བྱེ་བྲག་སྨྲ་བའི་ལུགས་ཀྱི་ཐོབ་པ་ལ་རོབ་ཙམ་དཔྱད་པ།

ལོ་རིམ་ལྔ་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།

ཕུང་ཁམས་སྐྱེ་མཆེད་ཐ་སྙད་ཆོས་ཚུལ་གྱི། །གང་ལ་གང་འདུལ་རྒྱས་བསྡུས་རྣམ་གཞག་མཛོད།།
གསུང་རབ་རིན་ཆེན་འཛིན་མའི་ཏོག་ལྟ་བུའི། །ཆོས་མངོན་རྒྱལ་མཚན་སྒྲེང་མཁས་རྣམས་ལ་འདུད།།

ཅེས་དམ་པའི་ལུགས་དང་མཐུན་པར་མཆོད་བརྗོད་སྔོན་དུ་བཏང་སྟེ། རྣམ་གཞག་ལྔའི་སྒོ་ནས་རིམ་བཞིན་གླེང་བར་བྱ་སྟེ།

དང་པོ། ཆོས་མངོན་པའི་འབྱུང་ཁུངས་ནས་མངོོན་པ་མཛོད་བར་གྱི་དེང་དུས་མཁས་པའི་བཤད་སྒྲོས།[1]
ཐོག་མར་དེང་དུས་མཁས་པའི་དཔྱད་ཞིབ་ཀྱི་གྲུབ་དོན་ལྟར་རང་དང་མཉམ་པའི་བློ་གསར་བ་དག་ལ་དོ་སྣང་དང་དཔྱད་གཞིའི་ཚུལ་དུ། སྲོལ་རྒྱུན་ཐུན་མིན་གྱི་གསུང་སྟངས་དང་རྣམ་པ་ཅུང་མི་འདྲ་བའི་བརྗོད་གཞི་འདི་དང་འབྲེལ་ཡོད་ཀྱི་མངོན་པ་མཛོད་ཀྱི་བར་མངོན་པའི་གཞུང་གི་བྱུང་རིམ་མདོར་བསྡུས་ཤིག་བརྗོད་པར་བྱ་བ་ལ། དང་པོ་ཆོས་མངོན་པའི་འབྱུང་ཁུངས་ནས་བསམས་ན། མངོན་པའི་སྡེ་སྣོད་ནི། འདུལ་བ་དང་མདོ་སྡེ་གཉིས་ཀྱི་ཕྱིས་སུ་བྱུང་བར་བཤད་ཅིང་། སྡེ་སྣོད་དེ་གཉིས་སུ་བྱུང་བའི་ཆོས་མངོན་པ་དེ་ཡང་ཕྱིས་ཀྱི་མངོན་པའི་སྡེ་སྣོད་རང་མཚན་པར་གྲུབ་པའི་མཐུན་རྐྱེན་དུ་བརྗོད། ལྷག་ཏུ་སྡེ་སྣོད་དེ་གཉིས་སུ་ཆོས་མངོན་པ་ཞེས་པའི་ཐ་སྙད་ཀྱི་མཚན་གཞི་ཡང་པཱ་ལིའི་འདུལ་བའི་ནང་ཚན་མདོ་སྡེ་རྣམ་པར་འབྱེད་པ་ལས་ལན་གཉིས་དང་། རྒྱ་ནག་གི་འགྱུར་ལུང་བར་མ་དང་། ཡང་དག་ལྡན་པའི་ལུང་། གཅིག་ལས་འཕྲོས་པའི་ལུང་བཅས་བསྡོམས་ན་ལན་བདུན་ཙམ་གསལ་ན་ཡང་། པཱ་ལིའི་འདུལ་བ་དང་རྒྱ་ནག་སྐད་ཐོག་ཏུ་བཞུགས་པའི་གོང་གི་འདུལ་ལུང་དག་བསྡུར་ན་དཀྱུས་གཅིག་པའི་ཆོས་སྐད་དེ་དག་མི་འདྲ་བས། དེར་གསལ་བ་རྣམས་སྡེ་སྣོད་གསུམ་ཀ་བརྩམས་ཟིན་པའི་རྗེས་སུ་གསར་དུ་བསྣན་པར་བཤད། དེ་བཞིན་བོད་འགྱུར་དུ་ཡང་འདུལ་བ་གཞི་དང་འདུལ་བ་ཕྲན་ཚེགས་གཉིས་མི་འདྲ་བས་ཕྲན་ཚེགས་སུ་ཡོད་པའི་ཆོས་མངོན་པ་ཞེས་པའི་ཐ་སྙད་གོང་མཚུངས་ལྟར་གསར་དུ་བསྣན་པར་བརྗོད་དོ།།

དེའི་ཕྱིར་ཆོས་མངོན་པའི་ཐོག་མའི་འབྱུང་ཁུངས་ལ་ཉི་ཧོང་གི་མཁས་པ་ཁི་མུ་ར་ཐ་ཁུན་(Taiken kimura) གཙོས་ཉི་ཧོང་གི་མངོན་པ་ལ་མཁས་པ་རྣམས་ཀྱིས་གནའ་སྔ་མོ་དགོན་པ་དག་གི་ནང་དུ་ཆོས་མངོན་པའི་གཏམ་མམ་ཆོས་ཀྱི་གནས་ཚུལ་གཏམ་གླེང་མཛད་ཅིང་དེ་འཕེལ་རྒྱས་བྱུང་བ་ལ་བརྟེན་ཆོས་མངོན་པའི་སྡེ་སྣོད་བྱུང་བར་འདོད་ཅིང་། རྒ་ཨི་རྒར་ (Geiger) གྱིས་གཙོས་ནུབ་ཕྱོགས་ཀྱི་མཁས་པ་དག་གིས་པཱ་ལིའི་མདོ་སྡེ་དང་འདུལ་བའི་སྡེ་སྣོད་དུ་ཡོད་པའི་མ་མོ་འཛིན་པ་ཞེས་པ་ཕྱིས་སུ་འཕོ་འགྱུར་དུ་ཕྱིན་ནས་མངོན་པའི་སྡེ་སྣོད་བྱུང་བར་བཤད་པ་སོགས་སྤྱིར་འདི་ལ་ངོས་འཛིན་སྟངས་མི་འདྲ་བ་འགའ་བཤད་ཡོད་ཀྱང་། དེང་དུས་ཆོས་མངོན་ཞིབ་འཇུག་པ་དག་གིས་ཡོངས་གྲགས་སུ་གོང་གི་མཁས་པ་དེ་གཉིས་འཐད་ཕྱོགས་སུ་འཛིན་གྱི་ཡོད་པར་སྙམ། གཞན་འདི་དང་འབྲེལ་ཡོད་བོད་ཀྱི་བསྟན་བཅོས་དག་ཏུ་དྲངས་པའི་“དགེ་སློང་སྡེ་སྣོད་གསུམ་པ”ཞེས་པའི་མདོ་ཚིག་དང་། དེ་བཞིན་མདོ་དེ་འབྲེལ་གྱི་བྱེ་མདོ་གཉིས་ཀྱི་འདོད་ཚུལ། གཞན་མདོ་སྡེ་རྒྱན་དང་རྒྱ་བོད་ཀྱི་མཁས་གྲུབ་དག་གིས་གསུངས་པའི་ཆོས་མངོན་པའི་གོ་དོོན་སོགས་ཕན་ཚུན་ཞིབ་བསྡུར་གྱིས་སྐད་གཉིས་སྨྲ་བ་དག་གིས་དཔྱད་དུ་ཡོད་པར་སེམས་སོ།།

དེ་ནས་མངོན་པ་སྡེ་བདུན་གྱི་བརྩམས་རིམ་ལ། དང་པོ་འགྲོ་བའི་རྣམ་གྲངས་སམ་སྡུ་བའི་རྣམ་གྲངས་ཏེ། འདིའི་ཆོས་སྐད་དང་རྩོམ་གཤིས་སོགས་ལ་དཔྱད་བསྡུར་བྱེད་སྐབས་ལུང་རིང་མོའི་ནང་ཚན་སྡུ་བའི་མདོའི་བརྗོད་དོན་གྱི་དགོངས་པ་བཀྲལ་བ་ཙམ་ལས་དམིགས་བསལ་འཕེལ་རྒྱས་མེད་སྟབས། མདོ་སྡེ་ལས་ལོགས་སུ་མངོན་པའི་སྡེ་སྣོད་རང་མཚན་པ་ཐོག་མའི་དུས་ཡིན་པར་ར་འཕྲོད་པར་བཤད་ཅིང་། དེ་བཞིན་གཉིས་པ་ཆོས་ཀྱི་ཕུང་པོ་སྟེ། བསླབ་པ་ལྔ་ནས་རྟེན་འབྲེལ་བཅུ་གཉིས་བར་སྡེ་ཚན་ཉེར་གཅིག་བསྒྲིགས་པའི་འཕེལ་རིམ་དང་པོ་བྱུང་ཞིང་། ལྷག་ཏུ་དེང་གི་མཁས་པ་ཁི་མུ་རས་ (T.kimura) ཁྱད་ཆོས་སམ་རྒྱུ་མཚན་བཞིས་[2]བསྟན་བཅོས་དེ་གཉིས་ཐམས་ཅད་ཡོད་པར་སྨྲ་བའི་ལྟ་གྲུབ་ཀྱི་རྨང་གཞི་བརྟན་པོ་མ་ཚུགས་པའི་སྐབས་སུ་བརྩམས་པར་བཤད། དེ་ནས་གདགས་པའི་བསྟན་བཅོས་དང་རྣམ་ཤེས་ཀྱི་ཚོགས། ཁམས་ཀྱི་ཚོགས་གསུམ་སྟེ་དེ་དག་གི་དབྱེ་བའི་གྲངས་དང་རྩོམ་གཤིས། སྔ་ཕྱིའི་འབྲེལ་བ། རྣམ་པའི་རབ་དབྱེ་སོགས་ཞིབ་ཀྱིས་གཏན་ལ་ཕབ་པའི་ཆ་ནས་ཐམས་ཅད་ཡོད་སྨྲ་བའི་མངོན་པའི་གཞུང་གི་ལྟ་གྲུབ་རང་རྐང་ཚུགས་པ་དང་། མ་ཟད། རབ་ཏུ་བྱེད་པའི་གཞི་དང་ཡེ་ཤེས་ལ་འཇུག་པ་གཉིས་ནི། ཁ་ཆེའི་མཁས་པ་ཚོས་དམིགས་བསལ་གྱི་ཐུགས་རྩིས་ཆེན་པོས་སློབ་གཉེར་བྱེད་ཅིང་། ཐམས་ཅད་ཡོད་སྨྲ་བའི་ལྟ་གྲུབ་འཕེལ་རྒྱས་ཀྱི་རྩེ་མོར་སླེབས་པའི་སྐབས་སུ་བརྩམས་ཏེ་ཐམས་ཅད་ཡོད་སྨྲ་བའི་མངོན་པའི་གཞུང་གི་བཞེད་སྲོལ་ལ་འགྱུར་མེད་སྲ་བརྟན་གྱི་གཞི་བཏིང་བར་བཤད་དོ།།

