མཁན་ཆེན་ལེགས་བཤད་འབྱོར་ལྡན་མཆོག་གི་རྣམ་ཐར་གཅེས་བཏུས།

རྩོམ་སྒྲིག་པ།

ཐོག་མར་སྐུ་བལྟམས་པ།

བླ་མ་ཚེ་དོན་ལྷ་བབས་ལུང་བསྟན་ལས།1བཅུ་གསུམ་རྡོ་རྗེ་འཛིན་པའི་སར། །མངའ་བརྙེས་ཡེ་ཤེས་རྒྱལ་མཚན་གྱི། །སྐྱེ་སྤྲུལ་མཁན་ཆེན་དུལ་བའི་སྡེ། །ཞེས་ལུང་གིས་ཟིན་པ་ལྟར་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་ལྕགས་མདུད་ཤེས་རབ་རྒྱལ་མཚན། ཧོར་པོ་ཤཱཀྱ་རྒྱལ་མཚན་སོགས་ཀྱི་སྐུ་སྐྱེར་གྲགས་པ་མཁན་ཆེན་ལེགས་བཤད་འབྱོར་ལྡན་ནམ་དུལ་བའི་སྡེ་ནི། ལྕགས་མདུད་ཉག་སྐེད་འབྱུང་ཁུངས་ཡོན་ཏན་དགོན་གྱི་ཉེ་འདབས་སུ་ཡབ་ཉག་དཔོན་མགོན་པོ་རྣམ་རྒྱལ་གྱི་སྟག་ཟན་ཚེ་རིང་ནོར་བུ་དང་། ཡུམ་ལྕགས་མདུད་བརྒྱུད་པ་ལས་བྱུང་བའི་སོ་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་བྱི་སྤྱི་ལོ་ ༡༨༨༨ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ཆུང་དུས་ནས་རང་དང་ན་མཉམ་གྱི་བྱིས་པ་གཞན་ལས་ལྷག་པའི་སྤོབས་པ་དང་སྒྱུ་རྩལ། ཉམ་ཐག་པའི་སེམས་ཅན་མཐོང་ཚད་ལ་ཚད་མེད་པའི་སྙིང་རྗེ་དང་། ཐུགས་རིག་རྣོ་བ་སོགས་ཀྱི་ཡོན་ཏན་རང་ཆས་སུ་ལྡན་ཞིང་། དགུང་ལོ་ལྔ་དྲུག་ནས་ཕུར་པའི་བསྙེན་མཚམས་འདུག་ས་ཡིན་ཞེས་ཁང་པའི་ཟུར་དུ་སྒོམ་ཁང་ཆུང་བ་བཅོས་ནས་ཕུར་པ་གཅིག་ལ་སྣལ་མ་རིང་པོ་ཞིག་བཏགས་པ་སྙིང་ཁར་བཟུང་ནས་དུས་རྒྱུན་བཞུགས་པ་དང་། ཆོས་འཆད་ཉན། དབང་སྐུར་ཚུལ་སོགས་ཀྱི་ལད་མོ་ཁོ་ནར་ཐུགས་རྩིས་མཛད་པ་སོགས་དམ་པའི་མཚན་རྟགས་མངའ་བའོ།།

སྤྱི་ལོ་ ༡༨༩༥ དགུང་ལོ་བདུན་ལ་ལོན་པའི་ཚེ་ཞང་པོ་བླ་མ་བློ་གྲོས་མདུན་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་ཏེ། ཉག་རོང་འབྱུང་ཁུངས་དགོན་དུ་ཐོག་མར་ཆོས་ཞུགས་གནང་། དེ་རུ་མཁས་པའི་དབང་པོ་མཁན་བསོད་ནམས་ཆོས་གྲུབ་ཀྱི་མདུན་ནས་ཆོས་གླིང་ཟབ་གཏེར་དང་སྙིང་ཐིག་སྔོན་འགྲོ་རྣམས་ལེགས་པར་ཞུས། སྤྱི་ལོ་ ༡༩༠༥ དགུང་གྲངས་བཅུ་བདུན་ལ་ལོན་དུས་ཀུན་མཁྱེན་སི་ཏུ་པཎ་ཆེན་ཆོས་ཀྱི་རྒྱ་མཚོ་མཆོག་ཁམས་ཉག་རོང་འབྱུང་ཁུངས་ཡོན་ཏན་དགོན་དུ་ཕེབས་སྐབས་ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ཐོག་མར་མཇལ་བ་ཙམ་གྱིས་མི་འཕྲོག་པའི་དད་གུས་སྐྱེས་ཤིང་། ཀར་གླིང་ཞི་ཁྲོ་དང་པདྨ་འོད་འབར་སོགས་ཀྱི་དབང་ལུང་ཞུས། སི་ཏུ་རིན་པོ་ཆེ་དེ་ཉིད་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བསྒྲུབས་ཏེ་མཚན་ལ་ཐུབ་བསྟན་ལེགས་བཤད་འབྱོར་ལྡན་ཞེས་གསོལ།

