༤༢༽ ཆོས་ཀྱི་རྣམ་གྲངས་ལས་ཉེ་བར་མཁོ་བའི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

བཀའ་དྲིན་གསུམ།
དབང་བསྐུར་བའི་བཀའ་དྲིན། རྒྱུད་བཤད་པའི་བཀའ་དྲིན། མན་ངག་གནང་བའི་བཀའ་དྲིན་ནོ།།
སྐ་ཅོག་ཞང་གསུམ།
སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེའོ།།
མཁས་བཙུན་བཟང་གསུམ།
ཤེས་བྱ་རིག་པའི་གནས་ཀུན་ལ་མ་རྨོངས་པ། སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གཙང་བ། གཞན་ཕན་གྱི་ལྷག་བསམ་རྣམ་པར་དག་པའོ།།
དགེ་བའི་རྩ་བ་གསུམ།
འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པའོ།།
ཆ་མཐུན་གསུམ།
བསོད་ནམས་ཆ་མཐུན། ཐར་པ་ཆ་མཐུན། ངེས་བྱེད་ཆ་མཐུན་ནོ།།
ཆོ་འཕྲུལ་གསུམ།
སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། གསུང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ། ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ།།
བསྙེན་གནས་ཀྱི་ཡན་ལག་གསུམ།
ཚུལ་ཁྲིམས་ཀྱི་ཡན་ལག བག་ཡོད་ཀྱི་ཡན་ལག བརྟུལ་ཞུགས་ཀྱི་ཡན་ལག་གོ།
དག་པ་གསུམ་གྱི་ལུས་འབུལ།
རྩ་དག་པ། རླུང་དག་པ། ཐིག་ལེ་དག་པའོ།།
ཆོས་གོས་རྣམས་འཇལ་བྱེད་ཀྱི་ཁྲུ་གསུམ།
ལུས་ཁྲུ། ལག་ཁྲུ། རྡུལ་ཁྲུའོ།།
ཆོས་གོས་གསུམ།
བླ་གོས། མཐང་གོས། རྣམ་སྦྱར་རོ།།
ཇོ་ཤཱཀྱ་རྣམ་གསུམ།
ཇོ་བོ་ཤཱཀྱ་མུ་ནེ། ཇོ་བོ་མི་བསྐྱོད་རྡོ་རྗེ། འཕགས་པ་ཐུགས་རྗེ་ཆེན་པོའོ།།
ཇོ་རྔོག་འབྲོམ་གསུམ།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ རྔོག་ལེགས་པའི་ཤེས་རབ། འབྲོམ་རྒྱལ་བའི་འབྱུང་གནས་སོ།།
བརྗོད་པ་གསུམ།
སྐྱབས་བརྗོད། བདག་བརྗོད། གཞན་བརྗོད་དོ།།
ཉོན་མོངས་འབྱུང་བའི་རྒྱུ་གསུམ།
རྒྱུ་ཕྲ་རྒྱས་མ་སྤངས་པ། ཉོན་མོངས་སྐྱེ་བའི་ཡུལ་ཉེ་བར་གནས་པ། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་པའོ།།
གཏོར་མ་ཆ་གསུམ།
ཕྱོགས་སྐྱོང་གི་གཏོར་མ། འབྱུང་པོའི་གཏོར་མ། བགེགས་ཀྱི་གཏོར་མའོ།།
ཐ་སྙད་གསུམ་ལྡན།
མི་ཡིན་པ། ཤེས་པ་རང་བཞིན་དུ་གནས་པ། འདོད་ཁམས་པའི་ས་པ་ཡིན་པའོ།།
མཐོང་ཐོས་དོགས་གསུམ།
མིག་གིས་མཐོང་བ། རྣ་བས་ཐོས་པ། ཡིད་ཀྱིས་དོགས་པའོ།།
འདུལ་བ་གཞི་གསུམ།
གསོ་སྦྱོང་གི་གཞི། དབྱར་གནས་ཀྱི་གཞི། དགག་དབྱེའི་གཞིའོ།།
རྣམ་གསུམ་དག་པའི་ཤ
རང་གི་ཆེད་དུ་བསད་པའོ་ཞེས་མཐོང་བ་དང་བྲལ་བའི་ཤ ཐོས་པ་དང་བྲལ་བའི་ཤ དོགས་པ་དང་བྲལ་བའི་ཤའོ།།
ཚེ་ལྷ་རྣམ་གསུམ།
ཚེ་དཔག་མེད། སྒྲོལ་དཀར། རྣམ་རྒྱལ་མའོ།།
རང་རྒྱུད་ཤར་གསུམ་གྱི་སློབ་དཔོན་གསུམ།
མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ། མཁན་པོ་ཡེ་ཤེས་སྙིང་པོའོ།།
རིགས་གསུམ་མགོན་པོ།
འཇམ་དཔལ་དབྱངས། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེའོ།།
རུང་བའི་ཚོན་གསུམ།
སྔོན་པོ། བཙག ངུར་སྨྲིག་གོ།
གདུལ་བྱ་རིགས་ཅན་གསུམ།
ཉན་ཐོས་ཀྱི་རིིགས་ཅན། རང་རྒྱལ་གྱི་རིགས་ཅན། ཐེག་ཆེན་གྱི་རིགས་ཅན་ནོ།།
སངས་རྒྱས་ཀྱི་སྲས་གསུམ།
སྐུའི་སྲས་སྒྲ་ཅན་འཛིན། གསུང་གི་སྲས་ཉན་ཐོས་དང་རང་སངས་རྒྱས། ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའོ།།
སོ་ཟུར་གནུབས་གསུམ།
སོ་ཡེ་ཤེས་དབང་ཕྱུག ཟུར་ཤཱཀྱ་འབྱུང་གནས། གནུབས་སངས་རྒྱས་ཡེ་ཤེས་སོ།།
སྣང་གྲགས་རིག་གསུམ།
གཟུགས་སྣང་བ། སྒྲ་གྲགས་པ། ཡིད་གསལ་བའོ།།
རྩ་བ་གསུམ།
བླ་མ། ཡི་དམ། མཁའ་འགྲོའོ།།
སངས་རྒྱས་ཀྱི་བཀའ་རྣམ་པ་གསུམ།
ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའོ།།
གསོ་སྦྱོང་གསུམ།
དུས་འབྲེལ་གསོ་སྦྱོང་། བཀྲ་ཤིས་པའི་གསོ་སྦྱོང་། གནོད་པ་བཟློག་པའི་གསོ་སྦྱོང་ངོ་།།

ཁུངས་གཏུག་སའི་ཡིག་ཆ།
ཆོས་ཀྱི་རྣམ་གྲངས་ཤེས་བྱའི་ནོར་གླིང་འཇུག་པའི་གྲུ་གཟིངས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།