དེ་ལྟར་འཛམ་གླིང་གཙུག་ལག་རིག་གཞུང་གི་དབུས་སུ་མངོན་པར་མཐོ་བའི་མངོན་པ་སྡེ་བདུན་བརྩམས་གནང་གྲུབ་རྗེས། དེ་དག་གི་རྒྱ་ཆེར་འགྲེལ་ལྟ་བུ་བྱེ་བྲག་བཤད་མཛོད་ཆེན་མོ་[3]ནི། དུས་རབས་ཉི་ཤུ་པའི་ལོ་མཇུག་ཏུ་རྒྱའི་ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱིས་མ་བསྒྱུར་བར་དུ་བོད་འགྱུར་མེད་ཀྱང་། རྒྱ་འགྱུར་ལ་སྤྱི་ལོ་ ༤༣༧-༤༣༩ བར་སངས་རྒྱས་གོ་ཆས་བསྒྱུར་བའི་བམ་པོ་དྲུག་ཅུ་ཅན་ཞིག་དང་། སྤྱི་ལོ་ ༦༥༦-༦༥༩ བར་ཧྱན་ཙང་གིས་བསྒྱུར་བའི་བམ་པོ་ཉིས་བརྒྱ་པ་གཉིས་བཞུགས་ཤིང་། ལྷག་པར་དུ་བསྟན་བཅོས་འདིས་ཐམས་ཅད་ཡོད་སྨྲ་བའི་ལྟ་གྲུབ་ཀྱི་རྨང་རྫོགས་པར་བཏིང་བ་དང་། མངོན་པ་མཛོད་ཀྱིས་མཚོན་ཕྱིས་ཀྱི་ཐམས་ཅད་ཡོད་སྨྲ་བའི་མངོན་པའི་བསྟན་བཅོས་མི་ཉུང་བ་ཞིག་འདིའི་སྡོམ་ལྟ་བུ་བྱུང་བར་བཤད་པས་གལ་ཆེ་བ་ཡིན་ཕྱིར། དམིགས་བསལ་འདིར་དོ་སྣང་བྱེད་དགོས་པར་གོང་གི་རྒྱ་འགྱུར་དེ་གཉིས་ཀྱི་མཛད་བྱང་དུ། དང་པོར་ཀ་ཏྱཱ་ནིའི་བུས་དང་གཉིས་པར་དགྲ་བཅོམ་པ་ལྔ་བརྒྱས་བསྡུས་པར་བཀོད་པ་དང་། གཞན་བཀའ་བརྒྱད་རྣམ་བཤད་ལས།[4] སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ན། ཡུལ་ཡངས་པ་ཅན་དུ་ཉན་ཐོས་སྡེ་པ་ཐ་དད་པའི་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་བམ་པོ་སུམ་བརྒྱ་པ་མཛད་པ་བསྟན་པ་འདིའི་བསྟན་བཅོས་ཀྱི་ཐོག་མ་ཡིན་ལ། ཞེས་གསུངས་པས་འགྱུར་དང་གཞུང་འདི་དག་གི་བམ་གྲངས་ཀྱི་ཆ་ནས་ཀྱང་དང་པོ་ལ་བམ་པོ་དྲུག་ཅུ་དང་གཉིས་པར་བམ་པོ་ཉིས་བརྒྱ། འདིར་བམ་པོ་སུམ་བརྒྱ་དང། དེ་བཞིན་བསྟན་བཅོས་ཀྱི་ཐོག་མ་ཡིན་མིན་དང་མཛད་པ་པོ་སོགས་ནི་དཔྱད་གཞི་གལ་ཆེན་ཞིག་ཏུ་སེམས་སོ།།

དེ་ནས་བྱེ་བྲག་བཤད་མཛོད་ཆེན་མོའི་སྡོམ་ལྟ་བུ་མངོན་པ་མཛོད་ནི། ཐམས་ཅད་ཡོད་སྨྲ་བའི་མངོན་པའི་སྡོམ་གྱི་རྩེ་མོར་ཕྱིན་པས་དེ་ལས་ལྷག་མངོན་པའི་སྡོམ་རྩོམ་མི་དགོས་པར་བརྟེན་སློབ་དཔོན་དབྱིག་གཉེན་རྗེས་ཀྱི་མཁས་པ་དག་གིས་མཛོད་ཀྱི་འགྲེལ་བཤད་ལ་ཤུགས་སྐྱོན་པར་བཤད་ཅིང་། འདིར་ཆེས་གལ་ཆེ་བ་ནི་མངོན་པ་མཛོད་ཀྱི་ཁུངས་སམ་བཤད་བྱ་རྩ་བའི་གཞུང་སྟེ། སྤྱིར་བྱེ་བྲག་བཤད་མཛོད་ཆེན་མོ་ནས་འདིའི་བར་ལ་ཆོས་མངོན་བདུད་རྩིའི་རོ་ཞེས་པའི་བསྟན་བཅོས་གལ་ཆེན་གཅིག་དང་། ཐམས་ཅད་ཡོད་སྨྲ་བའི་ལྟ་གྲུབ་མངོན་པའི་སྡོམ་གྱི་ཐོག་མ་སྤྱི་ལོ་ ༣༩༡ ལོར་རྒྱའི་ལོ་ཙཱ་བ་དགེ་འདུན་ལྷས་བསྒྱུར་བའི་སློབ་དཔོན་ཆོས་མཆོག་གིས་མཛད་པའི་ཆོས་མངོན་པའི་སྙིང་པོ། དེའི་འགྲེལ་པ་སློབ་དཔོན་ཉེ་བར་ཞི་བས་མཛད་པའི་ཆོས་མངོན་སྙིང་པོའི་བསྟན་བཅོས་སོགས་ཀྱི་བྱུང་རིམ་ཡོད་པར་བཤད་མོད། མངོན་པ་མཛོད་ཀྱི་བཤད་བྱ་རྩ་བའི་མདོ་ནི། སློབ་དཔོན་ཆོས་སྐྱོབ་ཀྱི་ཆོས་མངོན་ཕྲན་ཚེགས་སྙིང་པོ་རུ་ངོས་བཟུང་སྟེ། དེ་ཡང་མངོན་པ་མཛོད་དང་དེ་གཉིས་ཀྱི་གནས་འདྲ་བ། ཤོ་ལོ་ཀ་འདྲ་བ། མཛད་པ་པོ་གཉིས་ཀྱི་འཁྲུངས་ཡུལ་དང་གནས་གཅིག་ལ་མཉམ་བཞུགས་མྱོང་བ་སོགས་ཀྱི་འབྲེལ་བ་བཅས་གཙོ་བོ་རྒྱུ་མཚན་གསུམ་གྱིས་སྒོ་ནས་བཤད་བྱ་རྩ་བའི་མདོ་རུ་བཤད་དོ།།

གཉིས་པ། ཐོབ་པའི་ཁུངས་སམ་སྒྲུབ་བྱེད་འཚོལ་བ།

སྤྱིར་ནང་བསྟན་གྱི་ལོ་རྒྱུས་བརྒྱུད་རིམ་ལ་བལྟས་ན་གྲུབ་མཐའ་བཞི་ལ་ཁྱད་པར་མེད་པར་ཁུངས་ནི་ཤིིན་ཏུ་གཙིགས་སུ་འཛིན་པ་སྟེ། བཀའ་བསྡུ་དག་གི་རྣམ་གཞག་ཀྱང་ཁུངས་སམ་ཡང་སྙིང་སངས་རྒྱས་ཀྱི་བཀའ་དངོས་དེ་གང་ཡིན་མིན་རྩད་གཅོད་ཀྱི་བརྒྱུད་རིམ་ཞིག་ཡིན། ལྷག་ཏུ་གྲུབ་མཐའི་རྒྱ་ལས་བརྒལ་བའི་དོན་དངོས་ལ་གནས་ཐུབ་མིན་གང་ལྟར་ཡང་། བྱེ་བྲག་སྨྲ་བའི་ལྟ་གྲུབ་ལ་མཚོན་ན་རྣམ་གཞག་ཕལ་མོ་ཆེ་ལ་མདོ་ཡི་ཁུངས་ཡོད་པ་མ་ཟད། སྒྲུབ་བྱེད་ཀྱང་ལས་དང་པོ་པའི་བློ་ལ་འཐད་པའི་ཐ་སྙད་དཔྱོད་པའི་རྣམ་གཞག་གི་སྒྲོམ་ཤིན་ཏུ་སྙིང་རྗེ་ཞིང་ཚགས་ཚུད་པོ་ཡོད་དེ། དཔེར་ན་འདིར་བཤད་པའི་ཐོབ་པ་ལྟ་བུ་ལ་མཚོན་ན་ཡང་དང་པོ་ལུང་ནི། བྱེ་བྲག་བཤད་མཛོད་ཆེན་མོོར་མདོ་ལུང་དྲངས་པ་ལས། གལ་ཏེ་ལྡན་པའི་ངོ་བོ་ཉིད་རྫས་སུ་མེད་ན་མདོ་དང་འགལ་བར་འགྱུར་ཏེ། ཇི་སྐད་དུ།[5] སློབ་པ་དག་ཡན་ལག་བརྒྱད་དང་ལྡན་པ་དང་། ཟག་པ་ཟད་པའི་དགྲ་བཅོམ་པ་ནི་ཡན་ལག་བཅུ་དང་ལྡན་པའོ་ཞེས་པ་ལྟར་ཞེས་དང་། ཡང་གལ་ཏེ་ལྡན་པ་རྫས་སུ་མེད་ན་མདོ་གཞན་དང་འགལ་བར་འགྱུར་ཏེ། མདོ་གཞན་ལས།[6] གང་ཟག་འདི་ནི་དགེ་བའི་ཆོས་དང་མི་དགེ་བའི་ཆོས་དང་ལྡན་པ་པའོ་ཞེས་གསུངས་པ་ལྟར་ཞེས་དང་། ཡང་གལ་ཏེ་རྫས་སུ་ཡོད་པ་མ་ཡིན་ན། མདོ་གཞན་དང་ཡང་འགལ་བར་འགྱུར་ཏེ། ཇི་སྐད་དུ།[7] དགེ་སློང་གང་དག་དམ་པའི་ཆོས་བདུན་དང་ལྡན་པ་ན་མཐོང་བའི་ཆོས་ལ་དགའ་བ་དང་བདེ་བ་མང་དུ་གནས་པར་འགྱུར་རོ། །ཞེས་དང་། ཡང་གལ་ཏེ་རྫས་སུ་ཡོད་པ་མ་ཡིན་ན། མདོ་གཞན་དང་ཡང་འགལ་བར་འགྱུར་ཏེ། ཇི་སྐད་དུ།[8] དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྟོབས་བཅུ་དང་ལྡན་པའོ། །ཞེས་དྲངས་པའི་མདོ་འདི་དག་ལ་ཉུལ་ཏེ་རེ་རེ་ནས་བཀའ་འགྱུར་ཁྲོད་དུ་ཁུངས་སྐྱེལ་བའི་སྐལ་བ་མ་བྱུང་ཡང་མཛོད་རང་འགྲེལ་གཙོས་མཛོད་འགྲེལ་དག་ཏུ་དྲངས་པའི་ལུང་དང་པོ་གཞིར་བྱས། མདོ་གཞན་དུ་ཞེས་དྲངས་སྟངས་ལ་བལྟས་ན་ཐོབ་པ་བཤད་པའི་སྐབས་མདོ་མི་འདྲ་བ་བཞི་ལ་ཁུངས་བཅོལ་ཏེ་ཐོབ་པ་བཤད་པར་སྙམ་མོ།།

