འཇམ་མགོན་བླ་མ་དགྱེས་པའི་དོགས་གཅོད་ཆུ་བོའི་ཟེགས་མ།

ལོ་རིམ་གཉིས་པའི་སློབ་གཉེར་བ། པདྨ་བཀྲ་ཤིས།

གཞལ་བྱ་བདེན་པ་གཉིས་ཀྱི་གནས་ལུགས་ལ། །ཡང་དག་ཚད་མ་གཉིས་ཀྱི་འཇལ་བའི་ཚུལ།།
མཁྱེན་པའི་སྤྱན་ཟུང་ཡངས་པོས་གཟིགས་པ་ཡི། །འཇམ་མགོན་བླ་མས་དེང་འདིར་ཤིས་པ་སྩོལ།།

འཇིགས་མེད་ཆོས་ཀྱི་གསེར་ཁྲིར་མངའ་གསོལ་བའི། །ཐུབ་བསྟན་ཕྱོགས་ཀུན་སྤེལ་ལ་ཟླ་བྲལ་བ།།
བཤད་སྒྲུབ་ཉམས་དགའ་ལྡུམ་རས་ཡོངས་བསྐོར་བའི། །ཆོས་ཀྱི་སྒྲ་དབྱངས་སྒྲོག་མཛད་ཁྱེད་ཉིད་རྒྱལ།།

ཞེས་རྣམ་པ་ཀུན་ཏུ་བསྟོད་པར་འོས་པའི་ཡུལ་གོང་མ་རྣམས་ལ་མཆོད་པར་བརྗོད་པའི་ཤིས་ཚིག་གིས་སྔོན་བསུས་ནས། སྐབས་བབ་ཀྱི་གླེང་བར་བྱ་བ་ནི། མཁྱེན་བརྩེ་ནུས་གསུམ་ལ་འགྲན་ཟླ་དང་བྲལ་ཞིང་མཁས་པའི་རྩེ་མོ་འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་དུ་ནང་པའི་གྲུབ་མཐའ་བཞིའི་བདེན་གཉིས་མདོར་བསྟན་པ་ལས་འཕྲོས་ཏེ།

རྩ་བའི་ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་རྣམ་པར་དབྱེ་བ་ལ། དང་པོ་དོན་སྨྲ་སྡེ་གཉིས་ཀྱི་བདེན་གཉིས་བཞེད་ཚུལ་གླེང་བ། གཉིས་པ་དབུ་མ་རང་རྒྱུད་པའི་བདེན་གཉིས་མདོ་ཙམ་གླེང་ནས་འཕྲོས་དོན་དཔྱད་གཞི་བརྗོད་པ། གསུམ་པ་རྩོམ་པའི་དགོས་དམིགས་བཤད་ནས་མཇུག་བསྔོ་བས་མཐའ་སྐྱོང་བ་དང་བཅས་གསུམ་ལས། དང་པོ་ལའང་། དངོས་དང་། དེ་ལས་འཕྲོས་ཏེ་དོགས་སློང་བརྗོད་པ་གཉིས་ལས།

དང་པོ་ནི། གྲུབ་མཐའ་མཛོད་ལས།[1] རིག་པས་གཞིག་སྟེ་བསལ་ཡང་རྡུལ་ཕྲ་རབ་ཏུ་འཛིན་པའི་བློ་མི་འདོར་བ་དོན་དམ་པའི་མཚན་ཉིད་དུ་གནས་པས་དོན་དམ་པའི་དངོས་པོ་ཡིན་ལ། རགས་པ་ནི་གཉེན་པོས་བཅོམ་པ་དང་ཆའི་དབྱེ་བས་དེར་འཛིན་པའི་བློ་འདོར་བ་ཀུན་རྫོབ་བདེན་པའི་མཚན་ཉིད་ཡོད་པས། ཀུན་རྫོབ་པའི་དངོས་པོ་ཡིན་ཏེ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པ་ལྟར་བྱེ་བྲག་སྨྲ་བའི་རང་ལུགས་ལ་ཆ་བཅས་གཟུགས་སོགས་རགས་པ་ཐོ་བ་དང་རྩོལ་བས་བཅོམ་ན་རང་འཛིན་གྱི་བློ་འདོར་དུ་རུང་བ་ཡིན་པ་དང་། དེ་བཞིན་ཤེས་པ་སྐད་ཅིག་སྔ་ཕྱི་ཆ་དང་བཅས་པའི་རྒྱུན་ལ་བློ་གཞན་གྱིས་གཉེན་པོའི་ཚུལ་གྱིས་བསལ་ན་རང་འཛིན་གྱི་བློ་འདོར་རུང་ཡིན་པས་ན་ཀུན་རྫོབ་བདེན་པ་དང་། རང་འཛིན་གྱི་བློ་མི་འདོར་བ་ཤེས་པ་སྐད་ཅིག་ཆ་མེད་དང་བེམ་པོ་རྡུལ་ཕྲན་ཆ་མེད་གཉིས་དོན་དམ་དུ་འདོད་དགོས་ཏེ་དེ་གཉིས་ནི་བེམ་ཤེས་རགས་པའི་རྩོམ་གཞིར་བྱས་ཏེ་རགས་པ་འདི་ཀུན་སྣང་བར་ཡང་འཐད་དོ་ཞེས་འདོད། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[2] དོན་དུ་འདི་ལྟར་འདོད་དེ། བཅོམ་ཞིང་གཞན་བསལ་བར་གྱུར་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་རགས་པ་རྣམས་ཀུན་རྫོབ། མི་འདོར་བ་ཤེས་པ་སྐད་ཅིག་ཆ་མེད་ཙམ་དང་བེམ་པོ་རྡུལ་ཕྲན་ཙམ་དོན་དམ་དུ་ཡོད་དགོས་ཏེ། དེ་མེད་ན་བེམ་ཤེས་རགས་པ་འདི་ཀུན་རྩོམ་གཞི་མེད་པས་འདི་ལྟར་སྣང་བར་ཡང་མི་འཐད་དེ་སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་པའོ། །ཞེས་གསུངས་པ་བཞིན་ནོ།།

