སློབ་དཔོན་ཕྱོགས་གླང་ཡབ་སྲས་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།

སློབ་དཔོན་ཕྱོགས་ཀྱི་གླང་པོ།

འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། སློབ་དཔོན་དབྱིག་གཉེན་ལ་རང་ལས་མཁས་པའི་སློབ་མ་བཞི་ཡོད་པ་ལས་ཚད་མ་རིག་པ་ལ་ཤིན་ཏུ་མཁས་པ་དེ་ཡིན། སློབ་དཔོན་འདི་ཉིད་རྒྱ་གར་ལྷོ་ཕྱོགས་སིངྒ་བཀྟ་ཞེས་བྱ་བ་ཀཉྩིའི་ཡུལ་དང་ཐག་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཤིང་། སྐུ་ཆུང་ངུའི་དུས་སུ་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་སྦྱངས། བྱེ་བྲག་སྨྲ་བའི་གྲུབ་མཐའ་འཛིན་པ་སློབ་དཔོན་ནཱ་ག་ད་ཏྟ་སྟེ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས་ནས། མཁན་པོ་དེ་ཉིད་ལས་གདམས་ངག་ཞུས་པས་བརྗོད་དུ་མེད་པའི་བདག་འཚོལ་བའི་གདམས་པ་བྱིན། དེར་བརྟགས་ཤིང་བཙལ་ནས་ཡོད་པར་མ་མཐོང་སྟེ་ཉིན་མོ་སྐར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་སྤར་ཞིང་ལུས་གཅེར་བུར་ཕྱུང་ནས་ཕྱི་ནང་ཀུན་ཏུ་ཡང་བལྟས་པས། མཁན་པོས་གྲུབ་མཐའ་ལ་ཟུར་ཟ་བར་གོ་སྟེ་གནས་ནས་བསྐྲད་པ་ན། དེ་ཉིད་དུ་རིགས་པས་སུན་འབྱིན་པར་ནུས་མོད་ཀྱང་འོས་མ་ཡིན་པས་ཕྱག་བཙལ་ནས་ཕྱིར་བྱོན། མཐར་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་གཤེགས་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་གསན།

ཨོ་ཌི་བི་ཤའི་ཡུལ་གྱི་ནགས་ཚལ་ཤིན་ཏུ་དབེན་པའི་ཕྱོགས་གཅིག་སྟེ་བྷོ་ཏ་སེལ་ཞེས་བྱ་བའི་བྲག་རིའི་ཕུག་ཏུ་བཞུགས་ཏེ་རྩེ་གཅིག་ཏུ་བསམ་གཏན་ལ་རྩོལ་བར་མཛད་དོ། །དེའི་ཚེ་དཔལ་ནཱལནྡཱར་མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང་། དེར་བྲམ་ཟེ་སུ་དུ་ར་ཛ་ཡ་ཞེས་བྱ་བ་རང་གིས་བསྒྲུབས་པའི་ལྷ་མངོན་སུམ་དུ་མཐོང་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་དེར་ནང་པ་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ཏེ། རྒྱ་གར་ཤར་ཕྱོགས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་འདི་ཉིད་གདན་དྲངས་པ་ལྟར་ཕེབས་ནས་མུ་སྟེགས་དེ་ལན་གསུམ་དུ་ཕམ་པར་བྱས་ཤིང་། དེར་འཚོགས་པའི་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཀྱང་རེ་རེ་ནས་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། གནས་དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་གསུངས་ཤིང་། ཆོས་མངོན་པ་ཡང་རྒྱས་པར་མཛད། རྣམ་རིག་དང་རྟོག་གེའི་བསྟན་བཅོས་ཐོར་བུ་ཡང་མང་དུ་མཛད་དེ་ཡོངས་སུ་བསྡོམས་པ་ལ་བསྟན་བཅོས་བརྒྱ་རྩ་མཛད་པར་གྲགས།