གཉིས་པ་རིགས་པ་ནི། བྱེ་བྲག་བཤད་མཛོད་ཆེན་མོ་ལས།[9] ཡང་གལ་ཏེ་ལྡན་པ་རྫས་སུ་མ་ཡོད་ན། ཉེས་པ་གཞན་ཡང་ཡོད་དེེ། སོ་སོ་སྐྱེ་བོ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བར་འགྱུར་བ་དང་། དགྲ་བཅོམ་པ་རྣམས་སོ་སོོ་སྐྱེ་བོ་ཞེས་བྱ་བར་འགྱུར་ཏེ། འདི་ལྟར་སོ་སོའི་སྐྱེ་བོ་རྣམས་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་སྐྱེ་བ་དང་སེམས་མེད་པའི་ཚེ་ལུས་ལ་ཉོན་མོངས་པ་ད་ལྟ་བ་མེད་ཅིང་། འདས་པ་དང་མ་འོངས་པ་དག་དང་ཡང་མི་ལྡན་པས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཞེས་བརྗོད་པར་མི་འགྱུར་རམ། དགྲ་བཅོམ་རྣམས་ཟག་པ་དང་བཅས་པའི་སེམས་སྐྱེ་བ་དང་སེམས་མེད་པའི་ཚེ་འཕགས་པའི་ལམ་ད་ལྟ་བ་མེད་ཅིང་། འདས་པ་དང་མ་འོངས་པ་དག་དང་ཡང་མི་ལྡན་པས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བར་འགྱུར་ཞེས་བརྗོད་པར་མི་འགྱུར་རོ། །དེ་ལྟ་ན་ཉེས་པ་ཆེན་པོར་འགྱུར་བས། དེའི་ཕྱིར་ལྡན་པ་ནི་གདོན་མི་ཟ་བར་རྫས་སུ་ཡོད་དོ། །ཞེས་དང་། གཞན་ཆོས་མངོན་པ་མཛོད་ཀྱི་མཚན་ཉིད་རྗེས་སུ་འབྲང་བ་ལས།[10] ཐོབ་པ་ནི་གང་ཞིག་ཡོད་ན་མངོན་དུ་མ་གྱུར་པ་ཡང་ཆུད་མི་ཟ་བར་འགྱུར་བའི་ཆོས་ཞིག་གོ །ང་འདིར་ཁུངས་ནི། སོ་སོར་ཐོབ་པ་ཀུན་ལྡན་ན། །ཞེས་བྱ་བ་འདི་ཡིན་ནོ། །ཞེས་མདོར་བསྡུས་ནས་བཤད་ན། མཐོང་ཐོས་སུ་གྱུར་བའི་བྱེ་བྲག་བཤད་མཛོད་ཆེན་མོའི་ལུང་བཞི་དང་མཛོད་འགྲེལ་གཞན་དག་ལས་ཅུང་དམིགས་བསལ་ཏུ་བཀོད་པའི་མཚན་ཉིད་རྗེས་སུ་འབྲང་བའི་མདོའི་ཁུངས་དང་། དེ་བཞིན་བྱེ་བྲག་བཤད་མཛོད་ཆེན་མོ་དང་མཛོད་རང་འགྲེལ་གྱི་གཙོས་རྒྱ་བོད་ཀྱི་མཛོད་འགྲེལ་མི་ཉུང་བར་གསལ་བའི་ཐོབ་པ་མེད་ན་སྐྱེ་འཕགས་ཀྱི་ཁྱད་པར་ཕྱེ་མི་ཐུབ་པར་ཐལ་བ་སོགས་ཀྱི་རིགས་པ་དག་གོ།

དེ་མིན་རང་གི་མཐོང་ཐོས་སུ་གྱུར་བའི་ཐོབ་པ་འགོད་སྔ་ཤོས་སམ་ཁུངས་དང་པོ་ནི། དེང་རབས་ཉམས་ཞིབ་པ་དག་གིས་དཔྱད་འབྲས་ལ་ཡིད་རྟོན་རུང་ན། ཡེ་ཤེས་ལ་འཇུག་པ་སྟེ་གོང་དུ་བཤད་པ་ལྟར་བྱེ་བྲག་བཤད་མཛོད་ཆེན་མོའི་སྔོན་དུ་བརྩམས་ཤིང་། བསྟན་བཅོས་དེ་ལས་[11]ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས། བམ་པོ་བཅུ་བདུན་པ། སྙོམས་པར་འཇུག་པའི་ཕུང་པོ་བདུན་ལས། ཐོབ་པའི་སྡེ་ཚན་དང་པོ་བ་བཞུགས་སོ། །ཞེས་བམ་པོ་བཅུ་བདུན་པ་རུ་ཐོབ་པ་ཞིབ་ཀྱིས་གསུངས་པ་དེ་ཡིན་ལ། སྤྱིར་ཐོབ་པ་ཡོང་སྟངས་ཀྱང་། བྱེ་བྱག་སྨྲ་བའི་ལྟ་གྲུབ་ཀྱི་རྩ་བའི་སྡོམ་ལྟ་བུ་ཤེས་བྱ་གཞི་ལྔ་ལས་ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི་དང་འབྲེལ་ཆེ་ཞིང་། དེ་བཞིན་བྱེ་བྲག་བཤད་མཛོད་ཆེན་མོ་རུ་གོང་དུ་དྲངས་པའི་ལུང་རིགས་གཉིས་ཀྱི་སྒོ་ནས་སྒྲུབ་ཅིང་། དེ་མིན་གོང་དུ་དྲངས་ཟིན་པའི་ཡེ་ཤེས་ལ་འཇུག་པ་ཕུད་དེ་ལས་ཀྱང་ཡར་དེད་ན་མངོན་པ་སྡེ་གཞན་སོགས་དང་སྦྱར་ནས་ད་དུང་དཔྱད་དུ་ཡོད་མེད་སོགས་ལ་གཞིག་ཏུ་ཡོད་པ་འདོད་དོ།།

དེ་བཞིན་མཛོད་རྩ་འགྲེལ་དུ་ཐོབ་པའི་ངོ་བོ་དང་ཐོབ་པ་རྒྱུད་དུ་གཏོོགས་མིན། དུས་དང་དགེ་སོགས་ཀྱི་ཁྱད་པར། ཁམས་གང་དུ་ཡོད་མེད་དང་སློབ་མི་སློབ་གང་ཡིན་གྱི་ཁྱད་པར། དེ་བཞིན་སྤང་བྱ་ཡིན་མིན་དང་ཐོབ་པ་སྔ་ན་ཡོད་མེད་ཀྱི་ཁྱད་པར་སོགས་རྣམ་གཞག་བརྒྱད་ཀྱི་སྒོ་ནས་གསུངས་པ་དང་དེའི་རྗེས་ཀྱི་རྒྱ་བོད་ཀྱི་མཛོད་འགྲེལ་མི་ཉུང་བ་ཞིག་ཏུ་ཡང་ཚིག་རིས་ཙམ་མ་གཏོགས་ཁྱད་པར་ཆེར་མི་འདུག་པ་འདྲ་ལ། མཛོད་རྩ་བ་ལས།[12] ཐོབ་པ་རྙེད་དང་ལྡན་པའོ། །ཞེས་ཐོབ་པའི་ངོ་བོའི་སྐབས། བྱེ་བྲག་བཤད་མཛོད་ཆེན་མོ་ལས།[13] འདི་ལ་ཐོབ་པའི་སྒྲ་ནི་ཇི་ཞིག་བསྟན་པར་འདོད་ཅེ་ན། འདི་ལྟར་རྙེད་པ་དང་ལྡན་པ་དག་གོ །ཞེས་གསུངས་པ་བཞིན་ཚིག་རིས་ཀྱང་ཤིན་ཏུ་འདྲ་ལ་དེ་བཞིན་རྣམ་གཞག་གཞན་བདུན་པོ་ཡང་བྱེ་མཛོད་ཀྱི་བམ་པོ་བརྒྱ་དང་ང་བདུན། ང་བརྒྱད། ང་དགུ་དག་ཏུ་རྗོད་བྱེད་ཀྱི་ཆ་ཡང་ཕལ་ཆེར་རྒྱས་བསྡུས་མ་གཏོགས་ཡོད་པ་འདྲ་ཡང་ཚིག་ཚོགས་ལ་འཇིགས་ནས་འདིར་མ་སྤྲོས་སོ། །འདི་ལྟར་བསྡུར་ནས་བལྟ་ཐུབ་ན་གོང་དུ་དེང་དུས་ཀྱི་ཉམས་ཞིབ་པས་གསུངས་པ་བཞིན་མངོན་པ་མཛོད་ནི་ཐམས་ཅད་ཡོད་པར་སྨྲ་བའི་ལྟ་གྲུབ་ཀྱི་སྡོམ་གྱི་རྩེ་མོ་ཡིན་ཞེས་པ་ལ་ཡང་ལྟད་མོ་ཆེ་བར་འདོད་དོ།།

གསུམ་པ། ཐོབ་པ་དང་བྱེ་བྲག་སྨྲ་བའི་ཐུན་མིིན་གྲུབ་མཐའི་སྒྲོམ་གྱི་འབྲེལ་དང་དེའི་དགོས་པ་འཚོལ་བ།

སྤྱིར་བྱེ་བྲག་སྨྲ་བའི་ལྟ་གྲུབ་ཀྱི་སྒྲོམ་དང་ཐོབ་པ་གཉིས་བར་ཞིབ་ཏུ་དཔྱད་འཚོལ་བྱུང་ན་འབྲེལ་བའི་ཆ་ཤིན་ཏུ་མང་པོ་ཡོད་སྲིད་མོད། འདིར་གནད་ཆེ་བའི་ཐུན་མིན་ལྟ་གྲུབ་ཀྱི་མཚན་གཞི་འགའ་དང་སྦྱར་ནས་བལྟས་ན། དང་པོ་ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་དུ་གསུངས་པའི་བྱེ་སྨྲའི་ཐུན་མིན་གྱི་འདོད་པ་བདུན་ལས་ཆུད་མི་ཟ་བའི་རྫས་ནས་འགོ་བཙུགས་ན། དེ་ཡང་མཚན་ཉིད་རྗེས་སུ་འབྲང་བ་ལས།[14] ཐོབ་པ་ནི་གང་ཞིག་ཡོད་ན་མངོན་དུ་མ་གྱུར་པ་ཡང་ཆུད་མི་ཟ་བར་འགྱུར་བའི་ཆོས་ཞིག་གོ །ཞེས་གསུངས་པ་བཞིན་ཆུད་མི་ཟ་བའི་རྫས་དང་འདི་གཉིས་ཡིན་ཁྱབ་མཉམ་ཡིན་མིན་དཔྱད་པའི་གཞི་ཡིན་མོད། ཆུད་མི་ཟ་བའི་རྫས་ལ་དབུ་མ་རྩ་ཤེས་ཀྱི་ཕྱོགས་སྔ་འགོད་སྟངས་ལ་གཞིགས་ན། གཙོ་བོ་ནང་པའི་ལྟ་གྲུབ་ཀྱི་མཐིལ་ལྟ་བུའི་བདག་མེད་གཏན་ལ་འབེབས་པ་དང་འབྲེལ་ཆེ་ཞིང་། དེ་ཡང་གཙོ་བོ་བདག་མེད་གཏན་ལ་འབེབས་སྐབས། སྟོང་པ་གཏན་མེད་དུ་གོ་ནས་སྟོང་བཞིན་དུ་སྣང་བའམ་སྟོང་པ་རྟེན་འབྱུང་དུ་འཆར་བར་དང་ལེན་མ་ཐུབ་ཕྱིར། གཙོ་བོ་ཆད་ལྟར་ལྷུང་བར་འཇིགས་ཏེ་ལས་འབྲས་བསླུ་མེད་དགོས་པར་དེའི་རྟེན་བུ་ལོན་གྱི་དཔང་པོའི་གན་རྒྱའི་ཡི་གེ་ལྟ་བུ་ཆུད་མི་ཟ་བའི་རྫས་ཟེར་བ་ལས་དང་པོ་པའི་བློ་ལ་འཆར་བདེ་བ་ཞིག་བཞག་ཅིང་། དེ་ཡང་ཞིབ་ཏུ་བརྟགས་ན་སློབ་དཔོན་གང་སྤེལ་གྱིས་གསུངས་པ་བཞིན་འདི་པའི་ལུགས་ལ་ཐོབ་བྱའི་ཆོས་ལས་འབྲས་བསླུ་མེད་ཀྱི་རྟེན་ནམ་ལྡན་བྱེད་ཀྱི་རྫས་ཐོབ་པ་ལས་ལོགས་སུ་མེད་པར་སྙམ་མོ།།