མཁས་གྲུབ་དུ་མ་ལས་གསན་བསམ་མཛད་པ།

སི་ཏུ་རིན་པོ་ཆེ་ཡིས་མེ་རྟ་ལོར་ཀཿཐོག་རྒྱུད་སྡེ་བཤད་གྲྭ་བཤད་སྒྲུབ་ནོར་བུའི་ལྷུན་པོ་དབུ་འཛུགས་རྒྱུ་ཡིན་པས་དེ་སྐབས་ཐོག་མའི་སློབ་གྲས་སུ་འོང་དགོས་ཞེས་ཞལ་བསྒོས་མཛད་པ་ལྟར་ཤིང་སྦྲུལ་དགུང་གྲངས་བཅོ་བརྒྱད་ལོན་སྐབས་ཀཿཐོག་རྒྱུད་སྡེ་བཤད་གྲྭར་ཕེབས། བཤད་གྲྭ་དེའི་ནང་ལོ་མང་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་གྱིས་སྦྱངས་བརྩོན་རྡོ་རུས་ཐུག་པ་གནང་། དེར་བཞུགས་མཁས་པ་རྣམས་དང་། ཕྱི་ནས་ཕེབས་པའི་བླ་སྤྲུལ་མཁས་པའི་མིང་ཅན་མཆོག་དམན་སུ་འདྲ་ཡིན་ཡང་བག་ཚ་བ་མེད་པས་རྟོག་གེའི་གཏན་ཚིགས་ཀྱིས་བརྒལ་བརྟག་ངོམས་པ་དང་ཚིག་འཁྲི་བཅད་པ་སོགས་ཀྱི་སྒོ་ནས་སྤོབས་པ་ཡོངས་སུ་བཅོམ་པས། ཀཿཐོག་ཏུ་རྟོག་གེ་པ་འབྱོར་ལྡན་ཟེར་བ་སུས་ཀྱང་འགྲན་མི་བཟོད་པའི་མཁས་པ་ཞིག་ཡོད་ཅེས་གྲགས་པས་ཆོད། བཤད་གྲྭ་ནས་ཕྱིར་ཕེབས་རྗེས་ཀུན་མཁྱེན་བླ་མ་ངག་དབང་དཔལ་བཟང་གིས་མཁན་པོ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། སྤྱིར་དགེ་སློང་ལ་མཚན་གསར་དུ་འདོགས་སྲོལ་མེད་ཀྱང་དགོས་དབང་གིས་ཐུབ་བསྟན་དུལ་བའི་སྡེ་ཞེས་མཚན་གྱི་ཅོད་པཎ་སྤྱི་བོར་གསོལ།

