ཚངས་མགུར་དངོས་གང་ཡིན་མིན་ལ་རོབ་ཙམ་དཔྱད་པ།

བྲག་མགོ་འཇང་སྨྱུག

[ནང་དོན་གནད་བསྡུས།] རྒྱལ་དབང་སྐུ་ཕྲེང་ལྔ་པའི་ཡང་སྲིད་རིག་འཛིན་ཚངས་དབྱངས་རྒྱ་མཚོས་མཛད་པའི་མགུར་གླུ་ཆ་ཚང་ཁོང་གིས་བརྩམས་པ་མིན་པར་འདོད་པའི་བསམ་བློའི་རྒྱབ་ལྗོངས་དང་། ཚངས་མགུར་ཞེས་རྩོམ་བྱང་གཅིག་གི་འོག་ཏུ་ཡོད་པའི་མགུར་གླུ་ཡོད་ཚད་ཚངས་མགུར་དངོས་མ་ཡིན་པའི་སྒྲུབ་བྱེད་ལུང་རིགས་གཉིས་ཀྱི་སྒོ་ནས་ཁ་ཚོན་བཅད་ཅིང་། དེ་དག་གི་རྒྱབ་ལྗོངས་སོགས་ཅི་ལྟར་ཡིན་ཚུལ་བཅས་ཡོད།

[གནད་ཚིག] མགུར་གླུ། ཚངས་མགུར་དངོས་གང་ཡིན། བསམ་བློའི་རྒྱབ་ལྗོངས།

སྔོན་གླེང་།

སྤྱིར་བརྩམས་ཆོས་ལ་རིགས་དུ་མ་ཞིག་མཆིས་ཀྱང་། དམིགས་བསལ་བོད་མི་རིགས་ཀྱི་ལོ་རྒྱུས་འཚོལ་དགོས་ན་ཁུངས་མི་རིགས་འདིའི་རྩོམ་རིག་ལ་གཏུགས་དགོས། མི་རིགས་ཤིག་གི་འདས་ཟིན་པའི་ལོ་རྒྱུས་གླེང་དགོས་ན། དུས་དང་འཚམ་པའི་སྤྱི་ཚོགས་ཀྱི་སྒྱུ་རྩལ་དང་བརྩམས་ཆོས་སོགས་ལ་བརྟེན་ནས། སྤྱི་ཚོགས་ཀྱི་གནས་བབ་མཚོན་ཐུབ་པའི་ངལ་རྩོལ་མི་དམངས་ཐུན་མོང་གི་དགའ་སྐྱོ་ཆགས་སྡང་དང་། ཚོར་བའི་རྣམ་འགྱུར། ཕྱིའི་ངག་གི་དབྱངས་རྟ་རུ་དྲངས་པའི་མགུར་གླུ་དང་དམངས་གཞས་རྣམས་ལ་དཔྱད་དགོས། དེར་བརྟེན་མི་རིགས་འདིའི་དངོས་ཡོད་ལོ་རྒྱུས་མཐོང་བའི་མེ་ལོང་ལྟ་བུ་ཡང་རྩོམ་རིག་གི་སྒྱུ་རྩལ་དང་། སྙན་ངག དམངས་གླུ། མགུར་གླུ་སོགས་ཤེས་རིག་གི་ཀློང་ནས་མཆེད་པའི་བརྩམས་ཆོས་དེ་དག་ཡིན་པས། དུས་རབས་བཅུ་བདུན་པའི་མཇུག་ཙམ་ནས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་ཁྲོད། དབྱངས་སུ་གྱེར་བའི་ཚངས་མགུར་འདིས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། ད་དུང་རྒྱུན་ཆགས་སུ་གནས་ཡོད། དེ་ཡང་བོད་ཙམ་མ་ཟད་རྒྱ་ནག་གཙོས་པའི་རྒྱལ་ཁབ་བདུན་ལྷག་གི་སྐད་ཡིག་ཐོག་བསྒྱུར་ཏེ་སྙན་གྲགས་རྒྱས་ཡོད། འོན་ཀྱང་། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་པ་སུས་བརྩམས་མིན་ཐད་བཞེད་པ་མི་མཐུན་ཞིང་དེའི་བརྗོད་བྱའི་ཆ་ནས་ཀྱང་། ཆོས་ལུགས། ཆབ་སྲིད། རྩོམ་རིག་རང་ངོས་བཅས་ཀྱི་ཕྱོགས་སོ་སོ་ནས་གོ་དོན་དང་ལྟ་ཚུལ་ཅི་རིགས་ཤིག་མཆིས་པས། ཚངས་མགུར་གྱི་སྤྱི་ཁོག་དང་བཅས་པར་རྒྱུས་མངའ་གང་ལེགས་ཡོང་སླད་ཟུར་སྣ་ཚོགས་ནས་དཔྱད་བརྗོད་གནང་བའི་ཡིག་ཆ་དག་ལ་ནན་ཏན་གྱིས་དཔྱད་ཞིབ་དང་ལྟ་ཚུལ་གསར་པ་བཅས་ཟུང་དུ་སྦྲེལ་ཏེ་དཔྱད་གཏམ་ཞིག་སྤེལ་རྒྱུའི་སྤྲོ་བ་བརྟས་སོ།།