གཉིས་པ་དེ་ལས་འཕྲོས་ཏེ་དོགས་སློང་བརྗོད་པ་ནི། མདོ་སྡེ་པའི་བདེན་གཉིས་ཇི་ལྟར་འདོད་མིན་ཆོས་ར་ཆེན་མོ་འདི་ཡི་ནང་བཞེད་ཚུལ་མི་མཐུན་པ་གཉིས་བྱུང་སྟེ། ཁ་ཅིག་གིས། རྣམ་འགྲེལ་ལེའུ་གསུམ་པ་ལས།[3] དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་གསུངས་པ་ལ་ཁུངས་གཏུགས་ནས་དོན་དམ་པར་དོན་བྱེད་མི་ནུས་པ་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། དོན་དམ་པར་དོན་བྱེད་ནུས་པའི་ཆོས་དོན་དམ་བདེན་པའི་མཚན་ཉིད། དེ་དང་དངོས་པོ་དོན་གཅིག་ཅེས་ས་གྲགས་གནམ་གྲགས་ཡིན་དུ་ཟིན་ཀྱང་དེ་ལྟར་བཞག་ན་ལུང་རིགས་གཉིས་དང་མི་འགལ་ལམ་སྙམ་པའི་དོགས་པ་ཞིག་རང་བཞིན་གྱིས་སྐྱེ་འོང་བ་ཡིན། རང་ལུགས་ལ་བྱེ་བྲག་སྨྲ་བ་ལས་མདོ་སྡེ་པ་གྲུབ་མཐའ་མཐོ་བ་ཡིན་པར་ཞལ་བཞེས་གནང་དང་གནང་མུས་སུ་བདེན་གཉིས་གཏན་ལ་དབབ་ཚུལ་ལ་བསམ་ན། མདོ་སྡེ་པ་ལས་བྱེ་བྲག་སྨྲ་བ་ཁྱད་པར་འཕགས་ཏེ་བྱེ་སྨྲས་ཆ་མེད་གཉིས་པོ་འབའ་ཞིག་དོན་དམ་འདོད་པ་ལས་རགས་པ་དག་ཀུན་རྫོབ་ཏུ་བརྗོད། མདོ་སྡེ་པས་རགས་པ་ཆ་བཅས་ཆ་མེད་དོན་བྱེད་ནུས་པའི་དངོས་པོ་ཡིན་ན་དོན་དམ་བདེན་པ་ཡིན་པས་ཁྱབ་པ་ཆེས་འཐད་དེ་དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། ཁ་ཅིག་གིས་དོན་དམ་གཏན་ལ་འབེབས་ཚུལ་ལ་བྱེ་སྨྲ་འཕགས་ཀྱང་ཐ་སྙད་དུ་དུས་གསུམ་རྫས་གྲུབ་སོགས་འདོད་པའི་རྒྱུ་མཚན་གྱིས་དེ་ལས་མདོ་སྡེ་པ་གྲུབ་མཐའ་མཐོ་བ་ཡིན་གསུངས་ཀྱང་དེ་ནི་རིགས་པར་འོས་པ་མ་མཐོང་། དབུ་མ་རྒྱན་གྱི་སྤྱི་དོན་ལས།[4] བདེན་གཉིས་ཟུང་དུ་ཆུད་ཚུལ་གྱི་རྟོགས་པའི་རྩལ་འཕངས་ལས་དོན་དམ་པ་གཏན་ལ་འབེབས་ཚུལ་ལ་ཁྱད་ཡོད་པ་ལས། ཐ་སྙད་བཞེད་ཚུལ་ཙམ་གྱིས་གྲུབ་མཐའི་མཐོ་དམན་མི་རུང་ངོ་། །ཞེས་གསུངས་པ་དང་མི་འགལ་ལམ་སྙམ། འོ་ན་མདོ་སྡེ་པའི་བདེན་གཉིས་དངོས་ཇི་ལྟར་ཡིན་ཞེ་ན། དེ་ཉིད་ལས།[5]  དེ་ལས་དོན་སྨྲ་སྡེ་གཉིས་པོ་ལ་བྱེ་བྲག་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་དོན་དུ་འདི་ལྟར་འདོད་དེ། བཅོམ་ཞིང་གཞན་བསལ་བར་གྱུར་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་རགས་པ་རྣམས་ཀུན་རྫོབ། མི་འདོར་བ་ཤེས་པ་སྐད་ཅིག་ཆ་མེད་ཙམ་དང་བེམ་པོ་རྡུལ་ཕྲན་ཆ་མེད་ཙམ་དོན་དུ་ཡོད་དགོས་ཏེ། དེ་མེད་ན་བེམ་ཤེས་རགས་པ་འདི་ཀུན་རྩོམ་གཞི་མེད་པས་ན་འདི་ལྟར་སྣང་བར་ཡང་མི་འཐད་དེ་སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་པའོ།  །ཞེས་དང་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་ཀྱང་།[6] མདོ་སྡེ་པས་ནི་ཆ་མེད་གཉིས་དང་བདག་མེད་འདོད་ཚུལ་གོང་དང་འདྲ་ལ། ཞེས་གསུངས་པ་བཞིན་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀས་ཆ་མེད་གཉིས་པོ་དོན་དམ་བདེན་པ་དང་བེམ་ཤེས་རགས་པ་བཅོམ་ཞིང་གཞན་བསལ་ན་རང་འཛིན་གྱི་བློ་འདོར་དུ་རུང་བ་དག་ཀུན་རྫོབ་བདེན་པར་འདོད་པ་གཅིག་མཚུངས་ཡིན། འོ་ན་དེ་གཉིས་ཀྱི་གྲུབ་མཐའ་ལ་མཐོ་དམན་མེད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས།[7]དེ་དག་ནི་ཕྱི་དོན་གཞལ་བ་ལ་དངོས་སྟོབས་ཀྱི་རིགས་པ་དང་ལྡན་ཞིང་བཏགས་པ་རྣམས་ལ་རྫས་སུ་གྲུབ་པའི་ངོ་བོ་མེད་པར་རྟོགས་པ་སོགས་ཀྱིས་དངོས་པོའི་དོན་ལ་ཕྱིན་ཅི་མ་ལོག་པར་གཞལ་བའི་ཚུལ་འགའ་ཞིག་གིས་བྱེ་སྨྲའི་གྲུབ་མཐའ་ལས་འཕགས་སོ། །གསུངས་པ་བཞིན་འདི་ནི་བྱེ་སྨྲ་ལས་ཁྱད་པར་འཕགས་པའོ། །ཡང་ཁ་ཅིག་གིས་སྤྱི་དོན་ལས་གསུངས་པ་དེ་རིགས་པའི་རྗེས་འབྲངས་མདོ་སྡེ་པ་དང་རྣམ་འགྲེལ་ལས་མདོ་སྡེ་པའི་བདེན་གཉིས་བསྟན་པར་འགྲེལ་བ་དེ་ལུང་གི་རྗེས་འབྲངས་མདོ་སྡེ་པའི་འདོད་པ་ཡིན་ཞེས་དམ་བཅས་ཀྱང་། དེ་ཡང་འོས་པ་ཞིག་ཡིན་ནམ་སྙམ་པའི་ཐེ་ཚོམ་གྱི་དྲ་བ་ལས་མ་བྲལ་བ་ཡིན་སྟབས་ཕྲན་གྱིས་ནི་ཁས་ལེན་དཀའ་སོང་། གལ་ཏེ་དེ་ལྟར་ཡིན་དུ་ཆུག་ནའང་བྱེ་བྲག་སྨྲ་བ་ལས་གྲུབ་མཐའ་མཐོ་བའི་མདོ་སྡེ་པ་ཞིག་དང་དེ་ལས་གྲུབ་མཐའ་དམན་པའི་མདོ་སྡེ་པ་གཉིས་བྱུང་བར་ཐལ་ལོ།།