དེ་ཡང་སི་ཏུ་རིན་པོ་ཆེ་ཡིས་བཤད་གྲྭ་ཕྱག་བཏབ་པའི་ལོ་དང་པོར་དེར་སི་ཏུ་རིན་པོ་ཆེ་ཉིད་ཀྱིས་མཁན་པོ་མཛད་དེ་སློབ་གཉེར་བ་ཚོར་ཀུན་སློང་དང་ཀུན་སྤྱོད་རྣམས་རེ་རེ་བཞིན་སློབ་ཁྲིད་ཞིབ་ཏུ་མཛད། གང་བློ་མ་དང་། དཀོན་མཆོག་རྗེས་དྲན་སོགས་བཤད་ཁྲིད་དང་འབྲེལ་དམ་པའི་ཆོས་ཀྱི་ཆེ་བ་དང་། བརྒྱུད་པའིི་ལོ་རྒྱུས། ཆོས་འཆད་ཉན་བྱེད་ཚུལ་རྣམས་ཐོག་མར་ཕ་མས་བུ་བརྒྱུད་སྐྱོང་བ་ལྟར་ཞལ་བསྒོས་གནང་ཞིང་། རིན་པོ་ཆེ་དེ་ཉིད་ལས་རྙིང་མའི་རྒྱུད་འབུམ་ལྗགས་ལུང་དང་། རིན་ཆེན་གཏེར་མཛོད། གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ། ཀློང་གསལ་རྡོ་རྗེའི་སྙིང་པོའི་སྔོན་འགྲོ་ཞལ་ཁྲིད། ཐང་རྒྱལ་སྙན་བརྒྱུད། བླ་མ་གསང་འདུས། ཐུགས་ཆེན་ཡང་སྙིང་འདུས་པ། ཉང་གཏེར་བཀའ་བརྒྱད་པོད་དགུ སངས་གླིང་བླ་མ་དགོངས་འདུས། སྙིང་ཐིག་ཡ་བཞི། མཛོད་བདུན། ཀར་གླིང་ཞི་ཁྲོ་སོགས་དཔེ་རྒྱུན་དང་ལུང་རྒྱུན་དཀོན་པའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ལུང་རྒྱུན་བཞུགས་རིགས་རྣམས་ཞུས། དེ་བཞིན་སི་ཏུ་རིན་པོ་ཆེ་ཡིས་མཁན་པོ་གནང་བའི་རྗེས་སུ་བཤད་གྲྭ་དེར་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་གདན་འདྲེན་ཞུས་པས། སྙུང་གཞིའི་སྟོབས་ཀྱིས་བྱོན་མ་ཐུབ་ཀྱང་ཁོང་གི་ཞལ་སློབ་ཐུགས་ཀྱི་བུ་ཆེན་མཁན་ཆེན་ཀུན་བཟང་དཔལ་ལྡན་ཞལ་ཚབ་ཏུ་ཕེབས་ནས་རྒྱ་བོད་ཡོངས་གྲགས་ཀྱི་གཞུང་ཆེན་རྣམས་དང་ཀུན་མཁྱེན་རོང་ཀློང་རྣམ་གཉིས་སོགས་སྔ་འགྱུར་རང་ལུགས་ཐུན་མོང་མིན་པའི་གཞུང་ལུགས་རྣམས་ལེགས་པར་ཞུས། གཞན་ཡང་མཁན་རིན་པོ་ཆེ་ཨ་སྟོབས་ལས་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་། རྗེ་དབོན་རིན་པོ་ཆེའི་པདྨ་རྒྱལ་མཚན་ལས་བཀའ་མའི་གཞུང་པོད་ཡོངས་རྫོགས་དང་། ཀཿཐོག་སྔ་རབས་པའི་བཀའ་སྲོལ་ཟབ་ཁྲིད་རྣམས་ཀྱི་ལུང་། རྫ་སྤྲུལ་རིན་པོ་ཆེའི་ཞལ་སློབ་རྫ་དཀོན་མཆོག་བླ་མའི་མདུན་ནས་གཅོད་ཡུལ་ཀུན་དགའ་འབུམ་པའི་དབང་ལུང་ཁྲིད་གསུམ། ཛཿཀའི་ཕྱག་རྒྱུན་ཀློང་གསལ་རྡོ་རྗེའི་སྙིང་པོའི་སྙན་བརྒྱུད་ཞིབ་ཁྲིད། ཁྱད་པར་ཀུན་མཁྱེན་བླ་མ་ངག་དབང་དཔལ་བཟང་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྨིན་གྲོལ་ཡོངས་རྫོགས་དང་། སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། ཀཿཐོག་པའི་མདོ་དབང་ཆེན་མོ་སྦྲང་རྩིའི་ཆུ་རྒྱུན། ཞི་ཁྲོ་ཕུར་གསུམ་སོགས་ཀྱི་སྨིན་གྲོལ་ཡོངས་རྫོགས། གཏེར་ཆེན་དྲི་མེད་འོད་ཟེར་ནས་མ་ཏི་སེང་གདོང་དང་རང་ཉིད་ཀྱི་གཏེར་ཆོས། རྡོ་རྗེ་འཆང་འཇམ་མགོན་བློ་གྲོས་རྒྱ་མཚོ་ནས་རྫོགས་པ་ཆེན་པོ་དགོངས་པ་ཟངས་ཐལ། རིག་འཛིན་གདུང་སྒྲུབ། ཐུགས་ཆེན་ཡང་འདུས། མཁའ་འགྲོ་གསང་འདུས། ཀུན་མཁྱེན་མི་ཕམ་པའི་སྒྲུབ་ཐབས་སྐོར་གྱི་དབང་ཡོངས་རྫོགས། ༸སྐྱབས་མགོན་དགེ་རྩེ་འགྱུར་མེད་བསྟན་པའི་རྣམ་རྒྱལ་དང་། ཕྱག་ཚ་པདྨ་ཕྲིན་ལས་རྒྱ་མཚོ། རྗེ་པདྨ་ཐུགས་རྗེའི་དབང་ཕྱུག གཏེར་སྲས་ཆོས་འཕེལ་རྒྱ་མཚོ། དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་ཟླ་བ་སོགས་ལས་བཀའ་གཏེར་གྱི་དབང་ལུང་རྣམས་ཞུས་ཤིང་། གཞན་ཡང་སྔ་འགྱུར་བའི་སྐྱེས་ཆེན་དམ་པ་གཙོ་བོར་གྱུར་པའི་རིས་མེད་མཁས་གྲུབ་དུ་མ་ལས། རོང་ཟོམ་བཀའ་འབུམ། ཤེས་བྱ་ཀུན་ཁྱབ། བཀའ་བརྒྱུད་སྔགས་མཛོད། ཀོང་སྤྲུལ་བཀའ་འབུམ། འཇིགས་གླིང་བཀའ་འབུམ། རྗེ་ཡབ་སྲས་བཀའ་འབུམ། དཔལ་རི་མཁྱེན་བརྩེའི་དགོངས་གཏེར་སྐོར། རྒྱལ་སྲས་གཞན་ཕན་མཐའ་ཡས་བཀའ་འབུམ། མཁན་པདྨ་བཛྲའི་བཀའ་འབུམ། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། དྭགས་པོ་རིན་པོ་ཆེའི་བཀའ་འབུམ། ཀཿཐོག་དྲི་མེད་ཞིང་སྐྱོང་གི་བཀའ་འབུམ། སི་ཏུ་ཆོས་ཀྱི་བློ་གྲོས་མཆོག་གི་བཀའ་འབུམ། འཇིགས་བྲལ་ཆོས་དབྱིངས་རྡོ་རྗེའི་བཀའ་འབུམ། ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱ་མཚོའི་བཀའ་འབུམ། མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་གསུང་འབུམ། ཀུན་མཁྱེན་བླ་མ་ངག་གི་དབང་པོའི་བཀའ་འབུམ་དང་ཟབ་ཁྲིད་སྐོར་སོགས་ཆོས་ཚན་དུ་མ་གསན་བསམ་གྱི་སྒྲོ་འདོགས་བཅད་དེ་ཐོས་པའི་རྒྱ་མཚོའི་ཕ་རོལ་སོན། མ་ཟད་༸སྐྱབས་རྗེ་སི་ཏུ་རིན་པོ་ཆེའི་ཞབས་ཕྱི་མཛད་ནས་མགོ་ལོག་ཏུ་ཕེབས་སྐབས་སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པ་དང་། རིན་པོ་ཆེ་རྣམ་གཉིས་བཀའ་མོལ་ཐོག་མདོ་སྔགས་ཀྱི་ཟབ་གནད་ལྟ་གྲུབ་ལ་དག་ཐེར་དང་རང་ལུགས་དྲི་མ་མེད་པའི་ཟབ་དོན་སྐོར་ལ་གླེང་མོལ་ཞིབ་རྒྱས་མཛད་པའི་ཞོར་དུ་ཁོང་ལའང་མདོ་སྔགས་ཀྱི་དོན་ལ་ངེས་ཤེས་ལྷག་པོར་རྙེད།

