བསམས་ནས་འཇིགས་སྐྲག་ལས་གཡོལ་ཏེ་རང་ཉིད་ཀྱི་བདེ་ཐང་ལ་མི་བསམ་པ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་ཡིན་ནམ། བདེ་ཐང་ནི་ཁྱེད་རང་ཡིན་ལ། ཤེས་ཡོན་དང་སློབ་གསོ་དཔལ་འབྱོར་སོགས་ནི་ཁྱེད་ཀྱི་ལུས་པོའི་རྒྱན་ཆ་ཙམ་ཡིན་པས་ཅིས་ཀྱང་གཟབ་མཆོར་གྱི་མཛེས་རྒྱན་སྤྲས་དགོས་ན་ངེས་པར་དུ་བདེ་ཐང་ལ་གཅེས་སྤྲས་གནང་དགོས། དེ་ཡང་ཧ་ཝར་ཊི་སློབ་ཆེན་ Harvard University གྱི་ཡར་བསྐུལ་གདམས་ངག་ཏུ། མ་འོངས་པའི་ཁྱེད་ཀྱི་མ་རྩ་གཏོང་མཁན་ནི་དེ་རིང་གི་བློ་དཀར་ཁོ་ན་ཡིན་གསུངས་པའི་ཚིག་དེ་ཁ་བསྒྱུར་ཏེ། མ་འོངས་པའི་ཁྱེད་ཀྱི་བདེ་ཐང་ནི་དེ་རིང་གི་འཕྲོད་བསྟེན་ཡིན་ཞེས་བཤད་པར་འདོད། སྤྱིར་འཕྲོད་བསྟེན་ལ་ནང་སེམས་པའི་བསམ་བློའི་འཁྱེར་སོ་དང་། ཕྱི་ཡི་ལུས་ངག་གི་རྩོལ་བ་གཉིས་སུ་འདུ་མོད། ངས་འདིར་ནང་སེམས་ཀྱི་འཕྲོད་བསྟེན་དང་ཕྱིའི་ཟ་འཐུང་འཕྲོད་སྦྱོར། ལུས་པོའི་གཡོ་འགུལ་གྱི་ཕན་གནོད་བཅས་ཀྱི་སྐོར་གང་ཡང་བཤད་རྒྱུ་མེད་ལ། དེ་དག་ནི་ད་ལྟའི་སྤྱི་ཚོགས་ནང་མི་ཚོས་ངག་ཏུ་མ་ཎི་ཟློས་པ་བཞིན་ཤོད་ཀྱིན་འདུག་པས། གལ་སྲིད་ངས་འདིར་བཤད་པའི་དབང་དུ་བཏང་ནའང་མི་རྒན་ལ་བྱིས་པའི་རྣམ་ཐར་ལྟར་འགྱུར་སྲིད། འོན་ཀྱང་སྐབས་འདིར་རང་ཉིད་ཀྱི་གདོས་བཅས་ལུས་པོར་འབྱུང་བཞི་གཡོ་འཁྲུག་གམ་ཟ་འཐུང་མ་འཕྲོད་པའི་རྐྱེན་གྱིས་ལུས་པོར་ན་ཚ་གང་བྱུང་ཡང་དུས་ཐོག་ཏུ་སྨན་ཁང་ལ་བསྟེན་རྒྱུ་མ་བརྗེད་པ་གནང་རོགས་ཞེས་ཞུ་འདོད་པ་ཡིན། འོ། འདི་ནི་འཕྲོད་བསྟེན་རེད་ཟེར་ཡང་ཆོག་ལ། འཕྲོད་བསྟེན་ལས་ལྷག་པ་ཞིག་ཀྱང་ཡིན་སྲིད།

གསུམ།

གལ་སྲིད་ཁྱེད་ཀྱིས་ལུས་ཁམས་མི་བདེ་བའི་ཚུལ་བརྗོད་ཚེ། གྲོགས་པོ་ཁ་ཤས་ཀྱིས་‟ན་རྒྱུ་དང་ཚ་རྒྱུ་མང་པོ་དེ་འདྲ་ག་འདྲ་རེད།”ཅེས་དམའ་འབེབས་བྱེད་ལ། ཡང་ལ་ལས་‟གང་ཡང་ཡོད་མ་རེད་སང་ཉིན་གནངས་ཉིན་ནས་དྲག་འགྲོ་གི་རེད་”ཅེས་སེམས་གསོ་དང་། ཁག་ཅིག་གིས་‟ཁྱེད་ཀྱིས་སྨན་ཁང་བསྟེན་ཡིན་པས། ངེས་པར་དུ་སྨན་ཁང་དུ་བསྟེན་དགོས་རེད་”ཅེས་ལམ་སྟོན་གནང་མཁན་ཡོད།