ཡང་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་དུ་ནན་ཏན་གྱིས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་ཐ་སྙད་དུ་གཞལ་བྱ་མཚན་ཉིད་པ་ཡིན་ན་དོན་བྱེད་ནུས་པའི་དངོས་པོ་ཁོ་ན་ཡིན་དགོས་གསུངས་པ་དེ་ཡང་མདོ་སྡེ་པས་གཞལ་བྱ་རང་མཚན་གཅིག་ཁོ་ན་འདོད་པའི་སྐས་ལ་རྣམ་པར་བརྟེན་ནས་འདི་པས་ཀྱང་དེ་དང་མཐུན་པར་དངོས་པོ་ལ་ལྟོས་ནས་བཏགས་པའི་སྒྲོ་བཏགས་ནམ་མཁའ་ལ་སོགས་པ་གཞལ་བྱ་མཚན་ཉིད་པ་མ་ཡིན་པར་ཁས་ལེན་ནོ་གསུངས་ཡོད་དེ། དབུ་མ་རྒྱན་ལས།[8] མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་དང་རྒྱན་འགྲེལ་ལས།[9] ཐ་སྙད་རང་ལ་ནང་གསེས་ཡང་དག་ཡིན་མིན་གཉིས་ཕྱེ་བའི་དོན་བྱེད་ནུས་དོན་དམ་དུ་ཡོད་པར་འདོད་པ་འདི་མདོ་སྡེ་པ་དང་མཐུན་ལ། ཆོས་ཀྱི་གྲགས་པས་ཀྱང་། གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །ཞེས་དང་དེ་ཉིད་ལས།[10]  དང་པོ་ཡུལ་གཞལ་བྱ་མཚན་ཉིད་པ་ཀུན་རྫོབ་ནི་དོན་བྱེད་ནུས་པ་ཡིན་གྱི། ཞེས་དང་དེ་ཉིད་ལས།[11] དེས་ན་ཀུན་རྫོབ་ནི་དོན་བྱེད་ནུས་ཀྱི་དངོས་པོ་ཁོ་ན་ལ་འཇོག་ལ། དེ་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ན་སྐད་ཅིག་མ་ཡིན་པས་ཁྱབ་སྟེ། གཞན་སྐད་ཅིག་མ་མིན་པ་ནི་རིམ་དང་ཅིག་ཤོས་ཀྱི་དོན་བྱེད་པ་དང་འགལ་བའི་ཕྱིར་རོ། །ཚུལ་འདི་ཀུན་རྫོབ་བཤད་པའི་སྐབས་སུ་གནད་ཆེའོ། །ཞེས་གསུངས་ན་མདོ་སྡེ་པས་ཆ་མེད་གཉིས་སྤྱི་མཚན་འདོད་པ་ཡིན་པས་དེ་གཉིས་གཞལ་བྱ་མ་ཡིན་པར་ཐལ། གཞལ་བྱ་རང་མཚན་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་དང་། གཞལ་བྱ་རང་མཚན་གཅིག་ཁོ་ན་ཞེས་གསུངས་པ་ལྟར་རང་མཚན་ཡིན་དགོས་པའི་ཕྱིར་རྟགས་ཀྱང་གྲུབ་སྟེ་དོན་དམ་བདེན་པ་ཡིན་པའི་ཕྱིར། འདི་པའི་ལུགས་ལ་ཁྱབ་པ་མེད་པར་འདོད་ན་འདི་པའི་ལུགས་ལ་དོན་དམ་བདེན་པར་འདོད་པའི་ཆ་མེད་གཉིས་པོ་ཆ་མེད་མ་ཡིན་པར་མི་འདོད་ཅེས་ཁས་ལེན་དཀའ་སྟེ་གཟུགས་རྡུལ་རགས་པ་རྩོམ་གཞི་ཆ་མེད་གཉིས་ཁས་ལེན་པ་གསལ་པོ་གསུངས་པའི་ཕྱིར། དབུ་མ་པས་ནི་ཆ་མེད་ཡོད་ན་རགས་པ་མི་གྲུབ་པའི་ཐལ་བར་འདོད་དེ། དབུ་མ་རྒྱན་ལས།[12] དབུས་ནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །ཞེས་གསུངས་པ་བཞིན་མདོ་སྡེ་པའི་ལུགས་ལ་ཆ་མེད་གཉིས་པོ་དེ་ལྟར་མི་དགོས་པར་ཡོངས་གྲགས་སུ་བསྙད་བདེ་པའི་ལན་ཞིག་ཡིན་ནའང་མདོ་སྡེ་པའི་ལུགས་ལ་རིགས་པ་དང་མཐུན་པའི་ཆ་མེད་ཀྱི་ཚད་ཇི་ལྟར་འཇོག་ཀྱང་ཕྱོགས་གཞན་ནས་བསམ་གཞིག་བགྱིས་ནའང་མདོ་སྡེ་པས་ཆ་མེད་གཉིས་པོ་བེམ་ཤེས་ཕྲ་རགས་ཀྱི་རྩོམ་གཞིར་འདོད་བཞིན་དུ། བདེན་གྲུབ་ཀྱང་ཡིན་ཞེས་ཞལ་བཞེས་གནང་བ་པོ་དབུ་མ་པ་ཡིན་ཕྱིར་རྟག་ཏུ་ཡོད་ཡོད་ཁ་དང་མེད་མེད་ཁ་ཡིན་དགོས་ཏེ། དབུ་མ་རྒྱན་ལས།[13] སྐད་ཅིག་མ་རྣམས་འདི་དག་ཏུ། །རང་དབང་འབྱུང་བར་འདོད་ན་ནི། །གཞན་ལ་ལྟོས་པ་མེད་པའི་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་གསུངས་སོ།།

