མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱི་མཛད་རྣམ་མདོར་བསྡུས།

རྩོམ་སྒྲིག་པ།

མཁན་ཆེན་ཞི་བ་འཚོ།

སྐུ་བལྟམས་པའི་ཚུལ།

མཁན་སློབ་ཆོས་གསུམ་གྱི་ཡ་གྱལ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་དམ་ཚུལ་གཉིས་ཟུང་འཇུག་གི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་ཤཱནྟ་རཀྵི་ཏའམ་ཞི་བ་འཚོ་ནི། རྒྱ་གར་ཤར་ཕྱོགས་བངྒ་ལའམ་ཟ་ཧོར་གྲོང་ཁྱེར་དུ་ཡབ་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་སུ་སྐུ་འཁྲུངས། ཡབ་རྒྱལ་པོ་དེ་ལ་སྲས་ལྕམ་སྲིང་གསུམ་ལས། ཆེ་བ་དྷརྨ་ར་ཛ། འབྲིང་བ་མཁན་ཆེན་ཉིད། ཆུང་བ་ལྷ་ལྕམ་མནྡྷ་ར་བ་ཡིན། མཁན་ཆེན་འཁྲུངས་དུས་ཀྱི་ལོ་ཚིགས་ནི། “རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་པོ་དྷརྨ་པཱ་ལའི་བར་དུ་ནི་ངེས་པར་བཞུགས་པར་མངོན་ལ་”1ཞེས་པ་གཞིར་བཟུང་ན། “རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་གཽ་པ་ལས་སྲིད་དབང་བཟུང་བའི་དུས་ནི་ཕྱི་ལོ་ ༦༨༥ ནས་ ༧༢༠ བར་ཡིན་ཞིང་། དེ་ནས་བརྩིས་པའི་རྒྱལ་རབས་བཞི་པ་རྒྱལ་པོ་དྷརྨ་པཱ་ལས་སྲིད་དབང་བཟུང་བའི་དུས་ནི་དུས་རབས་བརྒྱད་པའི་མཇུག་སྟེ་ཕྱི་ལོ་ ༧༩༠ ནས་ ༨༥༣ བར་ཡིན་པར་”2གསུངས་པས་དུས་དེ་ཙམ་ན་བྱོན་ཏོ།།