དང་པོ། རིག་འཛིན་ཚངས་དབྱངས་རྒྱ་མཚོས་བརྩམས་པ་མིན་པར་འདོད་པའི་བསམ་བློའི་རྒྱབ་ལྗོངས་ལ་གཉིས་ཏེ།

དང་པོ། རིག་འཛིན་ཚངས་དབྱངས་རྒྱ་མཚོ་བཀར་འདོན་བྱས་ཏེ་མགུར་འདི་ཁོང་གི་ལྗགས་རྩོམ་གནང་བ་མིན་པར་སོག་པོ་ལྷ་བཟང་ཁང་གིས་རིག་འཛིན་ཚངས་དབྱངས་རྒྱ་མཚོར་སྤྱི་ཚོགས་ནང་ཁོང་ལ་དད་མོས་ཅན་རྣམས་ཀྱི་ཡིད་ཆེས་བརླག་ཐབས་དང་། ཁོང་གི་མཚན་སྙན། ཆབ་སྲིད་སོགས་ལ་ནུས་མེད་སྣུམ་ཟད་ཀྱི་མར་མེ་ལྟ་བུ་བཟོ་ཆེད། ཚངས་མགུར་ཞེས་བསྙོན་བཙུགས་ཏེ་ཁོང་གིས་བརྩམས་པ་རེད་ཅེས་བཤད་སྲོལ་ཡོད་དེ། <<ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ངེས་དོན་དུ་བཀྲལ་བ་ལས། “ཤཱཀྱའི་རིང་ལུགས་འཛིན་པའི་མཐོ་རིམ་གྱི་བྱ་སྤྱོད་ཀྱང་ཅི་འདྲ་ཞིག་ཡིན་པར་མཚོན་ཐུབ་ཚུལ་སོགས་ཀྱི་ངག་སྦྱོར་སྒོ་ཀུན་ནས་རྩོམ་གཤིས་གདའ་ལ། མི་རིགས་ཀྱི་ལ་རྒྱར་བསམ་མཁན་མང་པོས། མགུར་འདིའི་རིགས་རྩོམ་མཁན་ཚངས་དབྱངས་རྒྱ་མཚོ་མིན་པའི་ཕྱོགས་བཟུང་ནས། དེའི་ཕྱོགས་ཀྱི་སྒྲུབ་བྱེད་བཙལ་ཅི་ཐུབ་བྱེད་ཀྱིན་ཡང་འདུག་གོ །”[1]ཞེས་གསུངས་པ་དང་། ་ལ་ལས། ཚངས་མགུར་ཞེས་པ་དེ་ཕོ་མོའི་བར་གྱི་བརྩེ་དུང་གི་མཛའ་གླུ་ཁོ་ན་ཡིན་པར་གོ་བ་བླངས་ན། སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་ཡོང་བསམས་ནས་རིག་འཛིན་ཚངས་དབྱངས་རྒྱ་མཚོས་བརྩམས་པ་མིན་ཏེ་དེ་ཡང་ཚངས་དབྱངས་རྒྱ་མཚོའི་མགུར་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་དོན་དངོས་འགའ་ཞིག་ལས། “བླ་མ་དེ་ལྟ་བུའི་ཞལ་ནས་ཆགས་སྲེད་ཀྱི་འཆལ་གླུ་འདི་འདྲ་དག་གསུང་ག་ལ་སྲིད་ཅེས་དང་། ད་དུང་མགུར་གླུ་ཟེར་བ་འདི་ནི། སྐབས་དེར་སོག་པོ་ལྷ་བཟང་ཁང་གི་ཕྱོགས་གཏོགས་ཀྱིས་ཁོང་ལ་མ་ཉེས་ཁ་ཡོག་བྱེད་ཕྱིར་དཀྲོག་གཏམ་རྫུན་བཟོ་བྱས་པ་ཞིག་མིན་ནམ་བསམས་ཞེས་པ་ལ་སོགས་པ་ལྟ་བུ་ཡིན།’’[2] ཞེས་བཤད་པ་དེ་དང་ཕྱོགས་མཚུངས། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་ལ་ཅུང་ཟད་དཔྱད་པ་ལས། “ཚངས་དབྱངས་རྒྱ་ཚོའི་མགུར་གླུའི་