སླར་ཡང་རྒྱ་གར་ཤར་ཕྱོགས་ཨོ་ཌི་བི་ཤ་རང་དུ་ཕྱིར་ལོག་ཕེབས་ཏེ་སྐུ་ཚེ་མ་རྫོགས་བར་དུ་དེར་བཞུགས་ནས། རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་མཐུ་ལས་བྱུང་བ་རྟོག་གེའི་ཚུལ་ལུགས་འདི་ལ་སྔར་བརྩམས་པའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས་གཅིག་ཏུ་བྱ་བར་དགོངས་ཏེ། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དང་དམ་བཅའ་བ་རྡོ་ཐལ་གྱིས་བྲིས་པས། ས་གཡོ་བ་དང་། ཕྱོགས་ཀུན་ཏུ་སྣང་བས་ཁྱབ་པ་དང། སྒྲ་ཆེན་པོ་གྲགས་པར་གྱུར། དེར་བྲམ་ཟེ་ནག་པོ་ཞེས་བྱ་བས་སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་མཆོད་བརྗོད་དང་དམ་བཅའ་བ་བསུབས་པ་སོགས་ལན་གསུམ་བྱས། མཐར་སློབ་དཔོན་དང་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས་ལན་མང་པོར་མུ་སྟེགས་ནག་པོ་ཕམ་པར་བྱས་པས། ད་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིག་བྱས་པ་ན། དེས་སྔགས་བཟླས་པའི་ཐལ་བ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་རྣམས་ཚིག མུ་སྟེགས་དེ་ཕྱིར་སོང་། སློབ་དཔོན་གྱིས་བདག་གིས་འདི་གཅིག་པུའི་དོན་ཡང་མ་ནུས་ན་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་ག་ལ་ནུས་སྙམ་དུ་སེམས་བསྐྱེད་གཏོང་བར་བརྩམས་པ་ན། འཕགས་པ་འཇམ་དཔལ་མངོན་སུམ་དུ་བྱོན་ཏེ། བུ་མ་བྱེད་མ་བྱེད་སྐྱེ་བོ་དམན་དང་འཕྲད་ལས་བློ་གྲོས་ངན་སྐྱེ་སྟེ། །ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མ་ནུས་པར་ཤེས། །ཁྱོད་ཀྱི་སངས་རྒྱས་མ་ཐོབ་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། །ཕྱི་མའི་དུས་སུ་བསྟན་བཅོས་ཀུན་ཀྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གསུངས། དེ་ནས་མཐར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། ཡུལ་ཐ་དད་པའི་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་ཚར་བཅད་དོ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཙུགས་པའི་ཆོས་གཞི་ཉམས་པ་ཕལ་ཆེར་སོར་ཆུད་པར་མཛད། གཞན་ཨོ་ཌི་བི་ཤའི་རྒྱལ་པོའི་བློན་པོ་བྷ་དྲ་པཱ་ལིི་ཏ་ཞེས་བྱ་བ་རྒྱལ་པོའི་མཛོད་ཀྱི་སྦྱིན་པ་ཞེས་པ་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་སྟེ། གཙུག་ལག་ཁང་ཆེན་པོ་བཅུ་དྲུག་བཞེངས། དེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་བཅུ་དྲུག་དང་། གཙུག་ལག་ཁང་རེ་རེར་ཡང་ཆོས་གཞི་དུ་མ་བཙུགས། ཆོས་ཀྱིས་འབྲེལ་བའི་སློབ་མ་ནི་ཕྱོགས་ཐམས་ཅད་ཁྱབ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ནི་གཅིག་ཀྱང་ཡོངས་སུ་མ་བཟུང། འདོད་པ་ཆུང་ཞིང་ཆོག་ཤེས་པས་ཇི་སྲིད་འཚོའི་བར་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་དུ་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས་སོ།།

སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་ཁ་འཐོར་ཤིན་ཏུ་མང་ཡང་བོད་སྐད་དུ་བསྒྱུར་ཅིང་གྲགས་ཆེ་བའི་གྲས་ནི།