རྒྱ་གར་དུ་བཞུགས་རིང་གི་མཛད་པ་ཕྲིན་ལས།

གཞོན་ནུའི་དུས་ནས་ཁྱིམ་གྱི་ཉེས་དམིགས་གཟིགས་ནས་རྒྱལ་སྲིད་དོར་ཏེ་མཁན་པོ་ཡེ་ཤེས་སྙིང་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་མཚན་ལ་བོ་དྷི་སཏྭ་ཤཱནྟ་རཀྵི་ཏ་ཞེས་གསོལ། རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་ཏེ་ནཱ་ལེནྡྲའི་མཁན་པོ་མཛད་ཅིང་རྒོལ་བ་ངན་པ་མཐའ་དག་ཚར་བཅད་དེ་མཁས་པའི་གྲགས་པ་སེང་གེའི་སྒྲ་ཆེན་པོ་ས་སྟེང་ཐམས་ཅད་དུ་ཁྱབ་པར་གྱུར། དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ནས་བྲམ་ཟེ་མུ་སྟེགས་སོགས་ཀྱི་རིག་བྱེད་མཐའ་དག་ལ་མཁས་པ་ཞིག་གིས་ཕྱི་ནང་གཉིས་ཀའི་རྒོལ་བ་རྣམས་ཕམ་པར་བྱས་ཏེ་སུས་ཀྱང་འགྲན་མི་བཟོད་པ་ན། ད་ནི་ནཱ་ལེནྡྲར་སོང་ནས་མཁན་པོ་ཞི་བ་འཚོ་ཕམ་པར་བྱས་ན་ས་སྟེང་ན་འགྲན་ཟླ་མེད་པར་འགྱུར་རོ་བསམས་ནས། མཁན་པོའི་བཞུགས་སར་རིམ་གྱིས་འོངས་ཏེ་བལྟས་པས་མཁན་པོ་མི་སྣང་ཞིང་འཇམ་དཔལ་དབྱངས་ཀྱི་སྐུ་གསེར་བཙོ་མའི་མདོག་ལྟར་འབར་བ་ཞིག་བཞུགས་པར་མཐོང་སྟེ་ཕྱིར་ཡོང་ནས། གཞན་ལ་དྲིས་པས་མཁན་པོ་དེ་ཉིད་ན་བཞུགས་ཡོད་ཟེར། སླར་ལོག་ནས་བལྟས་པས་སྔར་གྱི་ས་དེ་ན་མཁན་པོ་བཞུགས་པར་མཐོང་བས་ལྷག་པའི་ལྷ་དངོས་སུ་གྲུབ་པས་སུས་ཀྱང་རྩོད་པས་མི་ཐུབ་པར་ཤེས་རྗེས་ཤིན་ཏུ་དད་པར་གྱུར་ཅིང་། རྩོད་པའི་བསམ་པ་ཡང་དོར་ནས་གུས་པས་ཞབས་སྤྱི་བོར་བླངས་ཏེ་བསྟན་པའི་སྒོར་ཞུགས། མཁན་ཆེན་འདི་ཉིད་དེ་ལྟ་བུའི་མཁས་པའི་འགྲན་ཟླ་དང་བྲལ་བ་མ་ཟད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་བཟུང་སྟེ། འདིའི་ལུགས་ཀྱི་འདུལ་བ་དགག་སྒྲུབ་གནང་གསུམ་དང་བཅས་པ་ཆེ་ཕྲ་མཐའ་དག་ཐུགས་སུ་ཆུད་པར་མཛད་ནས། ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་དག་ལ་གནས་པས་འཕགས་ཡུལ་ན་འདུལ་འཛིན་དམ་པ་མང་པོ་གསེར་རིའི་ཕྲེང་བ་ལྟ་བུའི་ནང་ན་འདུལ་བའི་རྣམ་ཐར་གཙང་མར་སྐྱོང་བ་ལ་རི་དབང་ལྟར་མཐོ་ཞིང་སྡོམ་བརྩོན་ཐམས་ཅད་ཀྱི་རྒྱལ་པོ་ཚུལ་ཁྲིམས་གཙང་མའི་ཚད་དུ་གླེང་བར་གྲགས། དེ་བཞིན་དབུ་མ་རྒྱན་སོགས་བརྩམས་ཏེ་ནཱ་ལེནྡྲ་དང་། རྒྱ་གར་ཤར་ཕྱོགས། རྒྱ་ནག་ལ་སོགས་པར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་བསྐྱངས་ཏེ་རྣལ་འབྱོར་སྤྱོད་པའི་དབུ་མའི་སྲོལ་ཕྱེ་ཞིང་། འཕགས་ཡུལ་དུ་སློབ་དཔོན་སེངྒེ་བཟང་པོ་དང་། ཀ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན་སོགས་ཞལ་སློབ་མང་དུ་བྱུང་།