གཉིས་པ་ནི་བྱེ་བྲག་སྨྲ་བའི་གྲུབ་མཐའི་སྙིང་པོར་བཤད་ཆོག་པའི་དུས་གསུམ་རྫས་གྲུབ་སྟེ། དེ་ཡང་མཛོད་རྩ་བ་ལས།[15] དུས་རྣམས་ཀུན་ཏུ་ཡོད་གསུངས་ཕྱིར། །གཉིས་ཕྱིར་ཡུལ་ཡོད་ཕྱིར་འབྲས་ཕྱིར། །དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་བར་འདོད། །ཅེས་དུས་གསུམ་རྫས་གྲུབ་ཏུ་བསྒྲུབ་པ་ལ་ལུང་རིགས་གཉིས་བཀོད་ཅིང་རིགས་པ་གཙོ་བོ་ནི་རྩ་བར“འབྲས་ཕྱིར”ཞེས་པས་བསྒྲུབས་ཤིང་། དེ་ཡང་མཛོད་རང་འགྲེལ་དང་སྦྱར་ནས་ཕར་དེད་ན་ཚེ་འདི་ཕྱིའི་རྒྱུ་འབྲས་བསླུ་མེད་འཇོག་སྟངས་ཀྱི་གནད་ལ་ཐུག་པས་འདིའང་གོང་གི་རྩ་ཤེས་ཀྱི་ཕྱོགས་སྔའི་ཆུད་མི་ཟ་བའི་རྫས་དང་མཚུངས་ལ། དུས་གསུམ་རྫས་སུ་གྲུབ་པ་ཁས་ལེན་པའི་གནད་ཀྱང་གོང་གི་འབྲས་ཕྱིར་ཞེས་པའི་རིགས་པ་དེས་བསྒྲུབས་ཡོད་ཅིང་། དེ་བཞིན་དུས་གསུམ་རྫས་གྲུབ་ཀྱི་དཔེ་དག་དང་ཆོས་དེའི་ད་ལྟ་བའི་དུས་སུ་སྐྱེ་ལ་འགག་པ་དང་སྐྱེ་བར་འགྱུར་བའི་འདས་མ་འོངས་གཉིས་རྫས་སུ་གྲུབ་པར་ཁས་ལེན་ན་དེ་ལྡན་བྱེད་ཀྱི་རྫས་སུ་ཐོབ་པ་དང་མ་འབྲེལ་ཐབས་མེད་ལྟ་བུའོ།།

གསུམ་པ། མཛོད་རྩ་བ་ལས།[16] གཟུགས་མེད་པ་ན་གཟུགས་མེད་དོ། །གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །ཞེས་པ་སྟེ། འདི་ནི་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་ནང་བསྟན་ལྟ་གྲུབ་སྤྱི་དང་སྦྱར་ན་ཧ་ཅང་གལ་ཆེ་ཞིང་། རྣམ་འགྲེལ་ལས་[17]ཀྱང་དབུགས་འབྱུང་རྔུབ་དང་དབང་པོ་བློོ་གསུམ་ཆ་རང་གི་རིགས་འདྲ་སྔ་མར་ལྟོས་པ་གསུངས་པ་དང་། བྱེ་བྲག་སྨྲ་བའི་ཐུན་མིན་གྱི་འདོད་པ་ཞིག་སྟེ། འདིའི་ཐད་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ་ལས།[18] ད་ནི་ཇི་ལྟར་ན་དེ་ནས་ཤི་འཕོས་པ་རྣམས་ཀྱི་གཟུགས་བསྐལ་པ་མི་ཉུང་བ་ཞིག་ཏུ་གཟུགས་རྒྱུན་ཆད་པ་ལས་ཀྱང་སྐྱེ་བར་འགྱུར་ཞེ་ན། གཟུགས་ནི་སེམས་ལས་སྐྱེ། གཟུགས་ནི་དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འདུ་འཕྲོད་རྙེད་པ་ལས་སྐྱེའོ། །ཞེས་དང་། དེ་བཞིན་དུ་རྒྱ་ཆེར་འགྲེལ་ལས།[19] གཟུགས་མེད་པ་དག་ནས་གཟུགས་དག་ཏུ་སྐྱེ་བ་རྣམས་ལ། གཟུགས་དང་མཐུན་པའི་སེམས་ཀྱི་རྒྱུན་ཉིད་གནས་ལ། དེ་ཉིད་དེ་དག་གི་འཆི་སྟེ་ཡིན་ནོ་ཞེས་སྨྲ་སྟེ། དེའི་ཕྱིར་སྔར་གཟུགས་དང་ལྷན་ཅིག་སྤྱོད་པའི་སེམས་ཀྱི་རྒྱུད་ཀྱི་རྐྱེན་གྱིས་སྔར་འགགས་ལས་གཟུགས་སྐྱེ་སྟེ། སྐལ་བ་མཉམ་པའི་རྒྱུ་ནི་འདས་དང་ད་ལྟར་བྱུང་བ་ཁས་བླངས་པའི་ཕྱིར་རོ། །ཞེས་སློབ་དཔོན་བློ་གྲོས་བརྟན་པ་དང་གང་སྤེལ་གཉིས་ཀྱིས་གཅིག་མཚུངས་སུ་གསུངས་ཤིང་རྒྱལ་སྲས་ཀྱི་གཞུང་དུ་ཁ་གསལ་མེད་ཀྱང་། མཆིམས་ཆེན་ན་ཁ་གསལ་དུ་བཏང་སྟེ་གཟུགས་མེད་དུ་གཟུགས་ཀྱི་སེམས་མངོན་དུ་གྱུར་ན་བྱེ་སྨྲའི་ལུགས་ལ་དེ་འཆི་ལྟས་སུ་བཤད་ཅིང་། གཟུགས་སེམས་ལས་སྐྱེ་ཚུལ་ཡང་ལྷན་ཅིག་བྱེད་རྐྱེན་ལས་དང་། ཉེར་ལེན་འདོད་གཟུགས་སུ་ཡོད་པའི་འབྱུང་བཞི་བཞག་པས། རྣམ་ཤེས་མིན་པས་རྣམ་ཤེས་ཀྱི་ཉེར་ལེན་མི་བྱེད་པའི་སྒྲོམ་དང་མཐུན་པའི་རྣམ་གཞག་ཅིག་གསུངས་འདུག་ཀྱང་། ཆོས་དེའི་ཉེར་ལེན་ལ་དེའི་རྒྱུ་གཙོ་བོའམ་ངོ་བོ་སྐྱེད་བྱེད་ཅིག་དགོས་ཤིང་ལྷག་ཏུ་མཛོད་ཀྱི་དབང་དུ་བྱས་ན། བསྐལ་བ་གཅིག་གི་བཅུད་ཀྱི་འགྲོ་བ་བྱུང་སྟངས་དེ་ཡས་རིམ་ནས་ཡིན་ཕྱིར། གཟུགས་མེད་ནས་འཕོས་ཏེ་ཁམས་འོག་མའི་གཟུགས་སྐད་ཅིག་དང་པོའི་ཡང་ལྷན་ཅིག་བྱེད་རྐྱེན་དང་ཉེར་ལེན་འཇོག་སྟངས་དེ་ལས་མ་འདས་པ་དགོས་སྟབས། ཡང་མིན་ན་ཤེས་པ་ཞིག་གིས་ཉེར་ལེན་བྱེད་པར་འདོད་ན་མ་གཏོགས། དེ་མིན་སྔོན་གྱི་བསྐལ་བ་གཞན་ཞིག་གི་འདོད་གཟུགས་ཁམས་ཀྱི་འབྱུང་བ་བཞིས་དེའི་ཉེར་ལེན་བྱེད་སྟངས་མེད་སྟབས། དེའི་རྒྱུ་ལ་ཐོབ་པ་ལྟ་བུ་གཟུགས་མེད་རྫས་གྲུབ་ཅིག་མ་བཞག་ན་ཐབས་མེད་ཅིང་། གཞན་འདིའི་ལུགས་ལ་མཆིམས་ཆེན་དུ་གསུངས་པའི་ཉེར་ལེན་ཡོད་མེད་ཀྱང་དཔྱད་པའི་གཞི་རུ་སྙམ་སྟེ་རྒྱུ་ལྔ་དང་རྐྱེན་དྲུག་ཏུ་ཉེར་ལེན་གྱི་རྒྱུ་མི་གསལ་བའི་ཕྱིར་རོ།།

དེའི་ཕྱིར་འདི་པའི་ལུགས་ལ་ཐོབ་པ་བཞག་པའི་དགོས་པ་ནི། བཤད་མ་ཐག་པའི་ཐུན་མིན་ལྟ་གྲུབ་ཀྱི་གནད་དང་འབྲེལ་བ་མ་ཟད། གཞན་ཐོབ་པ་མེད་ན་སྐྱེ་འཕགས་ཀྱི་རྣམ་གཞག་འཇོག་མི་ཐུབ་པ་སོགས་གོང་དང་ལུང་རིགས་གཉིས་ཀྱིས་བསྒྲུབས་པ་ལྟར་དང་། དེ་བཞིན་སྙོམས་འཇུག་གཉིིས་དང་སྤང་བྱ་སྤོང་ཚུལ། དེེ་བཞིན་སྡོམ་པ་གསུམ་དང་ཐ་ན་ཆོས་མངོན་པ་འཇོག་ཚུལ་ཡན་ཆད་ལ་རྗེས་འབྲང་གི་ཐོབ་པ་དགོས་སྟབས། ཆེ་ས་ནས་རྣམ་གཞག་དེ་དག་དང་འབྲེལ་བའི་ཐོབ་བྱའི་ཆོས་ཁལ་ལྟ་བུ་དེ་ཐོབ་པ་ལ། དེ་ཐོབ་བྱེད་དུ་ཁལ་འགེལ་བྱེད་ཀྱི་ཐག་པ་ལྟ་བུ་ཐོབ་པ་ནི་མེད་ཐབས་མེད་པ་མ་ཟད། འདི་པའི་ལུགས་ལ་ནུས་པ་དང་བག་ཉལ་ས་བོན་ལྟ་བུའི་ལྡན་མིན་འདུ་བྱེད་ཅིག་ཁས་མི་ལེན་ཕྱིར་དེའི་ཚབ་ལྟ་བུ་ཐོབ་པ་ལ་ཐུག་ཡོད་པར་འདོད་པས། ཐོབ་པ་ནིི་ལུང་རིགས་གཉིས་ཀྱིས་བསྒྲུབས་པ་ལྟར་ལུགས་འདི་ལ་ཤིན་དུ་གལ་ཆེ་བར་སྙམ་མོ།།

