དད་པའི་དྲིལ་བསྒྲགས།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ངག་དབང་བློ་གྲོས།

དང་བའི་དད་པས་གོང་མའི་ཡོན་ཏན་དྲན།།
འདོད་པའི་དད་པས་བླང་དོར་གནས་ལ་འཇུག།
ཡིད་ཆེས་དད་པས་རྒྱུ་འབྲས་ཐེ་ཚོམ་སེལ།།
དང་འདོད་ཡིད་ཆེས་དད་ལ་སྐྱབས་སུ་མཆིས།།

རྣམ་དཔྱོད་དང་ཤེས་ཡོན་གྱི་ན་ཚོད་མ་སྨིན་ཀྱང་མཆོག་གསུམ་གཙུག་ཏུ་བཀུར་ཞིང་ལས་འབྲས་ལ་ཡིད་ཆེས་ཤིང་དད་པའི་ས་བོན་མ་རུལ་ཙམ་མཆིས་པའི་སེར་མིང་ངས་དེ་རིང་རྩོམ་རྩལ་རིག་པའི་ཅང་ཤེས་རྟ་ཕོའི་བང་རྩལ་གློད་སའི་ཐང་ཆེན་«པདྨའི་རང་མདངས་»འདིའི་བརྒྱུད་ནས་ཁ་རྩང་དེ་རིང་གི་ཆོས་པ་བདག་དང་བདག་འདྲ་བའི་དད་པ་དག་སྣང་གི་སྐོར་ལ་ཚིག་གསུམ་ཞུ་འདོད་བྱུང་།

དེ་ཡང་བདག་ཅག་གི་སྟོན་པ་དང་དམ་པ་གོང་མ་རྣམས་ཀྱིས་གསུངས་པ་ལྟར་དད་པ་ནི་དམ་ཆོས་ཀྱི་གཞི་རྟེན་དང་བྱིན་རླབས་ཀྱི་འབྱུང་གནས་དོན་དམ་འཇལ་བྱེད་ཀྱི་བདག་རྐྱེན་བཅས་ཀྱི་རང་བཞིན་དང་ངོ་བོར་གནས་ལ། དེས་ན་ཐབས་མཁས་ལ་ཐུགས་རྗེ་མངའ་བའི་བདག་ཅག་གི་སྟོན་པའི་རྗེས་འཇུག་སྤྱི་དང་། བྱེ་བྲག་ཏུ་བཀའ་བསྟན་གྱི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བརྩོན་པའི་གང་ཟག་གི་རྒྱུད་ལ་དད་པའི་དྲི་བསུང་མ་འཐུལ་ན་མཐོང་སྣང་དུ་མཛེས་མཛེས་དང་ལེགས་ལེགས་སུ་མཐོང་སྲིད་ཀྱང་དོན་དུ་ཆོས་པའི་མིང་ཙམ་ལས་ཆོས་པ་རྣམ་དག་ཅིག་ཆགས་མི་སྲིད་དེ། ཡིད་བཞིན་མཛོད་འགྲེལ་ལས།1སྐལ་མེད་རྣམས་ལ་དད་པ་ཅུང་ཟད་མེད། །དེ་ཡི་སྐྱོན་ནི་ཤིན་ཏུ་མཐའ་ཡས་ལྡན། །ཞེས་པ་ལྟར་ཁ་རྩང་དེ་རིང་སྐལ་མེད་ཁ་ཅིག དད་པའི་ས་བོན་རུལ་ཞིང་དག་སྣང་གི་བློ་མིག་ལྡོངས་ནས་ལོག་རྟོག་གི་རྦ་རླབས་འཕྱུར་ཏེ་ཤེས་འཆལ་གྱི་བདུད་སྤྲིན་འཁྲིགས་ནས་ཉེས་བཤད་ཀྱི་དྲག་ཆར་འབེབས་པའི་རྟོག་གེ་མགོ་མཁྲེགས་ཅན་སོས་ཀའི་སྤང་ལ་ཤ་མོང་བཞིན་བརྡོལ་ཏེ།