བོད་དུ་གདན་དྲངས་པའི་ཚུལ།

བོད་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་ནས་རིང་པོ་མ་ལོན་པར་ཡབ་གཤེགས། དེ་ནས་ཆོས་རྒྱལ་སྐུ་ནར་སོན་ཏེ་བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ་ཆ་ཚང་བ་ཞིག་འཛུགས་པར་དགོངས་ཏེ་རྒྱལ་བའི་བཀའ་དང་དེའི་དོན་སྟོན་པ་གནས་ལྔ་མཁྱེན་པའི་པཎྜི་ཏ་ཞིག་འཚོལ་དུ་སྦ་གསལ་སྣང་རྒྱ་གར་དུ་བཏང་། སྐབས་དེར་ཆོས་རྒྱལ་གྱིས་བདུད་བློན་རྣམས་ཀྱི་མཐོང་སྣང་དུ་སྦ་གསལ་སྣང་དེ་སྟོད་མང་ཡུལ་གྱི་སོ་ཁ་སྲུང་བའི་བློན་པོར་བསྐོས་པ་ལྟ་བུར་མཛད། དེ་ནས་སྦ་གསལ་སྣང་གིས་རྒྱ་གར་རྡོ་རྗེ་གདན་དང༌ནཱ་ལེནྡྲ་སོགས་སུ་མཆོད་པ་ཕུལ་པ་སོགས་གནང་ནས། བོད་དུ་ཚུར་ལོག་འོང་བའི་ལམ་ཞོར་དུ་བལ་ཡུལ་ལ་བྱོན་པས་བལ་པོའི་རྒྱལ་པོའི་མཆོད་གནས་སུ་མཁན་ཆེན་ཞི་བ་འཚོ་སྐུ་དངོས་བཞུགས་པ་དང་མཇལ་ཏེ། མཁན་ཆེན་ཉིད་མང་ཡུལ་དུ་སྤྱན་དྲངས་ནས་གཙུག་ལག་ཁང་གཉིས་བཞེངས།

མཁན་ཆེན་ནས་ཆོས་འབྲེལ་དང་སེམས་བསྐྱེད་ཞུས་ཏེ་རང་ལུས་ལ་ཡོད་པའི་གསེར་དང་གྱོན་པ། སྐེ་རགས་ཞྭ་དང་བཅས་པ་ཚང་མ་ཡོན་དུ་ཕུལ་པས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་གོང་འཕེལ་ཡོང་བའི་རྟེན་འབྲེལ་བཟང་པོ་འགྲིགས། སྦ་གསལ་སྣང་གིས་མཁན་ཆེན་ཉིད་བོད་ཀྱི་བཙན་པོའི་མཆོད་གནས་སུ་ཕེབས་པར་ཞུ་བ་འབུལ་སྐབས། མཁན་ཆེན་གྱི་ཞལ་ནས་བོད་ཀྱི་ཡུལ་ལ་ཕན་ཐོགས་བྱ་རྒྱུ་ནི་ངའི་ལས་སྐལ་ཡིན། ཁྱེད་དང་ང་གཉིས་སྐྱེ་བ་འདི་ལ་ངོ་ཤེས་པ་ཙམ་མ་ཡིན། སྐྱེ་བ་དུ་མའི་སྔ་རོལ་ནས་ངའི་དྲུང་དུ་སེམས་བསྐྱེད་པའི་སྲས་ཀྱི་ཐུ་བོ་ཡིན། ཁྱོད་ཀྱི་མིང་ནི་ཡེ་ཤེས་དབང་པོའོ་གསུངས་ནས་མགོ་ལ་ཕྱག་གིས་བྱིལ་བྱིལ་མཛད། བོད་ཀྱི་རྒྱལ་པོ་དང་ཁྱོད་གཉིས་ལྷན་ཅིག་ད་བར་མ་སྐྱེས་པས། ངས་ཁྱོད་གཉིས་སྐྱེ་བ་དགུའི་བར་དུ་མང་ཡུལ་དང་ཟ་ཧོར་གཉིས་སུ་བསྒུགས་ནས་བསྡད་པ་ཡིན།3 ད་ཁྱོད་གཉིས་ཀྱང་ནར་སོན་ནས་དུས་ལ་བབ་པར་གདའ་བས་ངས་བོད་ཀྱི་རྒྱལ་པོའི་མཆོད་གནས་བྱེད་ལ་ཡུལ་བྱན་ཀར་ཆུ་བོ་ལོ་ཧི་ཏའི་འགྲམ། རི་ཧས་པོ་རིའི་དྲུང་དུ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་གཙུག་ལག་ཁང་གཅིག་ཀྱང་བཞེངས། ཞེས་གསུངས་ནས་མཁན་ཆེན་ཉིད་སླར་བལ་ཡུལ་ལ་ཕེབས།