བཞི་པ། ཞར་བྱུང་ཐོབ་པའི་རྣམ་གཞག་ཉམས་དམའ་བར་འགྲོ་བའི་རྒྱུ་མཚན་འཚོལ་བ།

སྤྱིར་ལས་དང་པོ་བ་དང་ཆོས་རྣམས་ཀྱི་རྒྱུན་ལ་རྟག་འཛིན་གྱི་རྒྱ་རུ་ཚུད་པའི་གང་ཟག་རང་ལྟ་བུར་མཚོན་ན། བཙུན་པ་ཆོས་སྐྱོབ་དང་དབྱངས་སྒྲོགས། བཙུན་པ་དབྱིག་བཤེས་དང་སངས་རྒྱས་ལྷ་བཞི་ཀའི་དུས་གསུམ་རྫས་གྲུབ་ཀྱི་དཔེ་དག་ཧ་ཅང་ཡིད་དུ་འོང་ཞིང་། དེ་མཚུངས་ཐོབ་པ་ལ་ཡང་ཁལ་འགེལ་བྱེད་ཀྱི་ཐག་པའི་དཔེ་དང་། ཐོབ་པ་དུས་གསུམ་ལ་སློབ་དཔོན་གང་སྤེལ་གྱི་མཛོད་འགྲེལ་དུ་གསལ་བའི་བེའུ་ལྟ་བུ་རྗེས་སུ་འབྲང་བ་དང་ཁྱུ་མཆོག་འདྲ་བ་སྔོོན་དུ་འགྲོ་བ། གཞན་ཞལ་རྒྱུན་དུ་གྲག་པའི་གྲིབ་མ་ལྟ་བུ་མཉམ་དུ་འགྲོ་བའི་དཔེ་སོགས་ཧ་ཅང་ཡིད་འཕྲོག་ཅིང་ཡིན་འོས་པ་ལྟ་བུ་ཞིག་ཡོད་ལ། སྤྱིར་ཐ་སྙད་དུ་རྫས་སུ་མ་གྲུབ་པའི་བཏགས་ཡོད་ཙམ་ནི་བཤད་པ་ལ་དགག་བྱ་ཡང་མེད་པ་འདྲ་མོད། བྱེ་སྨྲས་མཐའ་གཅིག་ཏུ་རྫས་གྲུབ་འདོད་པས་དངོས་པོའི་གནས་ལུགས་ནི་ཡིད་འཕྲོག་པ་ཙམ་གྱིས་འཇོག་ཐུབ་པ་ཞིག་མ་ཡིན་ཕྱིར། དབུ་མ་རྩ་བ་ཤེས་རབ་ལས།[20] གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟད་མི་འགྱུར་རོ། །ཞེས་པ་དང་། མཛོད་རང་འགྲེལ་ལས།[21] མདོ་ལས་གསུངས་པའི་མི་སློབ་པའི་ཆོས་བཅུ་པོ་ལྡན་པའི་ཚིག་ཙམ་གྱིས་ཐོབ་པ་བསྒྲུབ་ནུས་ན། བྱེ་བྲག་སྨྲ་བའི་མི་འདོད་པའི་སེམས་ཅན་དུ་མི་སྟོན་པ་རིན་པོ་ཆེ་སྣ་བདུན་དང་གང་ཟག་རྒྱུད་གཞན་ལ་ཡང་ཐོབ་པ་ལྡན་པར་ཐལ་བ་དང་། ཡང་བྱེ་བྲག་སྨྲ་བས་རིན་པོ་ཆེ་སྣ་བདུན་ལ་ལྡན་པ་ནི་དབང་བ་དང་གོང་དུ་ཐོབ་པ་ལྡན་པ་རྫས་སུ་ཡོད་པར་འདོད་པ་ལ། ལུང་དུ་ལྡན་པ་ཙམ་བཤད་པ་ལ་འདྲ་བས་སྒྲུབ་བྱེད་གཞན་མེད་ཕྱིར་རང་དགར་བཤད་པ་སྟེ། ཐོབ་པ་ནི་གཟུགས་དང་སྒྲ་ལྟར་མངོོན་སུམ་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལྟར་རང་རིག དེ་བཞིན་མིག་ལ་སོགས་པའི་བྱ་བ་ལྟར་ཡང་མི་སྣང་བས་མངོན་རྗེས་གང་གིས་ཀྱང་རྫས་སུ་བསྒྲུབ་མི་ནུས་པའི་ཕྱིར་དང་། ཡང་བྱེ་སྨྲས་ཐོབ་པ་གལ་ཏེ་སྐྱེ་བའི་རྒྱུ་ཙམ་ལ་བཤད་ན་འགོག་པ་གཉིས་ཀྱི་འདུས་མ་བྱས་ཀྱིས་མ་ངེས་པ་དང་། གཞན་སོ་སྐྱེས་རྒྱུད་ལ་ཟག་མེད་ཀྱི་ཁྱུ་མཆོག་ལྟ་བུ་ཐོབ་པ་མེད་པས་དེའི་འབྲས་བུ་མཐོང་ལམ་རང་གི་རྒྱུད་ལ་ནམ་ཡང་མི་ཐོབ་པ་དང་། ས་འཕོས་པར་འོག་མིའི་ཐོབ་པ་གཏོང་དགོས་པ་དང་ས་འོག་མར་འདོད་ཆགས་བྲལ་སྐབས་དེའི་ཐོབ་པ་བཏང་ཟིན་ཕྱིར། སླར་ཡང་རང་གི་འདོད་པ་ལྟར་དེ་ལ་སྐྱེ་བ་མེད་པར་ཐལ་ཏེ་དེའི་རྒྱུ་ཐོབ་པ་བཏང་ཟིན་པའི་ཕྱིར་རོ། །ཡང་བྱེ་བྲག་སྨྲ་བས་ཐོབ་པ་ནི་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་པར་ལྷན་ཅིག་སྐྱེས་པའི་རྒྱུ་རུ་བཤད་ན། དེ་ལྟར་ན་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སོགས་དོན་མེད་པར་འགྱུར་ཏེ་ལྷན་ཅིག་སྐྱེས་པའི་ཐོབ་པས་བསྐྱེད་པའི་ཕྱིར་དང་། གཞན་འཆིང་བ་ཀུན་ལྡན་པའི་རྒྱུད་ཀྱི་ཉོན་མོངས་ལ་ཆེ་འབྲིང་ཆུང་གསུམ་སོགས་དབྱེ་བ་མི་འཐད་དེ། ཐོབ་པ་བྱེ་བྲག་པ་མེད་པའི་ཕྱིར་དང་། གལ་ཏེ་དེ་དག་ལ་གོམས་པ་ཆེ་ཆུང་སོགས་ཀྱི་རྒྱུ་གཞན་འདོད་ན་ཐོབ་པ་དེ་དག་གི་རྒྱུ་འཇོག་མི་ཐུབ་པར་ཐལ་བའི་ཕྱིར་དང་། ཡང་བྱེ་སྨྲས་ཐོབ་པ་རྣམ་པར་གཞག་འཇོག་གིི་རྒྱུ་ལ་བཤད་པས་དེ་མེད་ན་འཕགས་པ་རྗེས་ཐོབ་པ་དང་སོ་སོའི་སྐྱེ་བོའི་རྣམ་གཞག་མི་འཐད་དོ་ཞེ་ན། དེ་ནི་ཉོན་མོངས་སྤངས་མ་སྤངས་ཀྱི་རྟེན་གྱིས་འགྲུབ་པས་དེ་ལས་ལོགས་སུ་ཐོབ་པ་ཟེར་བ་ཞིག་མི་དགོས་ཞེས་དང་། གཞན་སྐྱེས་ཐོབ་དང་སྦྱོར་བྱུང་གི་དགེ་བ་ལ་བསམས་ཀྱང་དང་པོ་དག་ནི་ས་བོན་མ་ཉམས་པའི་ཕྱིར་ལྡན་ལ། མི་ལྡན་པ་དག་ཀྱང་ལོག་ལྟས་བཅོམ་པ་ལས་མ་ཐོབ་པའི་རྫས་ཀྱིས་མ་ཡིིན་ཞིང་། སྦྱོར་བྱུང་ཡང་ཐོས་བསམ་སྒོམ་གསུམ་གྱིས་སྐྱེ་པ་བཞིན་དང་སྐྱེ་བ་ལ་མངོན་དུ་འགྱུར་ངེས་པ་ལ་ལྡན་ཟེར་བ་ལས། ལྡན་པ་དང་མི་ལྡན་པ་ནི་བཏགས་པའི་ཆོས་ཡིན་གྱི་རྫས་གཞན་ཞིག་མེད་དོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་ཤེས་དང་ལྷག་ཏུ་སློབ་དཔོན་དབྱིག་གཉེན་ཀྱི་མཛོད་རང་འགྲེལ་དུ་ཐོབ་པ་འགོག་བྱེད་ཀྱི་རིགས་པ་དག་ལ་བརྟེན་ནས་ཐོབ་པའི་རྣམ་གཞག་ཉམས་དམའ་བར་སོང་བར་འདོད་ཅིང་། འདིར་མཛོད་འགྲེལ་གྱི་རིགས་པ་དག་གཙོ་བོ་ལྔ་ཙམ་ལ་བསྡུས་ཏེ་བཀོད་པའི་རྒྱུ་མཚན་ཡང་རིགས་པ་དེ་དག་གི་ཕྱོགས་སྔར་བྱེ་སྨྲའི་ཐོབ་པའི་སྒྲུབ་བྱེད་དག་བཀོད་ཡོད་ཕྱིར་ཐོབ་པའི་རྣམ་གཞག་གསལ་དུ་འགྲོ་བའི་དགོས་པ་དང་། གཞན་རྩ་ཤེས་ཀྱི་རིགས་པ་ནི་དོན་དཔྱོད་རིགས་པ་ཡིན་ཞིང་། མཛོད་རང་འགྲེལ་དུ་ཡང་ཐ་མའི་གྲུབ་དོན་ལྟ་བུ་ལ་རྫས་སུ་གྲུབ་པ་གཙོ་བོ་བཀག་སྟེ་ཐོབ་པ་དེའི་ཚབ་ལ་སྒྲུབ་བྱེད་དུ་སེམས་ཀྱི་རྗེས་འབྲང་གི་དགེ་བ་སོགས་ལྡན་པར་ས་བོན་ཡོད་པའི་ཕྱིར་ཞེས་བཀོད་ན། རྫས་སུ་གྲུབ་པ་ནི་བྱེ་སྨྲའི་ལུགས་ལ་ཐོབ་པ་གཅིག་པུ་མ་ཡིན་པར་དངོས་པོ་ཀུན་རྫས་སུ་གྲུབ་ཕྱིར་རིགས་པས་འཕུལ་མཚམས་ཞེས་པའི་སྐད་ཆ་ལས་གཞན་རྫས་སུ་གྲུབ་ཚུལ་ཡང་ཕྱོགས་སྔ་བྱས་པ་བཞིན་ཡིན་མིན་དོན་དམ་བདེན་པའི་མཚན་གཞི་ལ་བརྟགས་ན་དོགས་གནས་ཡིན་པ་དང་། དེ་བཞིན་བྱེ་སྨྲའི་ལུགས་ལ་གོང་དུ་ཐོབ་པའི་དགོས་པའི་སྐབས་བཤད་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པའི་ས་བོན་གྱིས་མཚོན་བག་ཉལ་དང་ནུས་པ་སོགས་མང་པོ་ཞིག་ཐ་སྙད་ཀྱི་བབ་ཙམ་ལས་དོན་ལ་བྱེ་སྨྲའི་ཐོབ་པ་དང་གཅིག་ཏུ་འབབ་ཕྱིར་དགག་པ་གནད་དུ་སོང་མིན་སོགས་དཔྱད་དུ་ཡོད་པར་བསམས་ནས་ཞར་བྱུང་ལ་འདིར་བཀོད་པའོ།།