གཉིས་པ་དབུ་མ་རང་རྒྱུད་པའི་བདེན་གཉིས་མདོ་ཙམ་གླེང་ནས་འཕྲོས་དོན་དཔྱད་གཞི་བརྗོད་པ།

དེ་ཡང་རང་རྒྱུད་པའི་བདེན་གཉིས་ནི། ཡབ་སྲས་མཇལ་བའི་མདོ་ལས།[14]  འཇིག་རྟེན་མཁས་པའི་བདེན་པ་འདི་གཉིས་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་དང་། མདོ་ལང་ཀར་གཤེགས་པ་ལས།[15] ཀུན་རྫོབ་ཏུ་ནི་དངོས་རྣམས་ཡོད། །དོན་དམ་དུ་ནི་རང་བཞིན་མེད། །རང་བཞིན་མེད་ལ་གང་ནོར་བ། །དེ་ནི་ཀུན་རྫོབ་བདེན་པ་ཡིན། །ཞེས་གསུངས་པ་ལྟར་ཀུན་རྫོབ་བདེན་པའི་མཚན་ཉིད་ནི། གྲུབ་མཐའ་མཛོད་ལས།[16] ཆོས་ཅན་གང་ཞིག་རིག་པས་དཔྱད་བཟོད་པ། ཞེས་པ་ལྟར་དེ་ལ་དབྱེ་ན་གཉིས་ཏེ། བདེན་གཉིས་ལས།[17] སྣང་དུ་འདྲ་ཡང་དོན་བྱེད་དག།།ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་དང་། དོན་དམ་བདེན་པའི་མཚན་ཉིད་ནི་གྲུབ་མཐའ་མཛོད་ལས།[18] གང་ཞིག་རིག་པས་དཔྱད་བཟོད་པ། ཞེས་གསུངས་པ་ལྟར་དེ་ལ་དབྱེ་ན། རྣམ་གྲངས་པའི་དོན་དམ་བདེན་པ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས་ལས། རང་རྒྱུད་པའི་བདེན་གཉིས་ཕྱེ་བའི་ཀུན་རྫོབ་ཀྱི་ཟླ་བོར་གྱུར་བའི་དོན་དམ་བདེན་པ་ནི་རྣམ་གྲངས་པའི་དོན་དམ་ཡིན་པར་བརྗོད་རིགས་ཏེ། ཡང་ཁ་ཅིག་གིས་གྲུབ་མཐའ་མཛོད་དུ་རང་རྒྱུད་པའི་ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་ཟུར་ལ་ཆོས་ཅན་གང་ཞིག་ཡོད་པ་ལྟར་དོན་དམ་བདེན་པའི་མཚན་ཉིད་ཀྱི་མགོ་ལའང་ཆོས་ཉིད་གང་ཞིག་ཅེས་པའི་ཟུར་བརྒྱན་དགོས་ཚུལ་བཤད་པ་དང་། གྲུབ་མཐའ་མཛོད་རང་ན་ཆོས་ཅན་གང་ཞིག་ཅེས་སྦྱར་མེད་པའང་ཡི་གེ་ཆད་ལྷག་ཤོར་བ་ངོས་འཛིན་བྱེད་པ་ནི་རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ནོ། །ཆོས་ཉིད་གང་ཞིག་མ་གསུངས་པའི་དགོས་པ་དང་རྒྱུ་མཚན་ཅིས་ཀྱང་ཡོད་དེ། གལ་ཏེ་ཆོས་ཉིད་གང་ཞིག་རིགས་པས་དཔྱད་མི་བཟོད་པ་རང་རྒྱུད་པའི་དོན་དམ་བདེན་པའི་མཚན་ཉིད་དུ་འདོད་ན་མཐུན་པའི་དོན་དམ་ཡང་ཆོས་ཉིད་ཡིན་པར་ཐལ། འདོད་ན་དེ་ཡང་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་སྤྲོས་བྲལ་དབུ་མ་མཚན་ཉིད་པ་ཡིན་པར་ཐལ། དེའང་འདོད་ན་རང་རྒྱུད་པས་སྐབས་གང་དུའང་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་པར་ཐལ་ལོ། །ཆོས་ཉིད་མ་གསུངས་པའི་རྒྱུ་མཚན་ནི་རང་རྒྱུད་པའི་ཀུན་རྫོབ་ཀྱི་ཟླ་བོར་གྱུར་བའི་དོན་དམ་བདེན་པ་དེ་ཉིད་སྐབས་ཀྱི་མཚན་ཉིད་གསུམ་ལྡན་གྱི་ཀུན་རྫོབ་བདེན་པ་ལ་ལྟོས་ཏེ་དོན་དམ་དང་མཐར་ཐུག་དོན་དམ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ལ་ལྟོས་ན་ཀུན་རྫོབ་ཡིན་པར་གྱུར་བའི་རྣམ་གྲངས་པའི་དོན་དམ་ཡིན་པ་གསལ་ཕྱིར་ཡིན་ཏེ། འཇམ་མགོན་མི་ཕམ་པའི་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[19] སྟོང་ཉིད་མེད་དགག་ནི་ཐ་སྙད་ཀུན་བྲལ་གྱི་དོན་དམ་མཚན་ཉིད་པ་ལ་ལྟོས་ཏེ་ཀུན་རྫོབ་ཏུ་བཞག་གི རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་ཟླ་བོ་ཀུན་རྫོབ་དེ་ག་ལ་ཡིན་ཏེ་དེའི་དབང་དུ་ན་དོན་དམ་ཡིན་ནོ།  །ཞེས་གསུངས་པ་ལྟར་རོ།།