བསམ་བློ་ཞིག་བཏང་ན་གྲོགས་པོ་དང་པོ་ནི་ཁྱེད་རང་གི་སྨྲ་བརྗོད་རང་དབང་འཕྲོག་པའི་མི་ཞིག་རེད་ལ། ཕྱིན་ཆད་ཁྱེད་ཀྱིས་ཁོའི་མདུན་དུ་ཨ་ར་དང་ཨུ་རུ་ལབ་མི་ཕོད་ཅིང་། གལ་ཏེ་བཤད་པའི་དབང་དུ་བཏང་ནའང་དམའ་འབེབས་ཉོ་རྒྱུ་ལས་མེད་པས་ནམ་ཡིནའང་ན་ཟུག་ཡོད་ཚད་ཁོའི་མདུན་དུ་སྦས་གསང་བྱེད་དགོས་པར་འགྱུར། ཁྱེད་ལ་སེམས་གཏིང་ནས་གྲོགས་པོའི་འདུ་ཤེས་ཡོད་མེད་གང་ཡིན་ཡང་། གཏམ་འདི་ནི་གྲོགས་པོའི་བརྩེ་བ་ལས་ཡོངས་སུ་འགལ་བའི་འགན་འཁྲི་མེད་པའི་སྐད་ཆ་ཞིག་རེད་ལ། ཁྱོད་དང་མཉམ་དུ་འགྲོ་རོགས་ཙམ་ལས་ཚེ་སྲོག་གི་དོན་སྙིང་མི་ཤེས་མཁན་ཞིག་རེད།
གྲོགས་པོ་གཉིས་པ་ནི། ཁྱེད་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་སེམས་གསོ་བྱེད་མཁན་དེ་ཡིན་ནའང་ཁྱེད་ཀྱི་ཚོར་སྣང་ལ་རྩེད་མོ་རྩེ་མཁན་དེ་མིན་ལ་ལམ་སྟོན་གནང་མཁན་དེ་ཡང་མིན། གྲོགས་པོ་གསུམ་པས་ཁྱེད་རང་སྨན་ཁང་ལ་འགྲོ་དགོས་པར་བསྐུལ་བས་ཁོང་ནི་ཉེན་ཁ་ལས་སྐྱོབ་མཁན་དོན་གྱི་གྲོགས་པོ་དེ་རེད་ལ། དུས་རྒྱུན་གྲོགས་པོའི་བརྩི་ཐང་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། གང་ལྟར་ཚེ་སྲོག་གི་རིན་ཐང་ཚོར་མཁན་གྱི་མི་གསོན་པོ་ཞིག་ཏུ་ངོས་འཛིན་ཆོག་པ་ཡིན།

དེས་ན་ངས་གོང་དུ་ཞུས་ཟིན་པའི་སྒྲུང་ཐུང་ནང་གི་ཁོང་ཡང་། གྲོགས་པོ་དང་ལེ་ལོའི་དབང་གིས་ནད་གཞིར་ལྷོད་ཡངས་ཤོར་ཏེ་མཐའ་མཇུག་ཚེ་སྲོག་ཤོར་བ་ཡང་རྐྱེན་དེ་འདྲ་ཞིག་ལ་ཐུག་པ་ལོས་ཡིན། སྐབས་འདིར་ངས་སྨན་ཁང་དུ་བསྟེན་གཏུག་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་ཨ་བཤད་ཡང་བཤད་བྱེད་དགོས་དོན་ནི། དེང་སང་དངོས་སུ་མཐོང་ཐོས་སུ་གྱུར་བ་དཔེར་ན། མཁལ་མ་འཕྲོ་བརླག་ཆགས་པ། འཕོ་བ་སྐྲན་ནད། གཅིན་སྙིའི་ནད་ལ་སོགས་པའི་རྐྱེན་གྱིས་ལོ་གཞོན་མང་པོ་ཞིག་འཇིག་རྟེན་འདི་ནས་ཁ་བྲལ་བཞིན་འདུག་ལ། ནད་གཞི་དེ་དག་ཀྱང་དུས་གཅིག་གམ་ཉིན་གཅིག་ལ་བྱུང་བ་མ་ཡིན་པར་རིམ་པས་ཟླ་བ་དང་ལོ་བརྒྱུད་ནས་བྱུང་བ་ཤ་སྟག་ཡིན། གལ་ཏེ་རང་ཉིད་ཐོག་མར་ལུས་ཁམས་མི་བདེ་བ་དང་། ན་ཟུག་ཕྲན་བུ་རེ་བྱུང་དུས་ནས་སྨན་པར་བསྟེན་གཏུག་བྱས་ཡོད་ན། སྨན་པས་དུས་རྒྱུན་ཟ་འཐུང་འཕྲོད་སྦྱོར་གྱི་ལམ་སྟོན་དང་། ལུས་པོའི་འགུལ་སྐྱོད་སོགས་ལ་བཀའ་བཀོད་གནང་ནས་ཁྱེད་རང་ཉེན་ཁ་དེ་དག་ལས་སྐྱབས་ཡོད་ཀྱང་སྲིད། འོན་ཀྱང་ཡོད་ཚད་ཕྱིས་ཟིན་པའི་སྐབས་སུ་སྨན་པ་ལ་ཡང་བྱ་ཐབས་བྲལ་བས་སྡུག་གི་འཁུར་པོ་ཡོད་ཚད་རང་ཉིད་ཁོ་ནས་འཁུར་རྒྱུ་ལས་བྱ་ཐབས་གཞན་མེད།

ཚན་རྩལ་རིག་པའི་འཕེལ་རྒྱས་མྱུར་བའི་ཁ་སང་དེ་རིང་ནི་འཕྲུལ་ཆས་ཀྱིས་མིའི་ནང་འཁྲོལ་ཡོད་ཚད་མངོན་སུམ་རྗེན་ཅེར་དུ་མཐོང་རྒྱུ་ཡོད་པའི་དུས་ཚོད་ཅིག་ཡིན་པས། མོ་དང་པྲ་ལ་བརྟེན་ནས་རིམ་གྲོ་བྱེད་པའི་ལྐོག་གྱུར་གྱི་བཅོས་ཐབས་ཀྱང་མི་དགོས་ལ། མངོན་སུམ་དབང་པོའི་ཡུལ་དུ་གྱུར་བའི་གསལ་གསལ་ཐིང་ཐིང་གི་འཕྲུལ་ཆས་ཀྱི་བརྙན་མིག་དང་། ཉམས་མྱོང་འབུམ་གྱིས་ཕྱུག་པའི་སྨན་པའི་ངག་བཞིན་བྱས་ན་ལེགས་པ་མ་ཡིན་ནམ།
མདོར་ན་མི་ལུས་ཐོབ་པ་ནས་བཟུང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་རང་ཆས་སུ་ཡོད་པས། དེ་ལ་བརྟེན་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ཡང་ངང་གིས་གྲུབ་ཅིང་། ང་ན་མི་དགོས་པ་དང་ཁྱོད་ཚ་མི་དགོས་པའི་རང་དབང་མེད་ལ། ཅིས་ཀྱང་ལུས་ཁམས་མི་བདེ་བ་དང་ནད་ཀྱི་མནར་དུས་སྨན་པར་སྔ་ས་ནས་བསྟེན་གཏུག་བྱ་རྒྱུ་མ་བརྗེད་པ་གནང་རོགས་ཞེས་ཞུ་འདོད་པ་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།