དེ་ཡང་ཉེར་གཅིག་པའི་དུས་ཀྱི་དཀྱོག་མཚམས་འདིར་ནང་པ་རུ་ཁས་འཆེ་བའི་རྟོག་གེ་ཤེས་འཆལ་འགའ་ཞིག དད་པའི་ས་བོན་རུལ་ཞིང་དག་སྣང་གི་བློ་མིག་ལྡོངས་ནས་རྒྱལ་བའི་གསུང་རབ་དང་བླ་མའི་སྐུ་པར། དེ་བཞིན་ངུར་སྨྲིག་གི་ཆོས་གོས་རྣམ་གསུམ་སོགས་ལ་དད་གུས་དག་སྣང་སྤུ་ཙམ་ཡང་མེད་པར་སྡིག་པ་མིག་བཙུམ་གྱི་སྒོ་ནས་སྲང་ལམ་དང་གད་སྙིགས་བླུག་སྣོད་དུ་འདོར་ཕོད་ཅིང་། བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་དང་དེ་བཞིན་འདི་ཕྱིའི་ལམ་སྟོན་དགེ་བའི་བཤེས་གཉེན་སོགས་ལའང་དད་པ་དག་སྣང་གཞག་རྒྱུའི་ཚབ་ཏུ་མངོན་སུམ་འཛེམ་མེད་ཀྱིས་ཁ་གཏོང་མཁན་དངོས་ཤུགས་བརྒྱུད་གསུམ་ནས་ཐོན་ཡོང་བ་ནི་ཉེན་ཚབས་ཆེ་བའི་འགོས་ནད་ཅིག་ཏུ་འཁུམས།

དེའི་ཕྱིར་མཆོག་གསུམ་གཙུག་ཏུ་བཀུར་ཞིང་ལས་འབྲས་དཔང་དུ་བཞག་སྟེ་དོན་གཉིས་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་དཔེ་ཆ་བ་ང་ཚོ་དེ་འདྲའི་ལམ་ལོག་ཏུ་མི་འགྲོ་རྒྱུ་ཅི་ནས་ཀྱང་ཡིད་གཟབ་གནང་དགོས་པའི་དུས་ལ་སླེབས་འདུག་སྙམ། དེ་མིན་ནམ་ཞིག་འགོས་ནད་དེ་ཕོག་ཚར་ནས་བཟུང་སྟེ་བླ་སྤྲུལ་མཁན་སློབ་གྲྭ་བཙུན་སོགས་ཀྱི་མཚན་བྱང་རྫིག་པོ་གང་འདྲ་ཡོད་ཀྱང་ནང་པའི་གྲལ་ནས་རྩ་དགོངས་ཞུས་པའི་ཕྱི་པ་གཙང་མ་གཙང་རྐྱང་ཞིག་སྟེ། དེའི་རྒྱུད་ན་སྐྱབས་སྡོམ་སོགས་འཇའ་ལྟར་ཡལ་ནས་ལོག་ལྟས་ལས་འབྲས་མེད་པར་ལྟ་ཞིང་རྟག་ཆད་ཀྱི་མཐའ་ལ་ལྷུང་བའི་ཕྱིར།

མཆོག་གསུམ་ལ་སྐྱབས་སུ་མ་སོང་བར་ནང་པའི་གྲལ་དུ་མི་ཚུད་དེ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད་ཅེས་པའི་གསུང་དང་རྒྱབ་འགལ་དུ་སོང་བའི་ཕྱིར་རོ། །སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ན་ཚྭ་ཚྭ་ཆག་དུམ་ཡན་ལ་སངས་རྒྱས་དཀོན་མཆོག་གི་འདུ་ཤེས་གཞག་དགོས་པ་དང་། དེ་བཞིན་ཡིག་འབྲུ་ན་གཅིག་ལ་ཆོས་དཀོན་མཆོག་གི་འདུ་ཤེས་དང། ན་བཟའ་དམར་སེར་ཡན་ལ་འཕགས་པའི་དགེ་འདུན་གྱི་འདུ་ཤེས་འཇོག་དགོས་པའི་ཕྱིར་རོ།།