རྩོམ་པ་པོ་ཡང་སྙིང་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཡིན་ནམ་མིན། ལྷ་བཟང་ཕྱོགས་གཏོགས་ཀྱིས་སྐུ་ཕྲེང་དྲུག་པར་དམའ་འབེབས་ཀྱི་ཆེད་དམངས་ཁྲོད་ཀྱི་མཛའ་གླུ་ཕྱོགས་བསྡུས་བྱས་ཏེ་སྐུ་ཉིད་ཀྱིས་མཛད་པར་བསྙོན་འཛུགས་བྱས་པ་རེད་ཅེས་པའི་ལྟ་ཚུལ་ལོ་རྒྱུས་ཐོག་རྐང་པ་འཛུགས་ཐུབ་མིན་བཅས་པའི་གནད་དོན་རྣམས་ལ་ཤོད་ཚུལ་མང་བས།”[3] ཞེས་གོང་གསལ་རྣམས་ལས་ཤེས་ཐུབ་པ་ནི། མགུར་གླུ་འདི་རིག་འཛིན་ཚངས་དབྱངས་རྒྱ་མཚོས་མཛད་པ་མིན་པར་སོག་པོ་ལྷ་བཟང་ཁང་གིས་ཆེད་གཉེར་བཟོས་པ་ཡིན་ཚུལ་སོགས་བཤད་ཚུལ་དུ་མ་ཞིག་བྱུང་བ་དང་། མགུར་གླུ་འདི་དག་ཕོ་མོའི་བར་ལ་བརྩེ་དུང་གླེང་བའི་མཛའ་གླུ་ཡིན་པས་རིག་འཛིན་ཚངས་དབྱངས་རྒྱ་མཚོ་བླ་ཆེན་ཞིག་གིས་ཆགས་སྲེད་ཀྱི་བརྩམས་ཆོས་དེ་འདྲ་མཛད་མི་སྲིད་ཅེས་བཀར་འདོན་བྱས་ཡོད་པ་གསལ།

གཉིས་པ། དམངས་ཁྲོད་ཀྱི་མགུར་ཡིན་པ་ལས་རིག་འཛིན་ཚངས་དབྱངས་རྒྱ་མཚོས་བརྩམས་པ་མིན་ཞིང་། མགུར་འདི་སྙན་ངག་མེ་ལོང་མའི་བརྩམས་ཆོས་ལྟ་བུ་ཡང་མིན་པར་མོན་མི་རིགས་ཀྱི་དམངས་གཞས་དང་། བོད་མི་དཀྱུས་མའམ་དམངས་ཁྲོད་ཀྱི་ངག་རྒྱུན་ན་ཡོད་པ་ཞིག་ཡིན། ཤོ་ལོ་ཀའི་གྲངས་ཚད་ཀྱང་འདྲ་མིན་སྣ་ཚོགས་མཆིས་པས་དེ་རྣམས་གང་ཟག་གཅིག་གིས་བརྩམས་པ་མིན་ཞེས་དཔྱད་གླེང་བྱས་ཡོད་དེ། ཚངས་མགུར་གྱི་དཔྱད་གཏམ་འགའ་ཞིག་ལས་འཕྲོས་ཏེ་རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞིའི་སྐོར་གླེང་བ་ལས། “ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དེ་ཉིད་ཀྱི་རྩོམ་པ་པོའི་ཐད། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཡིན་ལུགས་དང་ལྷ་བཟང་ཧན་གྱིས་གཙོས་པའི་སྐབས་དེའི་ཆབ་སྲིད་ལ་དམར་ཤེད་ཆེ་བའི་མི་རྣམས་ཡིན་ཚུལ། ད་དུང་མོན་མི་རིགས་ཀྱི་དམངས་གཞས་ཡིན་ཚུལ་སོགས་གང་ལྟར་དེའི་སྐོར་ལ་དཔྱད་པ་མཐིལ་ཕྱིན་པ་ཞིག་བྱུང་མེད།”[4]ཅེས་ཚངས་མགུར་རྩོམ་པ་པོ་སུ་ཡིན་མིན་སོགས་དཔྱད་པ་མཐིལ་ཕྱིན་པ་ཞིག་བྱུང་མེད་སྙམ་མོ།།