༡༽ ཚད་མའི་མདོ་ཀུན་ལས་བཏུས་པ་སྟེ་རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ་དང། བོད་ཀྱི་ལོཙྪ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་པ། ༢༽ ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་ཏེ་རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ་དང། བོད་ཀྱི་ལོཙྪ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་པའོ།། ༣༽ དམིགས་པ་བརྟག་པ། ༤༽ ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ། ༥༽ ཕྱོགས་ཆོས་དགུའི་འཁོར་ལོ། ༦༽ ཆོས་མངོན་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མེ། ༧༽ ཡོན་ཏན་མཐའ་ཡས་པར་བསྟོད་པ། ༨༽ བརྒྱད་སྟོང་དོན་བསྡུས། ༩༽ རྣལ་འབྱོར་ལ་འཇུག་པ་སོགས་བཞུགས་སོ།།

དཔལ་ལྡན་ཆོས་ཀྱི་གྲགས་པ།

སློབ་དཔོན་དབང་ཕྱུག་སྡེའི་དངོས་སློབ་ཡིན། སློབ་དཔོན་འདི་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་གཉིས་དུས་ཐོག་གཅིག་པ་ཡིན། དེ་ཡང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས།1 སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་མཉམ་མོ་ཞེས་གྲགས་པ་བཞིན་དོན་ལའང་གནས་པར་མངོན་ནོ། །ཞེས་གསུངས། ཡབ་བྲམ་ཟེའི་རིགས་ཀྱི་མུ་སྟེགས་རོ་ཉནནྡྲའི་སྲས་སུ་རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལ་ཡ་ཟེར་བའི་ཡུལ་དུ་འཁྲུངས། ཆུང་ངུ་ནས་བློ་གྲོས་ཤིན་ཏུ་རྣོ་བས་བཟོའི་གནས་དང་། རིག་བྱེད་ཡན་ལག་དང་བཅས་པ་དང་། བརྡ་སྤྲོད་པ་དང་། མུ་སྟེགས་ཅན་གྱི་གྲུབ་པའི་མཐའ་མ་ལུས་པ་ལ་ཤིན་ཏུ་སྦྱངས་ནས་ལོ་བཅོ་བརྒྱད་སོན་ཚེ་མུ་སྟེགས་ཀྱི་ལྟ་བ་ལ་ཤིན་ཏུ་མཁས་པར་གྱུར། སྐབས་ཤིག་ལ་སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པས། རང་གི་སྟོན་པ་སྐྱོན་དང་བཅས་པ་དང་བསྟན་བཅོས་རྣམས་ཤིན་ཏུ་མི་འཐད་པ་དང། སངས་རྒྱས་ཀྱི་ཆོས་ནི་དེ་ལས་ལྡོག་པར་གཟིགས་ནས་ཤིན་ཏུ་མོས་པ་སྐྱེས་ཏེ་ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་པས། བྲམ་ཟེ་རྣམས་ཀྱིས་གནས་ནས་བསྐྲད། དེ་ནས་ཡུལ་དབུས་སུ་བྱོན་ཏེ་སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་། སྡེ་སྣོད་གསུམ་པོ་མཐའ་དག་ལ་མཁས་པར་མཛད། མདོ་སྡེ་དང་གཟུངས་སྔགས་བསྡོམས་པས་ལྔ་བརྒྱ་ཐུགས་ནས་འདོན་པ་དང། རྟོག་གེའི་བསྟན་བཅོས་གཞན་མང་པོ་གསན་ཀྱང་བློ་གྲོས་མ་ཁེངས་ཏེ། སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་ལས་བཏུས་པ་ཚར་གཅིག་གསན་པས་དབང་ཕྱུག་སྡེ་ཉིད་དང་མཉམ་པར་གྱུར།