རང་ཉིད་ཐར་པ་དོན་གཉེར་གྱི་གང་ཟག་ཅིག་ཡིན་ཕྱིན་ཆད་དང་པོར་དཀར་པོ་ཆོས་ཀྱི་གཞི་རྟེན་དད་པ་རང་རྒྱུད་ལ་ཅི་ནས་ཀྱང་ཡོད་དགོས་པ་ཡང་། རིན་ཆེན་ཕྲེང་བ་ལས།2 དད་ཅན་ཉིད་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པའི་ཕྱིར་དང་། དེའི་དོན་ལ་བསམས་ཏེ་ནམ་རྒྱུན་ང་ཚོས་སངས་རྒྱས་ཀྱི་ཐུགས་རྒྱུད་ན་སེམས་བསྐྱེད་ཡོད་མེད་དང་ས་བཅུ་རྒྱུན་མཐའི་རྒྱུད་ལ་སྒྲིབ་པ་ཡོད་མེད་དེ་བཞིན་སྒྲ་རྟག་པ་ཡིན་མིན་དང་རྟ་དཀར་པོ་ཡོད་མེད་ལ་སོགས་ཁ་བདེ་པོ་རྐྱང་རྐྱང་བཤད་ནས་མ་འདུག་པར་བློ་ནང་ལ་བཀུག་སྟེ་རང་ཉིད་སུ་ཡིན་ངོ་ཤེས་པའི་སྒོ་ནས་རང་གི་རྒྱུད་ལ་སྐྱབས་སྡོམ་ལྡན་མིན་དང་། དད་པ་དག་སྣང་ཡོད་མེད། བདག་མེད་དང་མི་རྟག་ཡིན་མིན་སོགས་ལ་བརྟག་དཔྱད་རེ་གཏང་རྒྱུ་ཅི་ནས་ཀྱང་མ་བརྗེད་པར་གནང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་མཐོང་། དེ་མིན་ཕྱོགས་གཅིག་ནས་ང་ཚོས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་པ་སྟོན་པ་ཞེས་བཅོམ་ལྡན་འདས་གང་ཉིད་ལ་མ་བགྲོས་ཁ་གཅིག་གྲགས་སུ་ཚད་མའི་སྐྱེས་བུར་ཁས་ལེན་ཞིང་། ཕྱོགས་གཞན་ཞིག་ནས་རྒྱལ་བའི་བཀའ་དྲི་མ་མེད་པ་ལའང་བརྟག་དཔྱད་དགོས་ཟེེར་ནས་རང་ཉིད་མཁས་འདོད་ཀྱིས་སངས་རྒྱས་ཀྱི་གསུང་ལ་སྔ་ཕྱི་འགལ་བ་ལྟག་སྤྲོད་ཡོད་ཚུལ་སྨྲ་བ་ནི་རང་ཉིད་ཀྱི་བྱིས་བློས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་གྱི་གཏིང་མཐའ་མ་དཔོག་པ་ཙམ་ལས་སྔར་མེད་མཁས་པའི་ལེགས་བཤད་ཅིག་ག་ལ་ཡིན། ཁྱོད་ཀྱིས་ཤཱཀྱའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཚད་མའི་སྐྱེས་བུར་ཁས་མི་ལེན་ན་ཆོག་མོད། གལ་སྲིད་ཁྱོད་ཀྱིས་ཟས་གཙང་སྲས་ཚད་མའི་སྐྱེས་བུར་ཁས་བླངས་ནས་བཟུང་སྟེ་ཁོང་གི་གསུང་སྐྱོན་ཅན་དུ་ཇི་ལྟར་ལྟ་ནུས་སམ། གང་ཉིད་ཚད་མའི་སྐྱེས་བུར་འཇོག་བྱེད་དེ་ཡང་དེའི་གསུང་ཚད་མ་ཡིན་པའི་རྒྱུ་མཚན་དུ་མ་བྱས་སམ། དེས་ན་རང་རེ་སྟོན་པའི་རྗེས་འཇུག་གི་ཆོས་པ་ཞིག་ཏུ་འདོད་ན། དཀོན་མཆོག་སྒྲོན་མེའི་མདོ་ལས།3 དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །ཅེས་པའི་གསུང་དེ་ཡུལ་དུས་གང་དུའང་ཐུགས་དམ་དུ་འཛིན་ཅིང་མ་ལྟར་དུ་ནམ་ཡང་བརྗེད་མི་རུང་བའི་སྙིང་ནོར་བཞིན་དུ་ཡིད་ལ་བཅངས་ནས་ད་གཟོད་ཐོས་བསམ་ལ་ཞུགས་ན་མི་ལེགས་སམ།