གཉིས་པ། ཚངས་མགུར་ཡོད་ཚད་དངོས་མ་ཡིན་པའི་སྒྲུབ་བྱེད་ལུང་རིགས་གཉིས་ལས།

དང་པོ་ལུང་ནི། “ཤར་ཕྱོགས་རི་བོའི་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང་།།” ཞེས་སོགས་ཤིང་པར་རྙིང་པ་ལས་གསལ་བའི་ཤོ་ལོ་ཀ་དེ་དག་ཚངས་མགུར་དངོས་དང་། དེ་ལས་གཞན་པའི་གདངས་མགུར་སྙན་མོ་ཅི་རིགས་ཤིག་ལ་ཚངས་མགུར་ཞེས་ཁ་གཡར་བ་ཙམ་ལས་ཚངས་མགུར་དངོས་མ་ཡིན་ཏེ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་སྐོར་གླེང་བ་ལས། “འོན་ཀྱང་དེང་སྐབས་སྡེ་ཚན་ཁག་ཅིག་གིས་མགུར་གླུའི་ཚིགས་བཅད་དང་འདྲ་པོ་ཡོད་པའི་དམངས་ཁྲོད་གླུ་གཞས་དེའི་རིགས་བསྡུ་རུབ་བྱས་ཏེ། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁོངས་སུ་བཞག་པའི་ཚིགས་བཅད་ཤོ་ལོ་ཀ་བརྒྱ་ཕྲག་མང་པོའི་དཔེ་དེབ་ཆེན་པོ་ཞིག་དཔེ་སྐྲུན་བྱས་འདུག་ཟེར། དེ་ལྟར་ཡིན་ཚེ་དེ་ནི་རྩོམ་པ་པོའི་ལོ་རྒྱུས་ལ་འགན་མ་འཁུར་བ་ཞིག་ཡིན་པ་དང་། དམངས་ཁྲོད་རྩོམ་རིག་ལོོོ་རྒྱུས་ལའང་འགན་རྩ་བ་ནས་མ་འཁུར་བའི་སྐྱོན་རེད། ”[5]ཅེས་དང་། ‘གནའ་བོའི་པར་ཤིང་ནང་མི་གསལ་བའི་དམངས་གླུ་ཁག་ཅིག་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ངོས་འཛིན་ནས་འགྲེལ་པ།”[6]ཞེས་པ་ལྟར་ན། ཚངས་མགུར་མ་ཡིན་པའི་དམངས་གླུ་ཁ་ཤས་ལ་ཚངས་མགུར་ཞེས་ཁ་གཡར་ནས་བཀྲལ་ཡོད་པ་གསལ་འདུགཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཐོར་བུ་འགའ་ཞིག་ལ་དཔྱད་པའི་འཕྲོས་གླེང་ཙམ་ལས། “འགའ་ཞིག་ལྷ་སའི་ཤིང་པར་རྙིང་པའི་ནང་དུ་ཚིགས་བཅད་ང་བདུན་ཡོད་པ་དེ་ཉིད་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་དངོས་ཡིན་པ་དང་། དེེེ་འཕྲོས་རྣམས་ཕྱིས་ཀྱི་རྒྱ་ཆེའི་མང་ཚོགས་ཁྲོད་ནས་ངག་གི་སྒྱུ་རྩལ་བ་དུ་མའི་རིག་པའི་ཀློང་ནས་བརྡོལ་བའི་ཐོལ་གླུ་རྣམས་ཕྱོགས་བསྡུས་བྱས་པའི་མགུར་ཚིག་ཡོངས་རྫོགས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