དེ་ལས་འཕྲོས་ཏེ་རྙོག་འཛིང་ཆེས་ཆེ་བ་ཞིག་ནི་རིགས་པས་དཔྱད་བཟོད་པ་ཡིན་ན་བདེན་གྲུབ་ཡིན་དགོས་དང་མི་དགོས་ཞེས་པ་དེ་ཡིན། སྐུ་ཉིད་ཀྱི་དགོངས་པ་བཞེས་ཕྱོགས་སུ་རིགས་པས་དཔྱད་བཟོད་ན་བདེན་གྲུབ་ཡིན་པས་ཁྱབ་བམ་མ་ཁྱབ། ཁ་ཅིག་གིས་མཐར་ཐུག་དོན་དཔྱོད་རིགས་པས་དཔྱད་བཟོད་ན་བདེན་གྲུབ་ཡིན་དགོས་ཀྱང་། གནས་སྐབས་དོན་དཔྱོད་རིགས་པས་དཔྱད་བཟོད་ན་བདེན་གྲུབ་ཡིན་པས་མ་ཁྱབ་ཅེས་བློ་ཐག་ཆོད་པོ་དང་སྐད་གསང་མཐོན་པོས་དམ་བཅས་ཀྱང་དེ་ནི་འཐད་པར་འོས་པ་མ་མཐོང་། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་གྲུབ་མཐའ་མཛོད་ལས།[20] མཐར་ཐུག་དཔྱོད་པའི་རིགས་པས་དགག་པར་ནུས་པ་ལ་དཔྱད་མི་བཟོད་པ་ཟེར་ཞིང་རིགས་པ་གང་གིས་ཀྱང་དགག་པ་མི་ནུས་པ་ལ་དཔྱད་བཟོད་པ་ཞེས་བྱའོ། །གསུངས་ན་རྣམ་གྲངས་པའི་དོན་དམ་དུ་གྱུར་བའི་རང་རྒྱུད་པའི་དོན་དམ་བདེན་པ་དེ་རིགས་པ་གང་གིས་ཀྱང་དགག་པར་མི་ནུས་པ་ཡིན་ཏེ་རིགས་པས་དཔྱད་བཟོད་པ་ཡིན་པའི་ཕྱིར། འདོད་ན་དེ་བདེན་གྲུབ་ཏུ་ཐལ་ཏེ་མཐར་ཐུག་རིགས་པས་དགག་མི་ནུས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རིགས་པ་གང་གིས་ཀྱང་ཞེས་གསུངས་པའི་ཚིག་དོན་ནི་གང་སྒྲ་དེ་ཉིད་སྤྱི་སྒྲ་དང་ཀྱང་སྒྲ་དེ་སྡུད་པའི་རྒྱན་སྡུད་ཡིན་པས་དེ་འདྲའི་ཚིག་གི་ནུས་པས་གནས་སྐབས་དོན་དཔྱོད་རིགས་པ་དང་མཐར་ཐུག་དོན་དཔྱོད་རིགས་པ་གཉིས་ཀས་དགག་པ་མི་ནུས་པ་ལ་རིགས་པས་དཔྱད་བཟོད་པ་དོན་གྱིས་གོ་སྟེ་དེ་ལྟར་མིན་ན་གང་གིས་ཀྱང་གསུངས་པའི་ཚིག་ལ་རྣམ་བཅད་མེད་པ་ཡིན་ཞེས་འདོད་ན་ཉེས་པའི་རྒྱུ་མིན་ནམ་སྙམ།