དེ་མིན་ཁ་རྩང་དེ་རིང་དཔེ་ཆ་བ་ཁ་ཅིག དང་ཐོག་རང་རྒྱུད་ལ་དང་བའི་དད་པ་ཙམ་ཞིག་ཡོད་ཀྱང་། གང་འཚམས་ནས་ཐོས་པ་ཁ་ཕྱིེར་བལྟས་སུ་སོང་བའི་ཉེར་ལེན་གྱིས་རྟོག་གེ་ཤེས་འཆལ་དུ་གྱུར་ནས། ཡུལ་གོང་མའི་ཡོན་ཏན་ལ་སེམས་མངོན་པར་དགའ་བའི་དང་བའི་དད་པའི་རྩ་བ་རུལ་ཞིང་དགེ་བ་བླང་བྱ་དང་སྡིག་པ་དོར་བྱར་འདོད་པའི་དད་པའི་སྡོང་པོ་འགྱེལ་ནས་རྒྱུ་འབྲས་ཆོས་ལ་ཡིད་ཆེས་པའི་དད་པའི་ལོ་འདབ་ཉིལ་ཏེ། ཅི་ཡང་ལྟ་བཟོ་མེད་ཅིང་དཀར་ཆོས་ཕོངས་པའི་ཆོས་པ་ཞིག་ཏུ་གྱུར་ཏེ།

དེ་ཡང་དཀོན་མཆོག་བརྩེགས་པ་ལས།4དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་འཚིག་པ་ལ། །སྨྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་པའི་གྲལ་དུ་ངམ་ངམ་ཤུགས་ཤུགས་ཀྱིས་ལྷུང་བའི་ཕྱིར་རོ།།

 གཞན་ཡང་དཔེ་ཆ་བ་ཁ་ཅིག་རྒྱལ་བའི་གསུང་རབ་དཔེ་དེབ་དག་འགོམ་ཡུག་ཏུ་ཤོར་ཀྱང་སྣང་མེད་དུ་འཇོག་པ་དེ་ཡང་མཐར་གཏུགས་ན་རང་རྒྱུད་ལ་དད་པ་དག་སྣང་ཕོངས་པས་མ་ཡིན་ནམ། བརྗོད་བྱ་བསླབ་གསུམ་སྟོན་པའི་རྗོད་བྱེད་འདུལ་མདོ་མངོན་པའི་གཞུང་ལུགས་དཔེ་དེབ་དག་ཐུན་མོང་རིག་གནས་ཀྱི་དེབ་ལྟར་བརྩི་རུང་ངམ། དེ་ཡང་ཇི་སྐད་དུ། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེ་གཟུགས་སུ་གནས། །ཞེས་པའི་གསུང་དེ་ཡིད་ལ་དྲན་པར་མཛོད་ཅིག སྤྱིར་བཏང་བྱས་ན་གང་གིས་ནང་དོན་གཞུང་ལ་ཐོས་པ་ཇི་ཙམ་བྱས་པ་དེ་ཚོད་ཀྱིས་སྟོན་དང་བསྟན་པ་ལ་དད་གུས་དག་སྣང་ཇེ་ཆེར་དུ་འགྲོ་དགོས་ངེས་རེད་དེ། དད་པའི་ས་བོན་རུལ་ནས་ལོག་རྟོག་བདུད་སྤྲིན་འཚུབས་ཤིང་ཐོས་པ་ཁ་ཕྱིར་བལྟས་སུ་སོང་བའི་ཉེར་ལེན་གྱི་འབྲས་བུ་ལྡོག་ཕྱོགས་ནས་ཐོན་པ་དེ་ནི་སྙིང་རྗེའི་ཡུལ་དུ་མ་གྱུར་རམ།