ལྔ་པ། ཐོབ་པ་དུས་གསུམ་འཇོག་ཚུལ་སོགས་ལ་བརྟག་པ།

གོང་དུ་བཤད་ཟིན་པ་ལྟར་མཛོད་རྩ་བ་གཙོས་རྒྱ་བོད་ཀྱི་མཛོད་འགྲེལ་དག་ཏུ། ཐོབ་པ་རྣམ་གཞག་བརྒྱད་ཙམ་གྱི་སྒོ་ནས་གསུངས་མོད། དང་པོ་ཐོབ་པའི་ངོ་བོས་མཚོན་ཕལ་ཆེར་མཛོད་རྩ་བའི་ཚིག་རང་ལས་ཀྱང་ར་འཕྲོད་ཐུབ་པས་འདིར་བརྗོད་པའི་ངལ་བ་མ་བསྟེན་ཅིང་། རྣམ་གཞག་དེ་དག་ལས་ཐོབ་པ་དུས་གསུམ་འཇོག་སྟངས་དང་ཐོབ་བྱའི་ཆོས་དེ་ལ་ཐོབ་པ་སྔར་སྐྱེ་ཡོད་མེད་སོགས་ཐོབ་པ་དུས་གསུམ་ནི་རང་ལ་མཚོན་ན་དེ་དག་ལས་དཀའ་ཤོས་སུ་ཚོར་བས་དོན་དངོས་དང་ག་ཚོད་གཅར་ཐུབ་མིན་ལ་མ་ལྟོས་པར་འདིར་དཔྱད་པའི་གཞི་གཉིས་ཀྱི་སྒོ་ནས་ཅུང་ཙམ་བརྗོད་པ་སྟེ། དང་པོ། ཐོབ་པ་དུས་གསུམ་འཇོག་སྟངས་ལ་མཛོད་རང་འགྲེལ་ལས།[22] ཐོབ་པ་དེ་ནི། དུས་གསུམ་པའི་རྣམ་པ་གསུམ། །ཞེས་གྲག་སྟེ།  ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་ཡང་ཡོད། མ་འོངས་པ་དང་ད་ལྟར་བྱུང་བ་ཡང་ཡོད་ལ། དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡང་སོ་སོར་རྣམ་པ་གསུམ་མོ། །ཞེས་དང་། སློབ་དཔོན་འདུན་བཟང་གི་འགྲེལ་པ་[23]རུ་རང་འགྲེལ་དང་ཚིག་གི་སྦྱོར་སྟངས་ཙམ་གྱི་ཁྱད་དང་། སློབ་དཔོན་བློ་གྲོས་བརྟན་པའི་འགྲེལ་པར་དུས་གསུམ་པ་ཡི་རྣམ་པ་གསུམ་གྱི་ཐད་ཀའི་འགྲེལ་པ་མི་གསལ་ཞིང་། སློབ་དཔོན་ཕྱོགས་གླང་གི་ནི་ཚིག་རིས་དང་བཅས་པ་རང་འགྲེལ་དང་གཅིག་ལ། དེ་མིན་རྒྱ་འགྲེལ་དག་ལས་གཞན་ཕུགས་ཀྱི་དགོངས་པ་གཅིག་མིན་ཅི་ཞིག་ཡིན་ཡང་། ཕྱིས་ཀྱི་བོད་ཀྱི་འགྲེལ་བཤད་མཁན་པོ་དག་གིས་དགོངས་པ་ཐ་དད་དུ་བཀྲལ་བའི་རྒྱལ་སྲས་དང་སློབ་དཔོན་གང་སྤེལ་གཉིས་ཀྱི་འགྲེལ་སྟངས་ཅུང་མིི་འདྲ་བར་སྣང་སྟེ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ལས།[24] ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་ཡང་ཡོད། ཅེས་བྱ་བ་ལ་སོགས་པར་འབྱུང་བ་ལ་འདས་པ་རྣམས་ཀྱི་ནི་འདི་ལྟ་སྟེ། ཉོན་མོངས་ཅན་རྣམས་ཀྱི་ཐོབ་པ་འདས་པ་ནི་གང་སྐྱེ་ལ་འགག་པ་སྟེ། དེ་ནི་སྔར་སྐྱེ་བ་ཡང་ཡོད། ལྷན་ཅིག་སྐྱེ་བ་ཡང་ཡོད། དུས་ཕྱིས་སྐྱེ་བ་ཡང་ཡོད་དོ། །དེ་དག་ཉིད་ཀྱི་ཐོབ་པ་མ་འོངས་པ་ནི་མ་སྐྱེས་པ་ཡིན་ཏེ་ཕྱིས་སྐྱེ་བའོ། །ད་ལྟར་བྱུང་བ་ནི་སྐྱེ་ལ་མ་འགགས་པ་ཡིན་ནོ། །ཞེས་དེ་བཞིན་ཐོབ་བྱའི་ཆོས་མ་འོངས་པ་དང་ད་ལྟ་བ་རྣམས་ཀྱི་ཐོབ་པ་ཡང་དེ་བཞིན་དུ་སྦྱར་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ཏེ་མ་བཀོད་དོ། །སློབ་དཔོན་གང་སྤེལ་གྱི་མཚན་ཉིད་རྗེས་སུ་འབྲང་བ་ལས།[25]ཐོབ་པའི་རྒྱུན་ལ་ལྟོས་ཏེ། འདས་པ་ལ་སོགས་པ་རྣམས་རེ་རེ་ལ་ཡང་ཐོབ་པ་རྣམ་པ་གསུམ་གསུམ་མོ། །ཇི་ལྟར་ཞེ་ན། འདས་པ་རྣམས་ཀྱི་བེའུ་ལྟར་འབྲང་བ་གང་ཡིན་པ་དེ་སྐྱེས་ལ་འགགས་པ་ནི་འདས་པའོ། །སྐྱེས་ལ་མ་འགགས་པ་ནི་ད་ལྟ་བའོ། །མ་སྐྱེས་པ་ནི་མ་འོངས་པའོ། །ཞེས་ད་ལྟ་བ་དང་མ་འོངས་པ་ལའང་དེ་བཞིན་སྦྱར་ཡོད་ལ། འདིར་བསྟན་རྒྱ་འགྲེལ་དེ་གཉིས་ཀྱི་འགྲེལ་སྟངས་མི་འདྲ་ཚུལ་ནི། དང་པོ་རྒྱལ་སྲས་ཀྱིས་མཛོད་རང་འགྲེལ་གྱི་ལུང་གིས་ཁུངས་བྱས་ནས་“ཉོན་མོངས་ཅན་རྣམས་ཀྱི”ཞེས་ཐོབ་པ་དུས་གསུམ་རྩི་གཞི་ཐོབ་བྱའི་ཆོས་ལ་སྦྱར་ཡོད་པ་དང་། གཉིས་པ་སློབ་དཔོན་གང་སྤེལ་གྱིས་“འདས་པ་ལ་སོགས་པ་རྣམས་རེ་རེ་ལ་ཡང་”ཞེས་རྩི་གཞི་ཐད་ཀར་དུས་ལ་སྦྱར་ཡོད་པས་ཅིག་ཤོས་ཀྱི་ཐོབ་བྱའི་ཆོས་དང་ཅིག་ཤོས་ཀྱིས་དུས་ལ་སྦྱར་ཡོད་པ་ནི་ཤིན་ཏུ་གསལ་ལོ་སྙམ་མོ། །དེས་ན་སྤྱིར་འདི་གཉིས་ལ་མཐུད་མི་ཐུབ་པའི་ནང་འགལ་ཞིག་ཡོད་མེད་མི་ཤེས་མོད། གོང་དུ་དྲངས་པ་བཞིན་མཛོད་རང་འགྲེལ་དུ་“ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་ཡང་ཡོད་”ཅེས་རྩི་གཞི་ཐོབ་བྱའི་ཆོས་ལ་སྦྱར་ཡོད་པ་དང་། གཞན་རྩི་གཞི་དུས་ལ་བཞག་ན་དུས་འདས་པ་རང་ལ་ཡང་དུས་གསུམ་འཇོག་དགོས་པས། དུས་གསུམ་རྫས་གྲུབ་ཀྱི་འདོད་ཚུལ་དུ་མཛོད་གནས་ལྔ་པར་“གསུམ་པ་བཟང་སྟེ།”ཞེས་གསུངས་པ་བཞིན་དུས་གསུམ་འཆོལ་བའི་དཀའ་ཁག་ལས་ཐར་དཀའ་བས། རང་གི་འདོད་པ་ལ་མཛོད་རྩ་འགྲེལ་གཞིར་བཞག་ན་སློབ་དཔོོན་རྒྱལ་སྲས་ཀྱིས་རྩི་སྟངས་འདི་དང་ཉེ་བར་མཐོང་ངོ་།།