དེ་ལྟར་དུ་ཁས་ལེན་ན་མཐར་ཐུག་དོན་དཔྱོད་རིགས་པའམ་རྣམ་གྲངས་མ་ཡིན་པའི་དོན་དམ་དཔྱོད་བྱེད་རིགས་པས་དགག་པ་མི་ནུས་ཤིང་མི་ཁེགས་ན་བདེན་གྲུབ་ཡིན་དགོས་པ་ཁྱེད་ཀྱི་རྩ་བའི་དམ་བཅའ་ཡིན་པས་སྟོན་ཀའི་སྤྲིན་ལྟར་གཡོ་བ་ཕོད་དམ། ཕོད་ན་དབུ་མ་རང་རྒྱུད་པ་དབུ་མ་པ་མ་ཡིན་དགོས་ཏེ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་གང་ཞིག་བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་ཁས་མི་ལེན་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ་དེ་ནི་དབུ་མ་པའི་མཚན་ཉིད་ཡིན་པའི་ཕྱིར་དབུ་མ་པ་ཡིན་ན་བདེན་པར་གྲུབ་པའི་ཆོས་རྩ་བ་ནས་ཁས་མི་ལེན་པ་ཡིན་དགོས་ཏེ། དབུ་མ་རྒྱན་གྱི་སྤྱི་དོན་ལས།[21] མདོར་ན་མཐུན་སྣང་གི་དངོས་པོ་འདི་ཙམ་དགག་པའི་དབུ་མ་པ་སུ་ཡང་མེད་ལ། རང་བཞིན་བདེན་གྲུབ་ཀྱི་དངོས་པོར་འདོད་པའི་དབུ་མ་པ་སུ་ཡང་མེད་ཀྱང་། ཞེས་གསུངས་པའི་ཕྱིར་རང་ལུགས་ལ་དབུ་མ་པ་ཡིན་ན་བདེན་གྲུབ་མི་བཞེད་པ་ཞིག་དགོས་པའི་ཕྱིར།

སྤྱིར་ལུང་ཁུངས་གུང་བསྒྲིགས་ནས་དཔྱད་ན་དོན་དཔྱོད་རིགས་པས་དགག་མི་ནུས་པའམ་མི་ཁེགས་པའི་རིགས་པ་དེས་དཔྱད་བཟོད་ན་བདེན་གྲུབ་ཡིན་དགོས་པར་སྣང་སྟེ། དབུ་མ་རྒྱན་གྱི་སྤྱི་དོན་ལས།[22]  དོན་དམ་དཔྱོད་པས་དཔྱད་ནས་མི་བཟློག་པའམ་མི་ཁེགས་པ་ཞིག་ཡོད་ན་བདེན་གྲུབ་ཏུ་འགྱུར་བས་ན།  ཞེས་དང་། དེ་ཉིད་ལས།[23]  དཔེར་ན་བདེན་གྲུབ་ཅེས་པའང་དོན་དམ་དཔྱོད་པས་དཔྱད་བཟོད་དུ་གྲུབ་པ་ལ་གྲགས་ཆེ་བས་ཕལ་ཆེར་དེ་ལྟར་གོ་བ་ཡིན་གྱི། ཞེས་སོགས་གཞུང་གཞན་དུའང་གསུངས་ཡོད་ན་འདིར་ནི་ཡིག་ཚོགས་ལ་འཇིགས་ནས་འདི་གཉིས་དཔེ་མཚོན་ཙམ་དུ་དྲངས་པ་ཡིན། འོན་ཀྱང་དོན་དམ་དཔྱོད་པས་དཔྱད་ན་མི་བཟློག་པའི་ཐ་སྙད་ཀྱི་སྐྱེ་བ་ཞེས་པ་དང་གོང་དུ་དྲངས་པའི་ལུང་ཚིག་ཟུར་དུ་ཕལ་ཆེར་དེ་ལྟར་གོ་བ་ཡིན་གྱི་ཞེས་གསུངས་པ་ལ་བསམ་གཞིག་བགྱིས་ན་མཐུན་པའི་དོན་དམ་ལ་དེ་ལྟར་བརྡ་མཛད་པའི་སྐབས་ཡོད་པར་མངོན་ཏེ། དེ་ཉིད་ལས།[24] དེའང་དོན་དམ་ལ་དཔྱོད་པའི་རིགས་པས་དཔྱད་ན་མི་བཟློག་པའི་ཐ་སྙད་ཀྱི་སྐྱེ་བ་དང་དེའི་སྟེང་གི་སྐྱེ་མེད་གཉིས་གང་ཡང་མི་རྙེད་པར་མགོ་མཉམ་པའི་ཕྱིར་རྣམ་གྲངས་མིན་པའི་དོན་དམ་གྱི་སྐབས་འདིར་ཐལ་རང་དགོངས་པ་གཅིག་ཏུ་གྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་སྟོང་ཉིད་མེད་དགག་ལ་དོན་དམ་དཔྱོད་པས་མི་བཟློག་པའམ་མི་ཁེགས་པ་ཞེས་བརྡ་སྦྱར་བ་ཙམ་དུ་གོ་བའམ་ཡང་ན་དོན་དཔྱོད་རིགས་པས་མི་ཁེགས་པ་ཞིག་ལ་གོ་བ་ཡིན་ཕྲན་གྱིས་ཁ་ཚོན་གཅོད་མ་ཤེས་སོ།།

གོང་ལྟར་ཁ་ཅིག་གིས་རྣམ་གྲངས་པའི་དོན་དམ་དཔྱོད་བྱེད་རིགས་པས་མི་ཁེགས་པ་ཞིག་ཡོད་ན་བདེན་གྲུབ་ཡིན་མི་དགོས་ཞེས་དམ་བཅའ་བ་རྣམས་ལ་བྲོས་མི་ཚུགས་པའི་རིགས་པའི་གནོད་པ་གཞན་ཡང་དབང་མེད་དུ་མགོ་ཐོག་ཏུ་ལྷུང་མི་སྲིད་པ་མ་ཡིན་པར་སེམས། རང་རྒྱུད་པའི་དོན་དམ་བདེན་པ་དེ་རྣམ་གྲངས་པའི་དོན་དམ་དཔྱོད་བྱེད་རིགས་པས་མི་ཁེགས་པ་ཡིན་ན་དོན་དཔྱོད་རིགས་པ་དེའི་ངོར་ཡོད་པར་འདོད་དགོས་པས་དེ་དོན་དམ་པར་ཡོད་པར་ཐལ་ལོ། །དོན་དམ་པར་ཡོད་པར་ཁས་ལེན་ན་རྣམ་གྲངས་པའི་དོན་དམ་དུ་གྱུར་བའི་དོན་དམ་བདེན་པ་དེ་ཉིད་འདི་པའི་ལུགས་ལ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་མ་ཡིན་པར་ཐལ་ཏེ་རྟག་ཆད་ཀྱི་མཐའ་བྲལ་ཚུལ་ལ་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་མཐའ་བྲལ་ཚུལ་ཞིག་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་འབེབས་སྐབས་སུ་བྲལ་ཚུལ་གཉིས་ཡོད་པ་ལས་དང་པོ་ནི་དོན་དམ་དུ་མེད་པས་ཡོད་མཐའ་སེལ། ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཡོད་པས་མེད་མཐའ་སེལ་བ་ཡིན་ཏེ། མཁན་ཆེན་བརྩོན་འགྲུས་ཀྱིས་མཛད་པའི་དབུ་མ་རྒྱན་གྱི་མཚན་དོན་ལས།[25] རྟག་ཆད་ཀྱི་མཐའ་དང་བྲལ་ཚུལ་ལའང་གཉིས་ཏེ། རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་མཐའ་གཉིས་བྲལ་བའི་ཚུལ་ལོ། །དང་པོ་ནི་དོན་དམ་པར་རང་བཞིན་མེད་པས་ཡོད་པའི་མཐའ་སེལ། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་ཡོད་པས་མེད་པའི་མཐའ་སེལ་བ་ཡིན་ལ། ཕྱི་མ་ནི་རང་བཞིན་མ་གྲུབ་བཞིན་དུ་སྣང་བས་ཡོད་པའི་མཐའ་སེལ། སྣང་བཞིན་དུ་སྟོང་བས་མེད་པའི་མཐའ་སེལ་བ་སྟེ། མཐའ་བྲལ་མཚན་ཉིད་པ་ནི་ཕྱི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་དེ་ལྟར་ཡིན་པ་ལགས་ན་ཁྱེད་ཀྱི་ལུགས་ལ་རྣམ་གྲངས་པའི་དོན་དམ་བདེན་པ་དེ་འདི་པའི་ལུགས་ལའང་རྟག་མཐར་ལྷུང་བ་ཡིན་འདུག གང་གི་ཕྱིར་ན་དོན་དམ་པར་ཡོད་པའི་ཕྱིར་རོ།།