སྐུ་གཟུགས་མཆོད་རྟེན་ལ་སོགས་པ། །གསེར་དངུལ་ས་རྡོ་གང་ཡིན་རུང་།།

རབ་གནས་འཐོར་བའི་རྟེན་ཡིན་ན། །སངས་རྒྱས་དཀོན་མཆོག་འདུ་ཤེས་སྐྱེད།།

བོད་ཡིག་དབྱིན་ཡིག་གང་ཡིན་རུང་། །འདུལ་མདོ་མངོན་པའི་གཞུང་ཡིན་ན།།

དམ་ཆོས་དཀོན་མཆོག་བློ་བཞག་སྟེ། །གུས་པས་སྤྱི་བོའི་གཙུག་ཏུ་བཀུར།།

སོ་སྐྱེས་འཕགས་པ་སུ་ཡིན་རུང་། སྡོམ་པ་དམ་ཚིག་ལ་གནས་པའི།།

ལུང་རྟོགས་བསྟན་འཛིན་སྐྱེས་བུ་ལ། །དགེ་འདུན་དཀོན་མཆོག་དག་སྣང་བྱོས།།

གཞན་ཡང་ཁ་ཅིག་ན་རེ་ང་ཚོ་དཔེ་ཆ་བ་ཡིན་པས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ལས་དབང་རྟུལ་དད་པའི་རྗེས་འབྲང་མིན་ཟེར་བཞིན། དང་བའི་དད་པ་ལ་རྨོངས་དད་མིང་དུ་བཏགས་ནས་སྣང་ཆུང་དུ་བཏང་སྟེ་གཡུག་རྐྱང་བྱེད་ལ། རྒྱལ་བའི་སྐུ་གཟུགས་མཆོད་རྟེན་སོགས་ལ་ས་རྡོ་ཐ་མལ་ཙམ་ལས་ཕྱག་དང་མཆོད་པའི་ཡུལ་དུ་མ་མཐོང་ཞིང་། གཞན་དད་སྦྱིན་ཕོ་མོས་དང་བའི་དད་པས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་དང་སྐོར་བ་འབུལ་དུས་རྗེས་སུ་ཡི་རང་བྱ་རྒྱུའི་ཚབ་ཏུ་མི་འདོད་པའི་རྣམ་འགྱུར་ཡ་མ་ཟུང་འདྲ་སྟོན་གྱིན་འདུག དེ་འདྲ་ཡིན་དུས་རང་ཉིད་སུ་ཡིན་པ་ཡང་དྲན་པ་བརྗེད་པའི་ཚད་དུ་མ་སླེབས་སམ།

དེ་དུས་རང་རྒྱུད་ན་དགེ་བ་བླང་བྱ་དང་སྡིག་པ་དོར་བྱར་འདོད་པའི་དད་པ་ཞེས་པ་དེ་ཡང་མོ་གཤམ་བུ་མོའི་མག་པར་བཏང་ཟིན་འདུག་པ་མ་ཟད། རྒྱུ་དགེ་བ་ལ་འབྲས་བུ་བདེ་བ་དང་རྒྱུ་མི་དགེ་བ་ལ་འབྲས་བུ་སྡུག་བསྔལ་འབྱུང་བར་ཡིད་ཆེས་པའི་དད་པའི་ཞག་རྩི་ཙམ་ཡང་དཔེ་ཆ་བ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཁྱེད་ཀྱི་རྒྱུད་ལ་མེད་པ་ཟུར་བལྟས་ལེབ་མཐོང་མ་ཡིན་ནམ། གལ་སྲིད་རྒྱུ་མཚན་ཤེས་ནས་ཐོབ་པའི་དད་པ་རང་རྒྱུད་ལ་མངའ་བ་ཡིན་ན། སྣང་སྲིད་ཀྱི་ཆོས་ཀུན་ཡེ་ནས་སངས་རྒྱས་ཡིན་པས་མ་དག་པའི་ས་རྡོ་བཙལ་ཀྱང་མ་རྙེད་ཅིང་དག་པའི་ལྷ་སྐུ་འབའ་ཞིག་ཏུ་མཐོང་ནས་རྐང་པ་འཇོག་ས་ཡང་མི་རག་པའི་ཚད་དུ་སླེབ་དགོས་རྒྱུ་ལ། དེ་ལས་ལྡོག་སྟེ་སྐུ་གཟུགས་མཆོད་རྟེན་ལྷ་ཁང་བླ་མ་ལ་སོགས་མཇལ་དུས་ཀྱང་དད་པས་སྐེད་པ་གུག་ཙམ་ཡང་བྱེད་མི་ཐུབ་པའི་རྟོག་གེ་ཚིག་སྐམ་མགོ་མཁྲེགས་ཤིག་ཏུ་ཆགས་དུས་དཔེ་ཆ་བ་དབང་རྣོན་ཆོས་ཀྱི་རྗེས་འབྲང་དེ་ཚོ་ལ་ལྟ་བཟོ་ཞིག་འདུག་གམ།