་རྩོམ་བྱང་གཅིག་གི་ནང་དུ་བསྡུས་པར་འདོད།”[7] ཅེས་རྩོམ་བྱང་གཅིག་གིས་བསྡུས་པ་ཙམ་ལས་ཚངས་མགུར་ནང་གི་བརྩམས་ཆོས་ཡོད་ཚད་ཁོང་གིས་བརྩམས་པར་མི་བཞེད། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་དཔེ་སྐྲུན་གསལ་བཤད་དུ། “མགུར་འདི་དག་ནང་གི་ཤོ་ལོ་ཀ་ཁ་ཤས་ནིིིི་གཞན་རྣམས་ཀྱིས་བཅོས་ལྷད་སྐྱོན་ཡོད་པའང་སྲིད་པས་”[8]ཞེས་གསུངས་ཏེ། མདོར་ན་མང་ཚོགས་ཀྱི་ངག་གི་སྒྱུ་རྩལ་ལས་བྱུང་བའི་དམངས་གླུ་ཚིག་སྦྱོར་སྙན་མོ་དེ་དག་ལ་ཚངས་མགུར་ཞེས་མཚན་བྱང་གཅིག་གི་འོག་ཏུ་བསྡུས་ཏེ་འགྲེལ་བཤད་གནང་མཁན་དུ་མ་ཞིག་མཆིས་ཀྱང་དེ་དག་ལ་བསམ་གཞིག་ཅུང་བགྱིས་ན། ཁ་ཅིག་གིས་ཚངས་མགུར་དངོས་མ་ཡིན་པའི་ཤོ་ལོ་ཀ་ཉུང་ཤས་སྒྲུབ་བྱེད་དུ་བཀོད་ནས་ཚངས་མགུར་ཡོད་ཚད་རིག་འཛིན་ཚངས་དབྱངས་རྒྱ་མཚོས་བརྩམས་མེད་ཅེས་འདོད་པ་དང་། ཡང་ཁ་ཅིག་གིས་ཚངས་མགུར་དངོས་རྣམས་སྒྲུབ་བྱེད་དུ་བཀོད་ནས་ཚངས་མགུར་ཞེས་རྩོམ་བྱང་གཅིག་གིས་བསྡུས་པའི་ཤོ་ལོ་ཀ་ཡོད་ཚད་ལ་ཚངས་མགུར་ཞེས་སྨྲས་འདུག་ཀྱང་། དེ་གཉིས་ཀ་ལ་ཕྱོགས་ལྷུང་གི་ནོར་འཛོལ་བྱུང་བ་ཡིན་སྙམ་སྟེ། ཚངས་མགུར་ཞེས་པའི་ཚིགས་བཅད་དེ་རྣམས་ལ་དངོས་དང་དངོས་མ་ཡིན་པ་གཉིས་སུ་ཡོད་པ་ཤིན་ཏུ་གསལ་བས། དེ་དག་སོ་སོར་དབྱེ་རྒྱུ་གལ་གནད་ཅིག་ཏུ་མཐོང་། ཡང་“ཁུ་བྱུག་མོན་ནས་ཡོང་བ། །ལྷ་ཤིང་བསམ་ནས་ཡོང་ཡོད། །ལྷ་ཤིང་འགྱུར་མདོག་སྟོན་པས། །ཁུ་བྱུག་མོན་ལ་ལོག་འགྲོ། །”ཞེས་པའི་ཤོ་ལོ་ཀ་འདི་ལ་དོར་ཞི་གདོང་དྲུག་གིས་ཀྱང་ཚངས་མགུར་ཡིན་ཤག་བྱས་ཏེ་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་ལ་སྦྱར་ཏེ་དགོངས་པ་བཀྲལ་འདུག་ཀྱང་། ལྷ་སའི་པར་ཤིང་རྙིང་པ་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༩༤ ལོར་པར་སྐྲུན་བྱས་པའི་ཚངས་མགུར་ནང་དུའང་མི་གསལ་བས་ཤོ་ལོ་ཀ་འདིའི་ཡོང་ཁུངས་གང་ཡིན་ད་དུང་དཔྱད་གཞིའི་གནས་སུ་མཆིས།