སྦ་གསལ་སྣང་བོད་དུ་འོངས་ཏེ་རྒྱལ་པོའི་སྐུ་མདུན་དུ་བཅར་ནས་དབེན་ས་ཞིག་ཏུ་ཆོས་བྱ་དགོས་པ་དང༌། མཁན་ཆེན་མཆོག་གི་སྐུ་ཡོན་དང་། བོད་དུ་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཚུལ་རྣམས་ཞིབ་པར་ཞུས་པས་རྒྱལ་པོ་ཐུགས་ཤིན་ཏུ་མཉེས་ཏེ་གསུངས་དོན། ངེད་རང་གཉིས་ཀྱིས་པཎྜི་ཏ་དེ་བོད་དུ་གདན་དྲངས་ནས་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཟང་པོ་ཞིག་འཛུགས་ཐུབ་པ་བྱ་རྒྱུ་གསང་བ་དམ་པོ་དགོས། ངེད་གཉིས་འདི་ལྟར་བྱས་པ་བདུད་བློན་ཚོས་ཤེས་ན་ཁྱོད་སྲོག་དང་འབྲལ་བ་དང་དོན་ཆེན་པོ་ལས་ཉམས་པར་འགྱུར་བས་ཁྱོད་དབེན་ས་ཞིག་ཏུ་གབ་ནས་སྡོད་ཅིག ངས་ཐབས་བྱའོ་གསུངས་ནས་གསལ་སྣང་རེ་ཞིག་དབེན་སར་བྱོལ།

དེ་ནས་རྒྱལ་པོས་ཐབས་མཁས་དུ་མས་ཆོས་ལ་མི་དགའ་བའི་བློན་པོ་གཙོ་བོ་རྣམས་བཏུལ་ཏེ་ཆབ་སྲིད་ཆོས་བཞིན་སྐྱོང་བའི་དུས་ལ་བབས་པ་ན། རྒྱལ་པོས་བློན་པོ་རྣམས་ལ་བཀའ་སྩལ་པ། ངའི་ཡབ་མེས་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བཙུགས་པ་དེ་ཞང་མ་ཞང་སོགས་སྡིག་བློན་རྣམས་ཀྱིས་བཤིག ཇོ་བོ་ཤཱཀྱ་མུ་ནི་ཡང་མང་ཡུལ་སྐྱིད་གྲོང་དུ་སྤྱུགས་འདུག་པས། དེ་སྤྱན་དྲངས་ལ་ངེད་རང་རྗེ་བློན་འབངས་དང་བཅས་པས་ཆོས་བྱེད་ན་རུང་གསུངས་པས། རྒྱལ་པོའི་བཀའ་བཞིན་དུ་བློན་འབངས་རྣམས་གྲོས་འཆམས་ནས་ཆོས་བྱེད་པ་ལ་མཁས་པ་པཎྜི་ཏ་ཞིག་སློབ་དཔོན་དུ་བསྟེན་དགོས་པས་ཆོས་ལ་མཁས་པ་སུ་ཡོད་ཅེས་གླེང་བ་ན། སྦ་གསལ་སྣང་མང་ཡུལ་ནས་འོངས་པ་དེ་རྒྱལ་པོའི་སྤྱན་སྔར་དགུག་ཏུ་གསོལ་ཟེར་བ་བཞིན་བཀུག་ནས་རྒྱལ་པོས་ཁྱོད་རྒྱ་གར་དུ་འགྲོ་མྱོང་སྟབས་ཆོས་ལ་མཁས་པའི་པཎྜི་ཏ་སུ་ཡོད་པ་སྨྲོས་ཤིག་ཅེས་གསུངས། སྦ་གསལ་སྣང་གིས་ཟ་ཧོར་རྒྱལ་པོའི་སྲས་དགེ་སློང་ཤཱནྟ་རཀྵི་ཏ་ཞེས་པ་དམ་པའི་ཆོས་དང་གཙུག་ལག་ཀུན་ལ་མཁས་པ་ཞིག་འདུག་པ་དེ་ད་ལྟ་བལ་ཡུལ་དུ་མཆིས་ཞེས་གསོལ་བས། རྒྱལ་པོས་འོ་ན་ཁྱོད་བལ་ཡུལ་དུ་སོང་ལ་བལ་པོའི་རྒྱལ་པོར་ངའི་བཀའི་སྒྲོམ་བུ་འདི་ཕུལ་ནས་པཎྜི་ཏ་ངེས་པར་དུ་སྤྱན་དྲོངས་ཤིག་ཅེས་མངགས་པས་སྦ་གསལ་སྣང་སླར་ཡང་བལ་ཡུལ་ལ་ཕེབས།