དེས་ན་དཔེ་ཆ་བ་ཚོས་དང་བའི་དད་པ་དེ་རྨོངས་དད་དུ་བརྩིས་ཏེ་སྣང་མེད་དུ་མ་བཞག་པར་དང་འདོད་ཡིད་ཆེས་དད་གསུམ་གྱིས་རང་རྒྱུད་མཛེས་པར་བྱས་ནས་ཐོས་སོགས་ཤེས་རབ་ཚུལ་བཞིན་བརྩོན་རྒྱུ་ཅི་ནས་ཀྱང་གཙིགས་ཆེན་དུ་གནང་མི་དགོས་སམ། དེ་མིན་ཐོས་རྟགས་ཞི་ཞིང་དུལ་བ། །སྒོམ་རྟགས་ཉོན་མོངས་མེད་པ། །ཞེས་པའི་རྣམ་ཐར་རྗེས་སུ་མ་སོང་བར། གྱོང་པོ་སྣུམ་གྱིས་ཐུལ་ཀྱང་། །མར་སྐོགས་མར་གྱིས་མི་ཐུལ། །སྡིག་ཆེན་ཆོས་ཀྱིས་ཐུལ་ཀྱང་། །ཆོས་དྲེད་ཆོས་ཀྱིས་མི་ཐུལ། །ཞེས་པའི་གྲལ་ནང་དུ་ལྷུང་ན་ཉེན་ཚབས་ཤིན་ཏུ་མི་ཆེའམ། གནད་དོན་ཧྲིལ་གྱིས་དྲིལ་ན་དེ་འདྲའི་ས་མཚམས་སུ་འདྲུད་མཁན་དེ་ཡང་ཐོས་པའི་ང་རྒྱལ་ང་ཆེ་ང་བཙན་ཞེས་པའི་དེ་ཡིན་པར་གོར་མ་ཆག དེའི་ཕྱིར་མཁས་པས་ནོར་ན་འདོམ་གང་། །བླུན་པོས་ནོར་ན་མཐོ་གང་། །ཞེས་པའི་གཏམ་དཔེ་དེ་སྲུང་མདུད་དོད་དུ་ནམ་ཡང་སྐེ་ལ་ཐོགས་ཤིག