མཛད་པ་ཕྲིན་ལས་དང་རྒྱུད་འཛིན་བུ་སློབ།

དགུང་གྲངས་ཉེར་དགུར་ཕེབས་པ་རབ་ཚེས་མེ་འབྲུག་ལོ་ནས་རྗེ་ཉིད་རྒྱུད་སྡེ་བཤད་གྲྭའི་མཁན་པོའི་ཁྲི་ཐོག་ཏུ་མངའ་གསོལ་ནས་རིན་པོ་ཆེ་ཉིད་ནས་ལྗགས་རྩོམ་ཤིས་སྨོན་བསྩལ། བཤད་གྲྭའི་མཁན་པོར་སྔ་ཕྱི་ལོ་བདུན་བཞུགས་ནས་༸སྐྱབས་རྗེ་སི་ཏུ་པཎ་ཆེན་ཆོས་ཀྱི་རྒྱ་མཚོ་མཆོག་གི་བཀའ་བཞིན་སྒྲིག་ལམ་གསར་བཀོད་ཐོག་ཆོས་ཐུན་བཤད་ལུགས་ཐུན་དང་ཐུན་མཚམས་ཀྱི་དབྱེ་བ། ནང་ནུབ་རྒྱུན་གྱི་གསུང་ཆོག གཟན་ཤམ་མནབ་ལུགས་ཡན་ཆོད་ལ་ཞིབ་ཆ་མཛད་དེ་གཞུང་བརྒྱའི་བཤད་ཁྲིད་དང་ཀུན་སྤྱོད་སོགས་དག་ཐེར་མཛད་པས་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱིས་ཀཿཐོག་རྒྱུད་སྡེའི་བཤད་སྲོལ་འདི་ལ་རྙིང་མ་པ་ཞེས་བརྗོད་རན་འོས་པ་དང་ངོ་མཚར་བའི་གནས་སུ་མཆིས་ཞེས་བསྔགས་པ་མཛད། དེ་ལྟར་ཀཿཐོག་རྒྱུད་སྡེ་དགོན་དུ་མཁན་པོ་མཛད་པའི་རིང་ལ། དེ་གའི་དོན་གཉེར་ཅན་གྱི་སློབ་གཉེར་དང་བླ་སྤྲུལ། དེ་བཞིན་ཕྱོགས་མཐའ་ཁག་གི་དགོན་ལག་གྲྭ་རྒྱུན་གཞན་རྣམས་ལ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། ཟུར་པ་ཡབ་སྲས། དེ་བཞིན་འཇམ་མགོན་མི་ཕམ་རིན་པོ་ཆེའི་བཤད་སྲོལ་གཙོ་བོར་བསྐྱངས་ཏེ་སྐུ་ཚེ་ཧྲིལ་པོར་སྨིན་གྲོལ་གྱི་བཀའ་དབང་དང་། གཞུང་གི་འཆད་ཁྲིད་དང་བཀླག་ལུང་གང་དགོས་ལ་ངལ་བ་མེད་པར་མདོ་སྔགས་ཀྱི་གཞུང་ལུགས་འཆད་སྤེལ་རྒྱ་ཆེར་གནང་། དེ་བཞིན་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་དང་། སྐུ་ཞབས་འཇིགས་མེད་བདེ་ཆེན་རྡོ་རྗེ། སི་ཏུ་ཆོས་ཀྱི་ཉི་མ་སོགས་ཀྱི་བཀའ་བཞིན་ཉིན་དགོན་སྒྲུབ་སྡེའི་མཁན་པོ་ཡང་མཛད། མ་ཟད་དཔལ་ཡུལ་རྣམ་རྒྱལ་དགོན་དུ་སྔ་ཕྱི་ལན་ཁ་ཤས་ཕེབས་ཏེ་དར་ཐང་མཆོག་སྤྲུལ་རིན་པོའི་མདུན་དཔེ་རྒྱུན་དཀོན་པའི་དབང་ལུང་མང་པོ་གསན་རེས་གནང་བ་དང་། དཔལ་ཡུལ་ཀརྨ་སྐུ་ཆེན་རིན་པོ་ཆེའི་ཡང་སྤྲུལ་དང། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ། རྫོང་ནང་མཆོག་སྤྲུལ་ཐུབ་བསྟན་འཇམ་དཔལ་གྲུབ་པའི་བློ་གྲོས། གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་སོགས་མཁན་སྤྲུལ་བླ་གྲྭ་མང་པོ་ལ། གདམས་ངག་མཛོད་ཀྱི་སྨིན་གྲོལ་ཡོངས་རྫོགས་དང་། ཁམས་ལུགས་མདོ་དབང་སྦྲང་རྩིའི་ཆུ་རྒྱུན། ཀཿཐོག་པའི་ཞི་ཁྲོ་ཕུར་གསུམ། སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་དབང་ཁྲིད་དང་བཅས་པ་གསུངས། སྤྱི་ལོ་ ༡༩༤༤ ཤིང་ཕོ་སྤྲེལ་གྱི་ལོར་རྗེ་ཉིད་དཔལ་ཡུལ་བརྡ་གོ་རི་ཁྲོད་དུ་ཕེབས་ཏེ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་ཟླ་བ་མཆོག་གིས་མཁན་པོ་མཛད་ཅིང་། མཁན་པོ་ལེགས་བཤད་འབྱོར་ལྡན་མཆོག་གིས་ལས་ཀྱི་སློབ་དཔོན་གནང་སྟེ། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གསུམ་པའི་གཙོས་བླ་གྲྭ་འགའ་ལ་དགེ་ཚུལ་གྱི་སྡོམ་པ་སོགས་གནང་སྟེ་འདུལ་བའི་བསྟན་པ་སྤེལ། ཀུན་མཁྱེན་ངག་གི་དབང་པོ་ཞི་བར་གཤེགས་རྗེས་ལུང་རྟོགས་སྤྲུལ་སྐུ་ཨ་རྡོ་རིན་པོ་ཆེའི་ཐུགས་བཞེད་བཞིན་སྨྱོ་ཤུལ་ལྗོན་པ་ལུང་དུ་བཤད་གྲྭ་ཐོག་མར་དབུ་འཛུགས་པའི་དབུ་ཁྲིད་མཁན་པོར་ཕེབས་ཤིང་། སློབ་གྲྭ་འཛུགས་སའི་ས་འོག་ནས་ཨ་ར་པ་ཙ་ན་དྷཱི་དང་དུང་དཀར་སོགས་རང་བྱོན་ཡོད་པའི་རྡོ་ངོ་མཚར་ཅན་གསར་དུ་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས་པར་འགྲིགས། དེ་བཞིན་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་བཀའ་དགོངས་ལྟར། མཁན་པོ་གང་གིས་ཀཿཐོག་དང་རག་ཆབ། ཆབ་མདོ་སོགས་གྲོང་ཚོ་སོ་སོར་ཕེབས་ནས་ལས་འབྲས་དགེ་སྡིག་བླང་དོར་གྱི་ཁྲིད་གདམས་ངག་མཚང་རྒོལ་དང་། མ་ཎི་སིདྡྷི་བཟླས་བརྗོད་ཀྱི་དགེ་སྐུལ་སོགས་འཇམ་རྩུབ་ཐབས་མཁས་གང་འདུལ་བསྡུ་བ་རྣམ་བཞིའི་སྒོ་ནས་འབྲེལ་ཚད་དོན་ལྡན་གྱི་འགྲོ་དོན་གཞན་ལས་ལྷག་པ་རྒྱ་ཆེར་བསྐྱངས།