སྦ་གསལ་སྣང་བལ་ཡུལ་དུ་འབྱོར་ནས་བལ་རྗེ་ལ་རྒྱལ་པོའི་བཀའ་ཡིག་ཕུལ་ཏེ་མཁན་ཆེན་ཞི་བ་འཚོ་བོད་ཡུལ་དུ་སྤྱན་དྲངས་ནས་རིམ་གྱིས་མང་ཡུལ་དུ་ཕེབས་པ་ན། བོད་ནས་རྒྱལ་པོས་ཕེབས་བསུ་ལ་ནང་འཁོར་བ་ལང་འགྲོ་སྣང་ར་དང་། གཉེར་སྟག་ཚང་ལྡོང་གཟིགས། སྦྲང་རྒྱ་ར་ལེགས་གཟིགས་གསུམ་བཏང་ནས་འབྱོར། དེ་ནས་རིམ་གྱིས་ཕེབས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཉེ་བ་ན། སྦ་གསལ་སྣང་སྔོན་ལ་ཕྱིན་ནས་རྒྱལ་པོ་ལ་ཕྱག་ཕུལ་ཏེ། པཎྜི་ཏ་བྱོན་ཡོད་པའི་ལོ་རྒྱུས་གསོལ་བས་རྒྱལ་པོ་དགྱེས་ཏེ་བཀུར་སྟི་མཛད་པ་ན་ཞང་བློན་ཆོས་ལ་དད་པ་འགའ་ཞིག་གིས་ཟེར་དོན། རྒྱ་བལ་གྱི་མི་ངན་སྔགས་མཁན་མང་བས་སྔོན་ལ་བརྟག་དཔྱད་མཛད་པ་ལེགས་ཟེར་བ་བཞིན། བློན་པོ་ལོ་ཙཱ་བ་སང་ཤི་སོགས་འགའ་ཞིག་གིས་བརྟགས་ཀྱང་རྒྱ་གར་སྐད་མ་གོ་བའི་སྟབས་ཀྱིས་བཟང་ངན་མ་ཤེས། དེ་ནས་ཁ་ཆེ་ཨཱ་ནན་ཏ་ལ་ལོ་ཙཱ་བཅོལ་ནས་བཀའ་འདྲི་འགའ་ཞིག་ཞུ་སྐབས། སློབ་དཔོན་གྱི་ཞལ་ནས་སྤྱོད་པ་ལེགས་སོ་ཅོག་ལ་མི་བྱ་བ་མེད། ཉེས་སོ་ཅོག་ལ་མི་བཏང་བ་མེད། ལྷར་དཀོན་མཆོག་གསུམ་མཆོད། གཙོ་བོར་སེམས་ཅན་ལ་ཕན་པ་བྱ་ཞེས་གསུངས་པས། བློན་པོ་དེ་དག་གིས་རྒྱལ་པོ་ལ་ཨཱ་ཙརྱ་འདི་ལྟ་བ་དང་སྤྱོད་པ་ཁྱད་པར་དུ་འཕགས་པ་འདུག་པས་ཐུགས་དོགས་མི་འཚལ་ཞེས་གསོལ་ནས་བཙན་པོ་དགུང་ལོ་ཉི་ཤུ་ལོན་པའི་ལྕགས་གླང་ཕྱི་ལོ་ ༦༧༡ ལོ་དེར་ཕོ་བྲང་དུ་སྤྱན་དྲངས།