གཉིས་པ་རིགས་པ་ནི། ཚངས་མགུར་ཞེས་ཤོ་ལོ་ཀ་བརྒྱ་དང་སུམ་ཅུ་ལྷག་ཡོད་པའི་ནང་ནས་དཔེ་མཚོན་ཙམ་ཞུས་ན། “ཕ་ཡུལ་ས་ཐག་རིང་ནས། །དྲིན་ཅན་ཕ་མ་མི་འདུག། །མེད་ཀྱང་སྡུག་རྒྱུ་མི་འདུག།།མ་ལས་ལྷག་པ་ཡོད་དོ། །མ་ལས་ལྷག་པའི་བྱམས་པ། །ལ་མོ་རྒྱབ་ན་ཡོད་དོ། །”ཞེས་དམངས་གླུ་འདི་དག་ནི་ཚངས་མགུར་ཞེས་གྲགས་པ་ཙམ་ལས་པར་ཤིང་རྙིང་པ་ལ་མེད་ཅིང་ཚིག་གི་གཅོད་མཚམས་དང་། སྡེབ་སྦྱོར། ཚིག་དོན་སོགས་ཚངས་མགུར་དངོས་དང་མི་འདྲ་བས། རྩོམ་པ་པོ་གཅིག་གིས་བརྩམས་པ་མིན་པར། དམངས་གླུ་ཞིག་ལ་ཚངས་མགུར་ཞེས་མིང་བཏགས་ནས་བརྩམས་ཆོས་གཅིག་གི་ནང་དུ་བསྡུས་པ་ཡིན་སྙམ། ཡིན་ནའང་དོན་གཉེར་ཅན་རྣམས་ཀྱིས་ཞིབ་འཇུག་པའི་དཔྱད་གཞིའི་གནས་སུ་མཆིས་སོ།།

མཇུག་གཏམ།

ཚངས་མགུར་འདིས་བོད་ཀྱི་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཐེབས་པ་མ་ཟད། རྒྱ་ནག་གཙོས་པའི་སྤྱི་ཚོགས་གཞན་གྱི་ནང་དུའང་ཤུགས་རྐྱེན་གང་འཚམས་ཐེབས་ཡོད།  དམིགས་བསལ་ཕོ་མོའི་བར་གྱི་བརྩེ་དུང་གི་ཁ་ཕྱོགས་ལ་འགྱུར་བ་ཐེབས་ཏེ། བོད་ཀྱི་དམངས་ཁྲོད་དུ་ཡི་གེ་ཤེས་མིན་ལ་མ་ལྟོས་པར་ཕོ་མོའི་བར་ལ་མཛའ་བརྩེའི་ཚོར་བ་མགུར་གྱི་ལམ་ནས་བརྗོད་པ་དང་། དཔོན་ངན་དག་ལ་ཟུར་ཟ་དང།  མི་བཟང་ལ་གཟེངས་བསྟོད་སོགས་མགུར་གླུའི་སྒྱུ་རྩལ་ལམ་ནས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་གསོན་པོ་བརྗོད་ཐུབ་པའི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར། དེ་ལྟ་བུའི་སྒྱུ་རྩལ་གྱི་ནུས་ཤུགས་ད་དུང་ཡང་རྒྱུན་ཆགས་སུ་གནས་ཡོད།