གཉིས་པ། ཐོབ་པ་སྔར་སྐྱེ་དང་ཕྱི་སྐྱེ་དུས་མཉམ་ཡོད་མེད་ཀྱི་ཁྱད་པར་དེ། དང་པོ་འདིའི་བརྒྱུད་རིམ་ལ་བསམས་ན། རང་འགྲེལ་ནས་བཟུང་སྤྱིར་མཛོད་ཀྱི་རྒྱ་འགྲེལ་ཕལ་མོ་ཆེར་འདིའི་ཐད་སྟོབས་ཆེ་ཆུང་གིས་ཐོབ་པ་སྔ་ཕྱི་དང་དུས་མཉམ་དུ་སྐྱེ་བ་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་གཤམ་དུ་བཀོད་པའི་མཆིམས་ཆེན་གྱི་གཞུང་ཚིག་ལྟར་གསལ་ཁ་མ་མཐོང་བ་དང་། ལྷག་ཏུ་སློབ་དཔོན་བློ་གྲོས་བརྟན་པའི་རྒྱ་ཆེར་འགྲེལ་དང་སློབ་དཔོན་གང་སྤེལ་གྱི་མཚན་ཉིད་རྗེས་འབྲང་གཉིས་ནི་འདིའི་ཐད་ཀྱི་སྡེབ་སྦྱོར་ཡན་ཆད་ནས་ཤིན་ཏུ་འདྲ་ལ། དེ་བས་འདིར་ཐོབ་པ་སྔ་ཕྱི་སོགས་ཀྱི་རྩོད་པའི་དཀའ་གནད་སླེབས་སྟངས་ནི། བོད་འགྲེལ་དག་དང་འབྲེལ་ཞིང་དེ་ཡང་མཆིམས་འཇམ་པའི་དབྱངས་ཀྱིས་དབུ་བཙུགས་པར་སྙམ་སྟེ། དམིགས་བསལ་གྱི་ཐོབ་པ་སྔ་ན་ཡོད་མེད་ཀྱི་ཚིག་རྐང་ཐ་མ། འདོད་པ་ན། །གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་པའི་སྐབས་མཛོད་གནས་བཞི་པའི་དང་པོ་ཕྱིན་ཆད་འདས་པ་དང་། །ཕྱིན་ཆད་འདས་ལྡན་མ་འོངས་མེད། །ཅེས་སོགས་སྡོམ་པ་ལྡན་ཚུལ་སྐབས་ཀྱི་ཤོ་ལོ་ཀ་གཉིས་དང་ཚིག་རྐང་གཅིག་དྲངས་ནས་དོགས་དཔྱོད་བྱས་པ་མ་ཟད། འདི་དང་མཐུན་པའི་ཐོབ་པ་སྔར་སྐྱེ་མེད་པ་ལ་ཡང་མཆན་དུ་[26] འདི་ནི་དོན་རྫོགས་པ་མིན་གྱི་སྙོམས་འཇུག་གཉིས་དང་སྐྱེ་བའི་ཆོས་ཅན་གྱི་མཐོང་ལམ། མངོན་ཤེས་དང་ཚད་མེད་ལྟ་བུ་མ་འདྲེས་པ་རྣམས་དང་། ཡེ་ཤེས་བསྟན་པའི་ཤེས་པ་དང་ལྟ་བ་ལ་སོགས་པ་སྦྱོར་བས་ཐོབ་པ་ཕལ་ཆེར་རྣམས་ལའང་སྔར་སྐྱེ་མེད་དོ། །ཞེས་སྔར་སྐྱེ་མེད་པའི་མཚན་གཞི་གསལ་པོར་བཀོད་དེ་གནས་བདུན་པ་ཡེ་ཤེས་བསྟན་པའི་སྐབས་ཀྱི་ཤེས་པ་ཐོབ་ཚུལ་དང་། གོང་དུ་དྲངས་པའི་གནས་བཞི་པ་སྡོམ་པ་ལྡན་ཚུལ་སྐོར་ཏེ་གནས་གསུམ་དང་འབྲེལ་བའི་དཀའ་གནས་དག་འདིར་སྤུངས་པ་མ་ཟད། ལྷག་ཏུ་ཆོས་ཀུན་ཐོབ་པ་དུས་གསུམ་པར། །གསུངས་ལ་ལུང་མ་བསྟན་པ་དང་། །བསྒྲིབས་གཟུགས་འདོད་པའི་གཟུགས་དག་གི །ཐོབ་པ་དམིགས་ཀྱིས་བསལ་བའི་ཕྱིར། །མཚུངས་ལྡན་ཉོན་མོངས་ཅན་དག་དགེ །གོང་མའི་དགེ་བ་གཟུགས་ཅན་དང་། །མཚུངས་ལྡན་མིན་པ་དགེ་མི་དགེ །ཐམས་ཅད་དུས་གསུམ་པར་འདོད་དོ། །[27]ཞེས་པའི་སྡོམ་བཀོད་པར་བརྟེན་དེའི་ཕྱིས་སུ་བྱུང་བའི་བོད་འགྲེལ་ཁག་གི་ཐོབ་པ་སྔ་སྐྱེ་ཡོད་མེད་ཀྱི་དོགས་གནས་ཕལ་ཆེ་བ་ཡང་འདི་དང་འབྲེལ་ནས་བྱུང་བར་འདོད་དོ།།

སྤྱིར་ཆོས་དེ་ལ་ཐོབ་པ་དུས་གསུམ་ཡོད་མེད་ནི། མཛོད་རང་འགྲེལ་ལས།[28] དེ་དག་ནི་སྦྱོར་བ་ཁྱད་པར་ཅན་གྱིས་འགྲུབ་པས་སྟོབས་དང་ལྡན་པའི་ཕྱིར་སྔར་དང་ཕྱིས་དང་ལྷན་ཅིག་ཏུ་སྐྱེ་བ་ཡང་ཡོད་དོ། །ཞེས་དང་། སློབ་དཔོན་འདུན་བཟང་གི་མཛོད་འགྲེལ་དུ།[29]སྟོབས་ཆུང་བའི་ཕྱིར་སྔར་སྐྱེ་བ་དང་། ཕྱིས་སྐྱེ་བ་ནི་མེད་ཀྱི་ལྷན་ཅིག་སྐྱེ་བ་ཉིད་དེ། ཞེས་དང་། མཆིམས་ཆུང་ལས།[30] འདོད་པའི་ཁམས་ན་དགེ་མི་དགེའི་གཟུགས་ཀྱི་ཐོབ་པ་ཡང་ཐོབ་བྱའི་ཆོས་དེ་ལས་སྔར་ནི་སྐྱེ་བ་མེད་དེ་བེམ་པོ་ཡིན་ཞིང་སེམས་ཀྱི་རྗེས་འབྲང་མ་ཡིན་པའི་ཕྱིར་རོ། །ཞེས་པའི་ཁུངས་འདི་དག་ལ་བརྟེན་ན་སེམས་ཀྱི་རྗེས་སུ་འབྲང་ཞིང་མཛོད་འགྲེལ་དག་ཏུ་གསལ་བའི་སྟོབས་ཆེ་བ་ལ་སྦྱོར་བ་སྟོབས་ཆེ་བ། གོམས་པ་སྟོབས་ཆེ་བ། ཆོས་སྟོབས་ཆེ་བ་གང་རུང་དང་ལྡན་ན་སྔར་སྐྱེས་སོགས་ཐོབ་པ་དུས་གསུམ་ཡོད་དགོས་པ་འདྲ་ཡང་། མཛོད་རྩ་བ་ལས།[31] དགེ་ལ་སོགས་ཀྱི་དགེ་ལ་སོགས། །སློབ་དང་མི་སློབ་མིན་གྱི་གསུམ། །ཞེས་སོགས་དང་སྦྱར་བ་དང་། ལྷག་པར་ཞིབ་ཏུ་དཔྱད་ན་གོང་གི་ཁྱད་ཆོས་སམ་ཚད་དེ་དག་ལྡན་པ་དཔེར་ན་སྐྱེ་བའི་ཆོས་ཅན་གྱི་མཐོང་ལམ་སྐད་ཅིག་དང་པོ་ལ་སྔ་ཐོབ་མེད་པ་དང་། མཆིམས་ཆེན་དུ་ཐམས་ཅད་དུས་གསུམ་པར་འདོད་པ་དཔེར་ན། རྒྱུན་མཐའི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་ཉོན་མོངས་ལ་ཕྱི་ཐོབ་མེད་པས། ཕྱི་སྐྱེ་ཡོད་ལ་སྔར་སྐྱེ་མེད་པ། སྔར་སྐྱེ་ཡོད་ལ་ཕྱི་སྐྱེ་མེད་པ་འདི་འདྲའི་མཚན་གཞི་མི་ཉུང་བ་ཞིག་ཡོད་པ་དང་། མ་ཟད། གོང་གི་མཆིམས་ཆེན་དུ་བཀོད་པའི་མཛོད་གནས་གསུམ་གྱི་དོགས་གནས་ཐམས་ཅད་སྤུངས་ཏེ་ཆ་ཚང་མཚན་ཉིད་ཀྱི་ཁྱབ་མཐའི་རྒྱ་རུ་བཙུད་དགོས་ན་དཀའ་མོད། དེ་འདྲ་ཡིན་ཡང་སྤྱིར་དོན་ལ་འགྲིག་མིན་ཅི་རིགས་ཀྱི་ཚིག་གི་འཛིན་མཚམས་ཙམ་ནི། ཐོབ་པ་གང་ཞིག་ཐོབ་བྱའི་ཆོས་དེ་མ་སྐྱེས་བའི་སྔ་རོལ་དུ་དེ་ངེས་པར་ལྡན་བྱེད་ཀྱི་རྫས་ལ་སྔ་ཐོབ་དང་། ཐོབ་པ་གང་ཞིག་ཐོབ་བྱའི་ཆོས་དེ་སྐྱེ་ལ་འགགས་ཟིན་ན་ཡང་ཆོས་དེ་ངེས་པར་དུ་ལྡན་བྱེད་ཀྱི་རྫས་ཤིག་ལ་ཕྱི་ཐོབ་ཅེས་བཞག་ན་མ་འགྲིག་པ་མེད་ཅིང་། གཞན་རྣམ་དཔྱོད་ཀྱི་རྩལ་མྱུར་ཞིང་དཀའ་བའི་གནས་ལ་འཇུག་པ་ཡངས་བའི་ཚིག་དོན་གཉིས་ཆ་ལ་ཁྱབ་པའི་གནད་འབྱིན་མཁན་རེ་ཡོད་པ་དང་གཞུང་དོན་ཡང་དེ་ལྟར་ཡིན་སྲིད་མོད། རང་གིས་འདི་དང་འབྲེལ་ཡོད་ཀྱི་རྒྱ་འགྲེལ་གཙོས་དཔེ་ཀློོག་གང་འཚམས་བྱས་པའི་ཐ་མའི་ལྟ་ཚུལ་ནི། བྱེ་བྲག་སྨྲ་བའི་ལུགས་ལ་སྤྱིར་མཚན་ཉིད་ཀྱི་ཁྱབ་མཐའི་རྒྱ་རུ་བཙུད་མི་ཐུབ་པར་རྣམ་པར་ཕྱེ་དགོས་པ་མི་ཉུང་བ་ཞིག་ཡོད་པ་བཞིན། ཐོབ་པ་སྔ་ཐོབ་སོགས་ཀྱང་དེ་དང་གཉིས་སུ་མ་མཆིས་པར་འདོད་དེ། རྒྱུ་མཚན་གཙོ་བོ་ཡང་ཡིད་རྟོན་རུང་བའི་གོང་དུ་མཛོད་འགྲེལ་དག་ཏུ་གསལ་བའི་ཐོབ་པ་དུས་གསུམ་ཡོད་པའི་ཚད་དང་ལྡན་ཞིང་ཐོབ་པ་དུས་གསུམ་གྱི་ཁྱབ་པའི་རྒྱ་རུ་བཙུད་མི་ཐུབ་པའི་མཚན་གཞི་བཀོད་པ་བཞིན་ནོ། །དེ་ཕྱིར་འདི་ཡང་རང་ཉིད་དཀའ་བའི་གནད་ལ་གཡོལ་བའི་རྐྱེན་བཙལ་བ་ཙམ་མ་ཡིན་པར་འདི་ལ་རྒྱབ་ལྗོངས་བསམ་དུ་ཡོད་པར་འདོད་དེ། བྱེ་བྲག་སྨྲ་བའི་ལུགས་ལ་སྤྱིར་བཏང་ནས་མཚན་ཉིད་དཔྱད་འཚོལ་གྱི་རྣམ་གཞག་ཁྱབ་པའི་རྒྱ་རུ་བཙུད་མི་དགོས་པའི་རིམ་པ་ཞིག་ཡོད་པ་ནི། མཛོད་གནས་བཞི་པར་[32]མགོ་གཅིག་དང་ནི་རྣམ་པར་ཕྱེ། །དྲི་དང་བཞག་པར་ལུང་བསྟན་པ། །ཞེས་གསུངས་པ་བཞིན་ཡིན་ལ། རྨང་གཞི་དེ་འདྲ་ཞིག་གིས་འོག་ནས་མཛོད་བརྩམས་ཡོད་ཕྱིར་བྱེ་སྨྲའི་ལུགས་ཀྱི་མཛོད་ཀྱི་དམིགས་བསལ་ཕྱེ་དགོས་པ་དག་དང་ཐོབ་པ་དུས་གསུམ་ཡང་དེ་ལས་མ་འདས་པར་འདོད་དོ།།