ལན་གཉིས་པ་གསན་པས་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྱུར། གསུམ་པ་གསན་པས་སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་ཀྱི་གླང་པོོའི་དགོངས་པ་མ་ལོན་པར་མཁྱེན་ནས་སློབ་དཔོན་ཉིད་ལ་ཞུས་པས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་སྟེ། གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུང་ལ། ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་ཡང་གྱིས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ། ནང་པའི་གྲུབ་མཐར་རྩོད་གླེང་དུ་འོངས་པའི་མུ་སྟེགས་པའི་མཁས་པ་གཟེགས་ཟན་གྱི་གྲུབ་མཐའ་འཛིན་པ་བྲམ་ཟེ་ཀན་གུཔྟ་དང་། བྲམ་ཟེ་གཞོན་ནུ་རོལ་པ། གཅེར་བུ་པ་ར་ཧུ་པྲཱ་ཏི། སྤྱོད་པ་བ་བྷྲིཾ་ཀ་ར་གུཧྱ། བྲམ་ཟེ་ཀུ་མཱ་ར་ནནྡ་སོགས་གཞན་ཡང་ལྟ་བ་དྲུག་གི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་ཐམས་ཅད་སུན་ཕྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག རྒྱལ་པོ་དང་བློན་པོ་ལ་སོགས་པ་ཆོས་ཀྱི་སྒོ་ནས་དབང་དུ་བསྡུས་ཏེ་སྔོན་གྱི་ཆོས་གཞི་ཉམས་པ་ཐམས་ཅད་གསོས་པ་དང་། སློབ་དཔོན་ཉིད་ཀྱིས་བཞེངས་པའི་ཆོས་གཞི་དང་ལྷ་ཁང་བརྒྱ་ལྷག་དང་། གཞན་ལ་བསྐུལ་ཏེ་བཞེངས་པ་ནི་གྲངས་ལས་འདས་སོ། །སློབ་དཔོན་གྱིས་ཡོངས་སུ་བསྐུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཞུགས་པའི་དགེ་སློང་དང་དགེ་བསྙེན་འབུམ་དུ་ཉེ། ཆོས་ཀྱིས་འབྲེལ་བའི་སློབ་མ་ནི་ས་སྟེང་ཐམས་ཅད་ཁྱབ་ཀྱང་མཉམ་དུ་གནས་པ་ནི་ལྔ་ལས་མེད། སངས་རྒྱས་ཀྱི་བསྟན་པ་མ་དར་བ་དར་བར་མཛད། ཉམས་པའི་ཕྱོགས་ཐམས་ཅད་སླར་གསོས་ཏེ་ཤིན་ཏུ་ནས་དར་ཞིང་རྒྱས་པར་མཛད། སྐུ་ཚེའི་མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བཞུགས་ནས་སྐྱེ་བོ་མང་པོ་ཆོས་ལ་བཀོད་དེ་ཡུལ་ཀ་ལིངྐར་མྱ་ངན་ལས་འདས། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ་བུ་སྟོན་ཆོས་བྱུང་དང་། རྒྱ་གར་ཆོས་འབྱུང་གཉིས་སུ་གསལ་བས་དེར་གཟིགས་པར་འཚལ།

སློབ་དཔོན་འདིས་བརྩམས་པའི་བསྟན་བཅོས་མང་པོ་ཡོད་ཀྱང་ཡོངས་སུ་གྲགས་ཤིང་བོད་སྐད་དུ་བསྒྱུར་པའི་གྲས་ནི།

༡༽ ཚད་མ་རྣམ་འགྲེལ། ༢༽ ཚད་མ་རྣམ་ངེས། ༣༽ རིགས་པའི་ཐིགས་པ་བཅས་གསུམ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པ་ཡིན། ༤༽ གཏན་ཚིགས་ཐིགས་པ། ༥༽ འགྲེལ་པ་བརྟག་པ། ༦༽ རྒྱུད་གཞན་གྲུབ་པ། ༧༽ རྩོད་པའི་རིགས་པ་བཅས་ནི་དུས་རབས་བརྒྱད་པའི་དཀྱིལ་དུ་ལོ་ཙཱ་བ་བནྡེ་ནམ་མཁའ་སོགས་ཀྱིས་བསྒྱུར་པ་ཡིན་ནོ།།

  1. བོད་གཞུང་ཤེས་རིག་པར་ཁང་གི་པར་མ། རྒྱ་གར་ཆོས་འབྱུང་། དེབ་གཟུགས། ཤོག་ངོས་ ༡༩༡ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།