གསུམ་པ་རྩོམ་པའི་དགོས་དམིགས་བཤད་ནས་མཇུག་བསྔོ་བས་མཐའ་སྐྱོང་བ་དང་བཅས་གསུམ་ལས།

འདི་ནི་དཔྱད་རྩོམ་ཡིན་པར་སྨྲ་བའི་སྤོབས་པ་ཕྲན་ལ་མ་མཆིས་ཀྱང་སྤྱི་ཡོངས་ནས་དགོས་ཚན་གསུམ་ལ་དམིགས་ནས་དཔྱད་གཞིའི་ཚུལ་དུ་བྲིས་པ་ལགས་ན། དགོས་ཚན་དང་པོ་ནི། ཀློག་པ་པོ་རྣམས་ལས་དབུ་མའི་གཞུང་ལུགས་ལ་རྒྱུས་མངའ་ཟབ་ཅིང་མཐོང་ཐོས་རྒྱ་ཆེ་བ་རྣམས་ལ་སྔར་མེད་གསར་དུ་བློ་སྐྱེད་དང་ལེགས་ཆ་གང་ཡང་ལེན་པའི་རིན་ཐང་མེད་ནའང་བདག་རང་འདྲ་བའི་དབུ་མའི་གཞུང་ལ་ཐོས་བསམ་བྱེད་མཁན་གསར་བུ་བ་རྣམས་ལ་དཔྱད་གཞིའམ་དོགས་སློང་ཡིན་ཁུལ་གྱིས་བྲིས་པ་དང་། གཉིས་པ་རང་ཉིད་གཞུང་ལུགས་ཆེན་མོ་ལ་སློབ་སྦྱོང་ཐོས་བསམ་བྱེད་མཁན་གསར་བུ་བ་ཞིག་ཡིན་པས་ཉམས་མྱོང་གསོག་ཕྱིར་ཐབས་ལམ་དུ་དམིགས་ནས་བྲིས་པ་དང་། ལྷག་པར་དུ་ང་ཚོའི་ཆོས་གྲོགས་མང་པོ་ཞིག་རྣམ་དཔྱོད་རལ་གྲིའི་སོ་ཁ་ལྟར་རྣོ་ཞིང་བརྩོན་པ་ཆུ་བོའི་རྒྱུན་ལྟར་བཞུར་ནས་ལོ་གཅིག་ནང་འཛིན་གྲྭར་རྩ་བའི་སློབ་ཚན་དང་ཡན་ལག་སློབ་ཚན་དུ་མ་ལ་འཆད་རྩོད་ཀྱིས་ཐོས་བསམ་ལྷོད་མེད་བགྱིས་པའི་ཉེར་འབྲས་སུ་གཞུང་གནད་ཁག་གི་འཛིན་མཚམས་དང་དོགས་གཅོད་མི་ཉུང་བ་ཞིག་བློ་སྐྱེད་བྱུང་ནའང་དེ་སྐབས་ཀྱི་དཔེ་ཁྲིད་མཐའ་ལེགས་པར་བསྐྱངས་ནས་རྗེས་མ་སླར་ཡང་འཛིན་གྲྭའི་ཐེམ་སྐས་གཉིས་པ་ནས་གསུམ་པ། གསུམ་པ་ནས་རིམ་གྱིས་བགྲོད་དུས་ཕལ་ཆེར་བརྗེད་འགྲོ་བ་ལ་བསམས་ན་ཕངས་སེམས་ཚད་མེད་སྐྱེ་འོས་པ་ཡིན་སྟབས། དེ་ལྟར་མི་བརྗེད་པའི་ཐབས་སུ་བརྗེད་ཐོ་དང་། ཟིན་བྲིས་སོགས་འབྲི་ཐུབ་ན་ཧ་ཅང་ལེགས་པར་སྙམ་ཡང་། ཕྲན་རང་ཉིད་འདྲ་བ་ནི་ལེ་ལོའི་གཞན་དབང་དུ་གྱུར་བའི་བྲན་གཡོག་ཅིག་ཡིན་པས་དེ་ཡང་ལག་ལེན་བསྟར་མི་ཐུབ། འོན་ཀྱང་འདིར་གོམ་པ་མདུན་དུ་སྤོས་ཁུལ་གྱིས་བྲིས་པ་དང་། དགོས་ཚན་གསུམ་པ་ནི་ཆེས་བཀའ་དྲིན་འགྲན་ཟླ་བྲལ་བའི་དགེ་བའི་བཤེས་གཉེན་རྣམ་པས་སྐུ་ངལ་འོ་བརྒྱལ་འཛེམས་མེད་ཀྱི་སྒོ་ནས་སློབ་ཁྲིད་གནང་བ་དང་སློབ་ཕྲུག་རྣམས་ཀྱི་ཆེད་དུ་ཅི་ཡང་གཏོང་ཕོད་པའི་སྙིང་སྟོབས་གྱི་གོ་ཆ་བགོས་པ་རྣམས་ཀྱི་ཉིན་མཚན་ལྟོས་མེད་ངལ་བ་དང་དུ་བླངས་ཏེ་བཀའ་དྲིན་མཚོན་ཙམ་ལ་དམིགས་ནས་བྲིས་པ་དགེའོོ།།

སླར་སྨོན་པ།

མི་ཕམ་སེང་གེའི་གསུང་གི་དབུགས་དབྱུང་ལ། །དགའ་བ་འཕེལ་བས་གུས་པའི་བློ་བསྒྲིམས་ནས།།
བཅོས་མིན་སེམས་ཀྱིས་རྗེས་ཟློས་དང་དུ་བླངས། །དེའི་མཐུས་དགེ་བ་ཅི་མཆིས་འགྲོ་ལ་བསྔོ།།


[1]  དར་ཐང་པར་མ། དེབ་གཟུགས། ཤོག་གྲངས་ ༡༢༤ པར་གསལ།

[2]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༢༠ པར་གསལ།

[3]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། དེབ་གཟུགས། ཤོག་གྲངས་ ༩༡ པར་གསལ།

[4]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༢༥ པར་གསལ།

[5]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༢༡ པར་གསལ།

[6]  སྤྱི་ལོ་ ༢༠༢༠ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༥༡ པར་གསལ།

[7] སྤྱི་ལོ་ ༢༠༢༠ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༥༡ པར་གསལ།

[8]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༢༡༨ པར་གསལ།

[9] སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༥༡ པར་གསལ།

[10]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༥༠ པར་གསལ།

[11]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས།  ཤོག་གྲངས་ ༡༡༤ ནས་ ༡༡༥ བར་གསལ།

[12]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༡༢༦ ནས་ ༡༢༧ བར་གསལ།

[13]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༡༡༡ པར་གསལ།

[14]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་གི་པར་མ། དབུ་མའི་ལུང་ཕྱོགས་བསྒྲིགས་བློ་གསར་འཇུག་བདེ། དེབ་གཟུགས། ཤོག་གྲངས་ ༢༧༡ པར་གསལ།

[15]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་གི་པར་མ། དབུ་མའི་ལུང་ཕྱོགས་བསྒྲིགས། དེབ་གཟུགས། ཤོག་གྲངས་ ༢༧༡ པར་གསལ།

[16]  དར་ཐང་པར་མ། དེབ་གཟུགས། ཤོག་གྲངས་ ༡༦༠ པར་གསལ།

[17]  སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས་ ༠༢ པར་གསལ།

[18]  དར་ཐང་པར་མ། དེབ་གཟུགས། ཤོག་གྲངས་ ༡༦༠ པར་གསལ།

[19]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༧༢༩ པར་གསལ།

[20]  དར་ཐང་པར་མ། ཤོག་གྲངས་ ༡༦༠ པར་གསལ།

[21]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༢༥ པར་གསལ།

[22]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༥༩ པར་གསལ།

[23]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༢༦ པར་གསལ།

[24]  སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དེབ་གཟུགས། ཤོག་གྲངས་ ༢༥༧ པར་གསལ།

[25]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས་ ༠༡ ནས ༠༣ བར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།