དེ་ལྟར་རྗེ་ཉིད་ཀྱིས་ཆོས་འཆད་སྤེལ་གནང་བ་ལས་ནམ་མཁའི་སྐར་ཚོགས་ལྟར་ཞལ་སློབ་གྲངས་ལས་འདས་པ་བྱུང་ཡང་གཙོ་བོའི་གྲས་སུ། མཁན་པོ་ནུས་ལྡན་མཁྱེན་བརྩེ་བློ་གྲོས། དཔལ་ཡུལ་མཆོག་སྤྲུལ་ཆོས་ཀྱི་ཟླ་བ། ཀཿཐོག་ཕྱག་ཚ་པདྨ་ཕྲིན་ལས། དྲི་སྲས་པདྨ་ཐུགས་རྗེ་དབང་ཕྱུག མཚུངས་མེད་དཔལ་ལྡན་ཡེ་ཤེས། སྐུ་ཞབས་འཇིགས་མེད་རྡོ་རྗེ། སི་ཏུ་ཨོ་རྒྱན་ཆོས་ཀྱི་ཉི་མ། གྲུབ་དབང་རྨོག་སྤྲུལ་རིན་པོ་ཆེ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། རྗེ་དབོན་ཡང་སྤྲུལ་ཚུལ་ཁྲིམས་རྒྱ་མཚོ། དཔལ་ཡུལ་ཀརྨ་སྐུ་ཆེན་ཡང་སྲིད། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ། དཔལ་ཡུལ་རྫོང་ནང་མཆོག་སྤྲུལ། གྱང་ཁང་སྤྲུལ་སྐུ། སྨྱོ་ཤུལ་ལུང་རྟོགས་སྤྲུལ་སྐུ། ཉིན་དགོན་སྤྲུལ་སྐུ་སྐལ་བཟང་སྟོབས་རྒྱལ། བྲི་རྡུང་ཡེ་ཤེས་ཕུན་ཚོགས་སྤྲུལ་སྐུ། མཁར་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ། འགོ་ཚ་མཁན་པོ་ཨོ་རྒྱན་བསྟན་འཕེལ། ཤིང་ཁྲི་མཁན་པོ་བསོད་ནམས་བསྟན་འཛིན། མཁན་ཆེན་འཇམ་དཔལ་རྒྱ་མཚོ། མཁན་བསྟན་འཛིན་ཆོས་འཕེལ་སོགས་མཁས་དང་བཙུན་པའི་ཡོན་ཏན་རྒྱ་ཆེར་མངའ་བའི་སློབ་མ་བཅུ་གསུམ་བྱུང་བར་ཡང་གྲགས་སོ།།