འདི་ནི་དཔྱད་གཞི་ཙམ་ཞིག་ལགས་ན། ནོར་འཁྲུལ་གང་ཡོད་ཐམས་ཅད་ཆོས་མངོན་མཛོད་ཀྱི་རྒྱལ་མཚན་སྒྲེང་པའི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་གཙོས་མཁྱེན་དཔྱོད་ཡངས་བའི་གློག་པ་པོ་དག་གི་སྤྱན་སྔར་མཐོལ་ཞིང་འཆགས་སོ།།

སླར་སྨྲས་པ།

ཐ་སྙད་རིག་པའི་གྲུ་ལ་མ་བརྟེན་པར། །དོན་དམ་རྒྱ་མཚོའི་མཐའ་རུ་ཕྱིན་མིན་པས།།
ཇི་སྙེད་ཤེས་བྱའི་གནད་གསང་ཁྲོལ་བ་ཡི། །སྡེ་བདུན་གཞུང་ལ་འཇུག་པ་ཡངས་བར་ཤོག།


[1]  སྤྱིར་ཤར་ནུབ་ཀྱི་རྩ་བའི་ལྟ་གྲུབ་འཕེལ་རིམ་གྱི་རིག་པའི་སྒྲོམ་མི་འདྲ་བས་ཐམས་ཅད་ཞྭ་དཔེ་ལྷམ་འགེབས་མི་རུང་བ་དང་། སྐབས་ཀྱི་བརྗོད་གཞི་བྱེ་བྲག་སྨྲ་བའི་ལུགས་ཀྱི་ཐོབ་པ་དང་ཐུན་མིན་གྱི་འབྲེལ་བ་མེད་མོད། དཔྱད་རྩོམ་འདི་འབྲི་བའི་གོ་རིམ་ནས་བྱེ་བྲག་བཤད་མཛོད་ཆེན་མོ་མཇལ་བའི་གོ་སྐབས་ཅུང་ཙམ་ཐོབ་པ་དང་། དེ་སྔོན་མངོན་པ་མཛོད་ལ་སློབ་གཉེར་བྱེད་སྐབས་ཀྱི་ཟུར་ལྟའི་དེབ་ཁང་དཀར་ཚུལ་ཁྲིམས་ལགས་ཀྱི་དེབ་ཐེར་སེར་པོའི་མངོན་པའི་བྱུང་རིམ་དག་ཡིད་ལ་ཤར་ཞིང་དེར་བཀོད་པའི་གོང་དུ་གསལ་བའི་བྱུང་རིམ་ཕལ་ཆེར་རང་དང་མཉམ་པའི་བློ་གསར་རྣམས་ལ་ཤིན་ཏུ་མཁོ་བར་འདོད་པ་མ་ཟད།  ལྷག་ཏུ་དེར་བཀོད་པའི་མཁས་པ་དག་གིས་བྱུང་རིམ་གྱི་ཉམས་ཞིབ་བྱེད་སྟངས་ལ་ཡང་ཡིད་རྟོན་རུང་བར་འདོད་པ་དང་། བྱེ་བྲག་བཤད་མཛོད་ཆེན་མོའི་ཐོབ་པའི་སྐབས་ཀྱི་གཞུང་ཚིག་ལ་མཇལ་སྐབས་མངོན་པ་མཛོད་དང་བྱེ་བྲག་བཤད་མཛོད་ཆེན་མོ་གཉིས་བར་གྱི་འབྲེལ་བ་སོགས་དེར་གསལ་བ་ལྟར་ཚོར་བས་དེབ་ཐེར་སེར་པོ་གཞིར་བཞག་ཐོག་འདིར་སྦྱར་བའོ།།

[2]  མདོ་སྡེ་ལས་ལོགས་སུ་ཐོག་མར་གྱེས་པའི་སྐབས་ཏེ་རང་རྐྱ་བའི་རྣམ་པ་ཆ་ཚང་བ་མ་ཐོན་པ། བཤད་ཐབས་ཀྱི་ཆ་ནས་རབ་དབྱེ་སོགས་སྲོལ་བཏོད་པ་ཙམ་ལས་ཞིབ་ཆའི་གཏན་འབེབས་མེད་པ། ལྟ་གྲུབ་བྱེ་བྲག་པའི་འགོ་ཚུགས་པ་ཙམ་ལས་སྡེ་བ་ཐུན་མོང་པའི་འདོད་ཚུལ་གཞིར་འཇོག་པ། རྩོམ་པ་པོ་སངས་རྒྱས་ཀྱི་ཞལ་སློབ་སྟེ་གང་ཟག་རང་རྐྱ་བ་ལོགས་སུ་ཡོད་པ།

[3]  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བའི་བསྟན་བཅོས་ཀྱི་མཚན་ཆ་ཚང་ (ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ།) ཞེས་འདི་ལྟར་གསལ་ཡང་ཡོངས་གྲགས་སམ་ཡིག་ཚོགས་ཡངས་བའི་ཕྱིར་གོང་འོག་ཐམས་ཅད་དུ་འདི་ལྟར་བཀོད་ཡོད།

[4]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་ངོས་ ༠༩ པར་་གསལ།

[5]  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། པོད་ ༠༨ དེབ་གཟུགས། ཤོག་ངོས་ ༤༨༤ པར་གསལ།

[6]  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། པོད་ ༠༨ དེབ་གཟུགས། ཤོག་ངོས་ ༤༨༥ པར་གསལ།

[7]  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། པོད་ ༠༨ དེབ་གཟུགས། ཤོག་ངོས་ ༤༨༥ པར་གསལ།

[8]  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། པོད་ ༠༨ དེབ་གཟུགས། ཤོག་ངོས་ ༤༨༦ པར་གསལ།

[9]  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། པོད་ ༠༨ དེབ་གཟུགས། ཤོག་ངོས་ ༤༨༧ པར་གསལ།

[10]  སྣར་ཐང་བསྟན་འགྱུར། དེབ་གཟུགས། པོད། ༡༨༧ ཤོག་ངོས་ ༣༤༦ པར་གསལ།

[11]   ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། པོད་ ༠༡ དེབ་གཟུགས། ཤོག་ངོས་ ༡༡༠༨ པར་གསལ།

[12]  སྤྱི་ལོ་ ༢༠༠༩ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ།  དེབ་གཟུགས། ཤོག་ངོས་ ༢༦༦-༢༢༧ པར་གསལ།

[13]  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། པོད་ ༠༨ དེབ་གཟུགས། ཤོག་ངོས་ ༤༩༡ པར་གསལ།

[14]  སྣར་ཐང་བསྟན་འགྱུར། དེབ་གཟུགས། པོད། ༡༨༧ ཤོག་ངོས་༣༤༦ པར་གསལ།

[15]  སྤྱི་ལོ་ ༢༠༠༩ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་ངོས་ ༢༦༦ པར་གསལ།

[16]  སྤྱི་ལོ་ ༢༠༠༩ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་ངོས་ ༢༩༡ པར་གསལ།

[17] སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཧ་ཅང་ཐལ་ཕྱིར་་་་་།།

[18]  སྣར་ཐང་བསྟན་འགྱུར། དེབ་གཟུགས། པོད་ ༡༨༠ ཤོག་ངོས་ ༤༥༥ པར་གསལ།

[19]  སྣར་ཐང་བསྟན་འགྱུར། དེབ་གཟུགས། པོད་ ༢༦༤ ཤོག་ངོས་ ༤༡༣ པར་གསལ།

[20]  སྤྱི་ལོ་ ༢༠༠༩ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་ངོས་ ༩༠ པར་གསལ།

[21]  སྤྱི་ལོ་ ༢༠༢༡ ལོའི་དགའ་ལྡན་ཤར་རྩེ་དཔེ་མཛོད་ཁང་པར་མ། དེབ་གཟུགས། ཤོག་ངོས་ ༩༣ པར་གསལ།

[22]  དགའ་ལྡན་ཤར་རྩེ་དཔེ་མཛོད་ཁང་པར་མ། ༢༠༢༡ དེབ་གཟུགས། ཤོག་ངོས་ ༩༥ པར་གསལ།

[23]  ཐོབ་པ་དེ་ནི་འདི་ལྟར། དུས་གསུམ་རྣམས་ལས་རྣམ་པ་གསུམ། འདས་པའི་ཆོས་རྣམས་ལ་འདས་པའི་ཐོབ་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཐོབ་པ་ཡང་ཡོད་ལ། དེ་བཞིན་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་སོ་སོར་རྣམ་པ་གསུམ་མོ།།

[24]  སྣར་ཐང་བསྟན་འགྱུར། དེབ་གཟུགས། པོད། ༡༨༡ ཤོག་ངོས་ ༡༥༠༡༥༡ པར་གསལ།

[25]  སྣར་ཐང་བསྟན་འགྱུར། དེབ་གཟུགས། པོད། ༡༨༣ ཤོག་ངོས་ ༤༤༡ པར་གསལ།

[26]  སྤྱི་ལོ་ ༢༠༠༦ ལོའི་ཐཱའི་ཝན་བསྐྱར་པར་མ། དེབ་གཟུགས། ཤོག་ངོས་ ༡༣༥ པར་གསལ།

[27]  སྤྱི་ལོ་ ༢༠༠༦ ལོའི་ཐཱའི་ཝན་བསྐྱར་པར་མ། དེབ་གཟུགས། ཤོག་ངོས་ ༡༣༥ པར་གསལ།

[28]  སྤྱི་ལོ་ ༢༠༢༡ ལོའི་དགའ་ལྡན་ཤར་རྩེ་དཔེ་མཛོད་ཁང་པར་མ། དེབ་གཟུགས། ཤོག་ངོས་ ༩༦ པར་གསལ།

[29]  སྣར་ཐང་བསྟན་འགྱུར། དེབ་གཟུགས། པོད། ༡༨༠ ཤོག་ངོས་ ༧༤ པར་གསལ།

[30]  སྤྱི་ལོ་ ༢༠༡༩ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་ངོས་ ༡༢༠ པར་གསལ།

[31]  སྤྱི་ལོ་ ༢༠༠༩ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་ངོས་ ༢༢༧ པར་གསལ།

[32]  སྤྱི་ལོ་ ༢༠༠༩ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་ངོས་ ༢༦༥ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།