ཚངས་མགུར་ཞེས་པའི་བརྩམས་ཆོས་འདིའི་ནང་དུ། རིག་འཛིན་ཚངས་དབྱངས་རྒྱ་མཚོས་བརྩམས་པའི་མགུར་དང་། དམངས་ཁྲོད་ཀྱི་མགུར་གླུ་ཉུང་ཤས་ལ་རིག་འཛིན་ཚངས་དབྱངས་རྒྱ་མཚོར་ཁ་གཡར་ནས་ཚངས་མགུར་ཞེས་བཏགས་པ་བཅས་རིགས་གཉིས་ཡོད་པའི་དོགས་གཞི་བྱུང་བ་ནི་སྐབས་འདིའི་གྲུབ་དོན་ཡིན། སྤྱིར་ཚངས་མགུར་དང་འབྲེལ་བའི་དཔྱད་རྩོམ་མང་དུ་མཆིས་ན་ཡང་། དཔེ་མཛོད་ཁག་དང་། རང་ཉིད་ཀྱི་འབྲེལ་ཡོད་རྣམས་ལ་འབྲེལ་བ་ཞུས་ཀྱང་དཔྱད་གཞིའི་ཡིག་ཆ་ཉུང་ཤས་ལས་སྐབས་འདིར་མ་རྙེད། འོན་ཀྱང་དཔྱད་རྩོམ་འདིའི་སྐོར་ལ་ཕྱག་རོགས་དང་ལམ་སྟོན་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རང་ཉིད་ལ་སྐྱེས་སྦྱངས་ཀྱི་བློ་གྲོས་དམན་པས་དཔྱད་རྩོམ་འདི་འཐུས་སྒོ་ཚང་བ་དང་སྤུས་ཚད་ལེགས་པོ་ཞིག་བྱུང་མེད་ཀྱང་སྲིད། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་ངའི་དཔྱད་རྩོམ་འདི་ལ་ཡོ་བསྲང་དགོས་པའི་རིགས་མཆིས་ཚེ་ངེས་པར་དུ་གསུང་གནང་ཡོང་བའི་རེ་འདུན་ཞུ།

དཔྱད་གཞི་ཡིག་ཆ།

ཚངས་དབྱངས་རྒྱ་མཚོའི་མགུར་གླུ། རྩོམ་པ་པོ། རིག་འཛིན་ཚངས་དབྱངས་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་དུ་བསྐྲུན། ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༠༣ ནང་པར་ཐེངས་དང་པོ་དཔར།

དཔྱད་རྩོམ་མུན་འཇོམས་ནོར་བུ་ཕྲེང་བའི་ནང་གི་ ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ངེས་དོན་དུ་བཀྲལ་བ། རྩོམ་པ་པོ། དོར་ཞི་གདོང་དྲུག ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བཀྲམ། ཕྱི་ལོ་ ༢༠༡༨ ཟླ་བ་ ༡༡ ནང་པར་ཐེངས་དང་པོ་བཏབ།

ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཐོར་བུ་འགའ་ཞིག་ལ་དཔྱད་པའི་འཕྲོས་གླེང་ཙམ། རྩོམ་པ་པོ། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ། ཆོས་དུང་དཀར་པོ། ཕྱི་ལོ་ ༢༠༡༡ སྤྱིའི་འདོན་ཐེངས་ ༠༧ པ།

ཚངས་དབྱངས་རྒྱ་མཚོའི་མགུར་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་དོན་དངོས་འགའ་ཞིག རྩོམ་པ་པོ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། མཚོ་སྔོན་མི་རིགས་པར་ཁང་གིས་པར་བརྒྱབ། ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡༠ ནང་པར་ཐེངས་དང་པོ་བརྒྱབ།

ཕྱི་ལོ་ ༢༠༡༡ ལོའི་བོད་ལྗོངས་ཞིབ་འཇུག་གི་དུས་དེབ་གཉིས་པའི་ནང་། ཚངས་མགུར་གྱི་དཔྱད་གཏམ་འགའ་ཞིག་ལས་འཕྲོས་ཏེ་རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞིའི་སྐོར་གླེང་བ། རྩོམ་པ་པོ། བློ་བཟང་ཆོས་སྒྲོན།

ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་སྐོར་གླེང་བ། རྩོམ་པ་པོ། མཁར་བླ་ཀརྨ་འཕྲིན་ལས། ཕྱི་ལོ་ ༢༠༡༡ བོད་ལྗོངས་སློབ་གྲྭའི་རིག་དེབ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༥ ཁམས་པའི་བརྙན་འཕྲིན་དྲ་བར་སྤེལ།  htt://tb.kanbatv.com

རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་ལ་ཅུང་ཟད་དཔྱད་པ། རྩོམ་པ་པོ། བསོད་ནམས་མཚོ་མོ། ཕྱི་ལོ་ ༢༠༡༠ ལོར་ཟླ་ ༥ ཚེས་ ༢༥ བོད་ལྗོངས་དྲ་བར་སྤེལ།  htt://www.tibecy.com

ཟུར་བལྟས་ཡིག་ཆ།

སྦྲང་ཆར་རྩོམ་རིག་སྡེ་མིག་ནང་གི་ ཚངས་མགུར་དཔྱད་གཏམ་གསར་མ། རྩོམ་པ་པོ། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ། ཕྱི་ལོ་ ༢༠༡༩ ལོར། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་ནས།

ཚངས་དབྱངས་རྒྱ་ཚོའི་མགུར་གླུ་གསར་འགྲེལ། ཤའོ་ཏིས་ཡན་གྱིས་བརྩམས། ཚེ་རྡོར་གྱིས་བསྒྱུར། ཕྱི་ལོ་ ༡༩༨༨ དེབ་གཉིས་པ། སྤྱིའི་དེབ་གྲངས་ ༢༩ པ།


[1]  དོར་ཞི་གདོང་དྲུག་གི་རྩོམ། དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ། ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ངེས་དོན་དུ་བཀྲལ་བ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། ཕྱི་ལོ་༢༠༡༨ ལོའི་ཟླ་བ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤ ༢༨

[2]  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རྩོམ། ཆབ་སྤེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཚངས་དབྱངས་རྒྱ་མཚོའི་མགུར་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་དོན་དངོས་འགའ་ཞིག མཚོ་སྔོན་མི་རིགས་པར་ཁང་གིས་པར་བརྒྱབ། ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡༠ པར་པར་གཞི་དང་པོ་བསྒྲིགས། ཤ ༦༦༡

[3]  བསོད་ནམས་མཚོ་མོའི་རྩོམ། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་ལ་ཅུང་ཟད་དཔྱད་པ། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༠༥ ཚེས་ ༢༥ ཉིན་བོད་ལྗོངས་དྲ་བར་སྤེལ། www.tibetcy.com

[4]  བློ་བཟང་ཆོས་སྒྲོན་གྱི་རྩོམ། ཚངས་མགུར་གྱི་དཔྱད་གཏམ་འགའ་ཞིག་ལས་འཕྲོས་ཏེ་རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞིའི་སྐོར་གླེང་བ། ཕྱི་ལོ་ ༢༠༡༡ ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་གཉིས་པ། ཤ ༤༧

[5]  མཁར་བླ་ཀརྨ་འཕྲིན་ལས་ཀྱི་རྩོམ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་སྐོར་གླེང་བ། ཕྱི་ལོ་ ༢༠༡༡ བོད་ལྗོངས་སློབ་གྲྭའི་རིག་དེབ་དང་། ཕྱི་ལོ་ ༢༠༡༦-༨༢༥ ཁམས་པའི་བརྙན་འཕྲིན་དྲ་བར་སྤེལ།

[6]  མཁར་བླ་ཀརྨ་འཕྲིན་ལས་ཀྱི་རྩོམ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་སྐོར་གླེང་བ། ཕྱི་ལོ་ ༢༠༡༡ བོད་ལྗོངས་སློབ་གྲྭའི་རིག་དེབ་དང་། ཕྱི་ལོ་ ༢༠༡༦-༨༢༥ ཉིན་ཁམས་པའི་བརྙན་འཕྲིན་དྲ་བར་སྤེལ།

[7]  བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱི་རྩོམ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཐོར་བུ་འགའ་ཞིག་ལ་དཔྱད་པའི་འཕྲོས་གླེང་ཙམ། ཆོས་དུང་དཀར་པོ། ཕྱི་ལོ་ ༢༠༡༡ སྤྱིའི་འདོན་ཐེངས་བདུན་པར། ཤ༢༧

[8]  རིག་འཛིན་ཚངས་དབྱངས་རྒྱ་མཚོའི་རྩོམ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ། དཔེ་སྐྲུན་གསལ་བཤད་དུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྱུར་ཁང་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་དུ་བསྐུན། ཕྱི་ལོ་ ༡༩༩༤ ལོའི་ཟླ ༠༣ པར་པར་ཐེངས་པོ་དཔར། ཤ ༠༨

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།