སྐུ་ཚེ་མཐའ་མའི་མཛད་ཕྲིན་དང་ཞིང་ལ་གཤེགས་ཚུལ།

རབ་རྒྱལ་ས་གླང་ལོར་ཟླ་བ་བཞི་པའི་ནང་༸སྐྱབས་རྗེ་སི་ཏུའི་ཡང་སྲིད་རིན་པོ་ཆེའི་མདུན་དང་གཞན་མཁན་སྤྲུལ་ཡོངས་ལ་དགོངས་ཞུས་ཐོག་རང་དགོན་དུ་ལོག་ནས་འཇམ་མགོན་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་བཞིན་རི་ཁྲོད་དུ་སྐུ་མཚམས་བཞུགས། ཟླ་བ་དགུ་པ་ནས་སྐུ་མཚམས་ཅུང་ལྷོད་དེ་སྟག་དགོན་ཡར་མར་གྱི་བླ་ཁག་མང་པོ་དང་རང་དགོན་གྱི་བླ་གྲྭ་ཡོངས་ལ་ཟབ་ཆོས་མཁའ་ཁྱབ་རང་གྲོལ་དབང་ལུང་དང་། ཀར་གླིང་ཞི་ཁྲོ། སྨིན་གླིང་རྡོར་སེམས། ཆགས་མེད་ཀར་གཅོད་སོགས་མོས་པ་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་ལྟར་གློ་བུར་དུ་སྐུ་ལ་སྙུན་གཞིས་བཟུང་སྟེ་ནད་ཚབས་ཇེ་ལྕིར་སོང་བ་ལ་རང་དགོན་གཙོས་པའི་ཡར་མར་གྱི་དགོན་ཁག་ཀུན་ཀྱིས་རིམ་གྲོ་རྒྱ་ཆེར་བསྒྲུབས་ཀྱང་ཡར་དྭངས་མ་བྱུང་བས། རང་དགོན་གྱི་བླ་མ་རྣམས་ནས་བཞུགས་ཞུས་ནན་དུ་བསྐུལ་བས་རྗེ་ཉིད་ཀྱིས་ཞལ་ནས། སྤྱིར་ཤི་རྒྱུ་ལ་དགའ་བའི་མི་སུ་ཡང་མེད་པས་རང་ཡང་དེ་ལྟར་ལོས་ཡིན། འོན་ཀྱང་། དུས་ལ་བབས་ན་དཔག་བསམ་ཤིང་ཡང་འགྱེལ་བ་ལྟར། དུས་ཐོག་སླེབས་ན་སུ་ལའང་བྱེད་རྒྱུ་ཅི་ཡོད་གསུངས་པ་དང་། ཡང་ཁྱེད་རྣམས་ཀྱིས་ང་ལ་སྤྲུལ་སྐུ་ཟེར་བ་འདྲ་བསུ་མི་དགོས། གལ་སྲིད་ང་ལ་སྤྲུལ་སྐུ་ཡོད་པའི་དབང་དུ་བཏང་ནའང་། སྤྲུལ་སྐུ་དེ་མ་བསུས་ཀྱང་བསྟན་འགྲོའི་དོན་རེ་འགྲུབ་ལོས་འགྲོ། དོན་མེད་ཀྱི་དཀའ་ཚེགས་མ་གནང་ཞེས་གསུངས། མཐར་དགུང་གྲངས་རེ་གསུམ་རབ་བྱུང་བཅུ་དྲུག་པའི་ས་གླང་སྤྱི་ལོ་ ༡༩༤༩ ཟླ་བ་ ༡༡ པའི་ཚེས་ ༠༣ ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་མོ།།