ཤེས་རབ་འབར་ནས་མཁས་པའི་གོ་ས་རུ། །མ་སོན་ན་ཡང་རང་རྒྱུད་ཞིང་ས་ལ།།

དད་པའི་མྱུ་གུ་འཁྲུངས་ཏེ་ལས་རྒྱུ་འབྲས། །ཚུལ་བཞིན་སྲུང་བའི་ཆོས་པ་ཞིག་ཏུ་མོས།།

དད་པའི་གྲུ་གཟིངས་བོར་བའི་རྟོག་གེ་དག། །སྲིད་པའི་སྡུག་བསྔལ་ཆུ་བོ་རབ་བརྒལ་ཏེ།།

ཐར་པའི་གླིང་དུ་བགྲོད་པའི་སྐབས་མེད་ན། །ཐར་འདོད་རྣམས་ཀྱིས་དད་པའི་གྲུ་ལ་བརྟེན།།

མདོར་ན་ཆོས་པའི་མཚན་བྱང་འཁུར་མཁན་ཞིག་གི་ངོས་ནས་རབ་བྱུང་ན་མ་འོངས་པའི་དམིགས་ཡུལ་དང་ད་ལྟའི་ལངས་ཕྱོགས་མ་ནོར་བའི་སྒོ་ནས། དད་པའི་ཞིང་ས་ལ་བརྩོན་འགྲུས་ཀྱི་ཆུ་ལུད་བཀྲམས་ཤིང་ལོག་རྟོག་གི་ཡུར་མ་ཡུར་ནས་རང་དོན་དུ་ཐོས་བསམ་སྒོམ་གསུམ་གྱི་ས་བོན་བཏབ་སྟེ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མེ་ཏོག་བཞད་ཅིང་གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་འབྲས་བུ་སྨིན་ནས་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་ཏུ་འགྱུར་བའི་འབད་བརྩོན་གནང་དགོས་པ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་མ་ཡིན་ནམ། གལ་ཏེ་དེ་ལྟར་མ་འཇོན་ཀྱང་རང་རྒྱུད་ཚུལ་ཁྲིམས་ཀྱི་ཞིང་ས་ལ་བཅས་རང་གི་སེར་བ་མི་འབེབས་པར་དྲན་པ་དང་ཤེས་བཞིན་གྱིས་བྱ་ར་བྱེད་ཅིང་རང་ཚུགས་མ་ཤོར་བར་དད་པ་དང་དག་སྣང་གི་ཆུ་ལུད་བཀྲམས་ནས་རང་དགོས་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་གཅིག་ཏུ་གཞོལ་ནས་རང་མགོ་ཉི་མ་ཆོས་ཀྱིས་འཁྱོལ་བར་བྱེད་དགོས་པར་སེམས། མ་མཐར་ཡང་རང་ངོ་མ་བརྗེད་གཞན་སེམས་མ་དཀྲུགས་པར་རང་ཉིད་ནང་པའི་གྲལ་ནས་མ་བུད་ཅིང་། རང་རིགས་ལ་ཕྱོགས་ལྷུང་དང་ཨ་ཕའི་ཁ་ཕོར་གཙང་ཞེན་གྱི་ཕྱོགས་རིས་མ་གོས་པར་དད་པའི་ཞག་རྩི་ཡོད་པའི་སྒོ་ནས་རང་ཚུགས་མ་ཤོར་བ་ཞིག་དང་། དེ་བཞིན་གཞན་རིགས་ལ་ལོག་རྟོག་དང་ཕྲག་དོག་གི་དུག་ཆུས་མ་བརླན་པར་དག་སྣང་གི་བློ་སྦྱངས་ནས་གཞན་སེམས་མི་འཁྲུག་པར་གཉིས་ཕན་དབུ་མའི་ལམ་དུ་བསྐྱོད་དགོས་པ་ནི་ཆོས་མིང་འཛིན་པ་རང་གཞན་ཚང་མའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཏུ་མཐོང་། ཉེར་གཅིག་གི་དུས་འདིར་མཁས་བླུན་དབྱེ་བ་མེད་པར་འབུ་གྲོག་མ་ཚང་ནས་ཐོན་པ་ནང་བཞིན་འཚང་ཁ་ཤིག་ཤིག་ངང་སྤྱི་ཚོགས་དྲྭ་ལམ་ཐོག་མ་བོས་མགྲོན་པོར་ཕེབས་ཡོང་བ་ནི་འགོག་ཏུ་མེད་པའི་དུས་རབས་ཀྱི་ཁ་ཕྱོགས་ཤིག་ཏུ་སྣང་།