དེ་ལྟར་ཞིང་དུ་གཤེགས་རྗེས་ནམ་མཁའ་གཡའ་དྭངས་པའི་ངོས་སུ་འཇའ་སྤྲིན་ཁ་དོག་ལྔ་ལྡན་ཟླུམ་གོར་རི་མོ་བྲིས་པ་ལྟ་བུས་གཟིམ་ཁང་གི་སྟེང་དུ་ཤར་བ་དང་། ཤར་ཕྱོགས་ནས་ཉི་མ་དང་ལྷན་དུ་སྔར་མཐོང་མ་མྱོང་བའི་འོད་དཀར་པོ་ངོ་མཚར་ཅན་སོགས་ཤར། དེ་བཞིན་གཞན་ཡང་ཁ་བ་ལྟ་བུའི་མེ་ཏོག་དཀར་པོ་འདབ་མ་ཅན་གྱི་ཆར་སིམ་བབས་པ་སོགས་རྟགས་མཚན་ཁྱད་པར་ཅན་བྱུང་། དྲུག་བསྟོད་མཁན་རིན་པོ་ཆེ་ཨ་དགེ་དང་བླ་མ་ལེགས་བཤད་སོགས་གདན་ཞུས་ཐོག་རང་དགོན་བླ་གྲྭ་རྣམས་དང་ཞལ་སློབ་མཁན་སྤྲུལ་ཡོངས་ཀྱིས་སྨིན་གླིང་རྡོར་སེམས་ཆོ་ག་གསུངས་ནས་མཆོད་འབུལ་ཞིབ་རྒྱས་གནང་། སྐུ་གདུང་ཞུགས་འབུལ་ལེགས་པར་བསྒྲུབས་རྗེས་ཤ་རི་རམ་སོགས་གདུང་རིང་ལྔ་དང་རིང་བསྲེལ་མང་དུ་བབས་པ་སོགས་ངོ་མཚར་བའི་མཚན་རྟགས་དུ་མ་བྱུང་བའོ།།

ཁུངས་གཏུགས་སའི་ཡིག་ཆ།

༡༽ འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ་མཁན་ཆེན་བླ་མ་རྡོ་རྗེ་འཆང་ལེགས་པར་བཤད་པའི་འབྱོར་ལྡན་མཆོག་གི་རྣམ་ཐར་མདོར་བསྡུས་སྐལ་ལྡན་སྙིང་གི་པད་ཚལ་རྒྱས་པའི་ཉི་ཟེར།

༢༽ འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ་རྒྱལ་བ་ཀཿཐོག་པའི་ལོ་རྒྱུས་མདོར་བསྡུས།

༣༽ ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེས་མཛད་པ་དཔལ་ཀཿཐོག་པའི་ཆོས་འབྱུང་རིན་ཆེན་ཕྲེང་བ།

༤༽ ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོ་རྩོམ་སྒྲིག་པས་བསྐྱར་ཞུས་སྔ་འགྱུར་བསྟན་པའི་ཆུ་འགོ་དཔལ་ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོ་ཆོས་སྡེ་ཆེན་པོའི་སྣང་བརྙན་མིག་གི་དགའ་སྟོན་དད་པའི་གསོས་སྨན།

༥༽ སྤྱི་ལོ་ ༢༠༡༧ ལོར་དཔར་བའི་པདྨའི་རང་མདངས་ ༣༠ པ།

  1. འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པའི་མཁན་ཆེན་ལེགས་བཤད་འབྱོར་ལྡན་མཆོག་གི་རྣམ་ཐར། དཔེ་རིང་། ཤོག་གྲངས་ ༡༠༠༡ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།