དེ་དང་སྟབས་བསྟུན་ནས་མཁས་དབང་ཚོས་ལེགས་སྤེལ་ཉེས་འགོག་གི་སྒོ་ནས་གཞན་ཕན་རླབས་ཆེན་གྱི་བྱ་གཞག་བསྒྲུབས་དང་སྒྲུབ་བཞིན་པ་ནི་ང་ཚོའི་བསྟོད་བསྔགས་བྱ་ཡུལ་ཞིག་དང་རྗེས་སུ་ཡི་རང་འོས་པའི་གནས་ཡིན་ཞིང་སོ་སོས་ཀྱང་དེ་ལྟར་རེ་སྨོན་དང་འབད་བརྩོན་བྱེད་དགོས་པའི་གནས་སྟངས་ཤིག་རེད་དེ། འོན་ཀྱང་དེེ་དང་དུས་མཚུངས་བདག་འདྲ་བའི་སློབ་གཉེར་བ་ཁ་ཅིག རང་དགོས་སློབ་སྦྱོང་ལ་དོ་སྣང་དང་སྤྲོ་བ་བརླགས་ཏེ་དེའི་ཚབ་ཏུ་མི་དགོས་པའི་གཞན་ལ་ཇུས་མེད་ཇུས་གཏོགས་ཀྱི་དོ་དབྱིངས་ཞུགས་ནས་དུས་ཚོད་ཆུད་ཟོས་སུ་བཏང་སྟེ་དོན་མེད་ཆོས་སྤོང་གི་ལས་ངན་གསོག་པའི་ངན་གོམས་བརྟུལ་ཞུགས་བཟུང་སྟེ། དེ་ཡང་རང་མགོ་རུལ་བ་སྣ་ཡིས་མ་ཚོར། ཞེས་པ་དང་། རང་ངོར་གཡག་རྒྱུག་པ་མ་མཐོང་། །གཞན་ངོར་ཤིག་རྒྱུག་པ་མཐོང་། །ཞེས་པའི་སྤྱོད་པའི་རྗེས་སུ་བསྙེགས་ཏེ། ཆགས་སྡང་གི་རྟ་ལ་བཞོན་ཅིང་ཕྲག་དོག་གི་སྲབ་ལ་འཇུས་ཏེེ་མ་རིག་པའི་ལྕག་ཚན་བྲབས་ཤིང་ཤེས་འཆལ་གྱི་ཐང་ལ་ང་རྒྱལ་གྱི་བང་རྩལ་གློད་ནས་རང་དོན་ཐོས་བསམ་སྒོམ་གསུམ་གྱི་ཞིང་ས་ལ་ལོག་རྟོག་གི་རྩྭ་ངན་སྐྱེས་ཤིང་། འཇིག་རྟེན་ཆོས་བརྒྱད་སད་སེར་གྱིས་གཞན་དོན་འཆད་རྩོད་རྩོམ་གྱི་མེ་ཏོག་བཅོམ་སྟེ། གཉིས་དོན་མཁས་བཙུན་བཟང་གསུམ་གྱི་འབྲས་བུ་དེ་ཕྱོགས་རིས་དང་ཟུར་ཟའི་སད་དང་སེར་བས་ཡོངས་སུ་བཅོམ་ཞིང་དོན་མེད་གཞན་ལ་ཁ་གཏོང་བ་ནི་ཆོས་སྤོང་གི་ལས་ངན་ཞིག་སྟེ། མཁས་གྲུབ་རཱ་ག་ཨ་སྱས་ཀྱིས། ཁམས་གསུམ་སེམས་ཅན་གསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་་་་་་། །ཞེས་པའི་གསུང་དེ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཁྱོད་ཀྱིས་མ་ཐོས་པ་དང་དོན་མ་གོ་བ་མི་སྲིད་ཀྱང་སྒྲ་ཐོས་དོན་རྟོགས་ཀྱང་ཁྱད་གསོད་དུ་བཏང་བ་དེ་ནི་ཤིན་ཏུ་མི་རིགས་པའི་གནས་སོ།།

སླར་སྨྲས་པ།

དད་གསུམ་མེ་ཏོག་ཐུགས་རྒྱུད་རབ་མཛེས་ཤིང་། །སྒོ་གསུམ་དགེ་ལ་གཅིག་ཏུ་གཞོལ་མཛད་དེ།།

བསླབ་གསུམ་ནོར་གྱིས་ཕྱུག་པའི་ཆོས་པ་ལ། །དུས་གསུམ་ཀུན་ཏུ་འབོད་སྐུལ་ཞུས་པ་མིན།།

དད་གསུམ་ཞག་རྩི་རྒྱུད་ལ་མ་འགོས་ཤིང་། །མཆོག་གསུམ་སྐྱབས་ཡུལ་ཡིན་པར་དྲན་པ་བརྗེད།།

དུག་གསུམ་ནད་ཀྱིས་མནར་བའི་ཆོས་པ་ལ། །སྒོ་གསུམ་དད་ལ་བརྩོན་ཅེས་འབོད་སྐུལ་ཞུ།།

གོང་དུ་གང་ཞུས་པ་དེ་དག ནས་ལ་སྦང་མའི་ཁ་བརྡ་དང་། སྤྱན་རས་གཟིགས་ལ་མ་ཎིའི་ལུང་ཞེས་པའི་དཔེར་རུ་སོང་ན་ཐང་།

  1. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༢༠༣ པར་གསལ།
  2. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཡིད་བཞིན་མཛོད་འགྲེལ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༡༩༦ པར་གསལ།
  3. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དཔར་ཐེངས་དང་པོ། ཡིད་བཞིན་མཛོད་འགྲེལ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༡༩༧ པར་གསལ།
  4. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དཔར་ཐེངས་དང་པོ། ཡིད་བཞིན་མཛོད་འགྲེལ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༡༩༦ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།