ཕོ་བྲང་གི་སྒོ་འགྲམ་དུ་བྱོན་པ་ན། རྒྱལ་པོས་གསེར་ཕྱེ་བྲེ་གང་ཕྱག་རྟེན་དུ་ཕུལ་ནས་ཕྱག་བྱས་ཏེ་བྱིན་རླབས་ཞུས། སངས་རྒྱས་ཀྱི་བསྟན་པའི་སྲོལ་དར་རྒྱས་ཡོང་བའི་ཞུ་བ་ཕུལ་པ་ལྟར། ཨཱ་ནནྟས་ལོ་ཙཱ་བགྱིས་ཏེ་ཕོ་བྲང་རླུང་འཚུབས་སུ་ཟླ་བ་བཞིའི་རིང་དགེ་བ་བཅུ་དང་། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་སོགས་ཀྱི་ཆོས་གསུངས་པས། སྐབས་དེར་ཆུ་ལོག་བྱུང་སྟེ་ཕོ་བྲང་འཕང་ཐང་ཆུས་ཁྱེར་བ་དང་། ལྷ་སའི་དམར་པོ་རི་ལ་ཐོག་བརྒྱབ། མི་དང་ཕྱུགས་ལ་ནད་ཡམས་ཕོག་པ་བཅས་བྱུང་བས་བོད་འབངས་ཚང་མས་ངོ་ལོག་ནས་འདི་རྣམས་ཆོས་བྱས་པས་ལན། ཨཱ་ཙཱརྱ་འདི་སྤྱུགས་ཤིག་ཟེར་ཏེ་ཆོས་བགྱིད་དུ་མ་སྟེར་བས། རྒྱལ་པོ་ཐུགས་ཕམ་ཆེན་པོའི་ངང་ནས་མཁན་ཆེན་ཞི་བ་འཚོའི་ཞབས་ལ་དབུ་གཏུགས་ཏེ་བཤུམ་བཞིན་བོད་བསོད་ནམས་དམན་པས་ནག་ཕྱོགས་ཀྱི་མི་མ་ཡིན་རྣམས་ཀྱིས་བར་ཆད་འདི་འདྲ་བྱས། བོད་མི་རྣམས་ཀྱང་འདི་སྐད་ཟེར་བས་མཁན་པོ་རེ་ཞིག་བལ་ཡུལ་དུ་ཕྱིར་མི་ཕེབས་ཀ་མེད་བྱུང་། ཡང་རྗེས་སུ་དུས་ལ་འབབ་སྐབས་སླར་ཡང་གདན་དྲང་རྒྱུ་ཡིན་པས་ངེས་པར་དུ་ཕེབས་གནང་ཡོད་པར་ཞུ་ཞེས་གསོལ་ནས་རེ་ཞིག་བལ་ཡུལ་དུ་ཕྱིར་ཕེབས་དགོས་བྱུང་། སྐབས་དེར་མཁན་པོ་ལ་རྒྱལ་པོས་ཕྱག་རྟེན་དུ། གསེར་ཕྱེ་ཧ་ཅང་མང་པོ་ཕུལ་པ་ལས་ཁྱོར་བ་གང་ཙམ་ཞིག་བལ་པོའི་རྒྱལ་པོར་དབུལ་རྒྱུའི་རྟེན་དུ་བསྣམས་ཤིང་དེའི་འཕྲོས་ཚང་མ་རྒྱལ་པོ་རང་ལ་ཕྱིར་སློག་གནང་སྟེ་གསུངས་དོན། སྔར་ཡབ་མེས་ཀྱི་སྐུ་རིང་ལ་བོད་ཀྱི་ལྷ་སྲིན་གདུག་པ་ཅན་མང་པོ་དམ་ལ་མ་བཏགས་པའི་དབང་གིས་ནག་ཕྱོགས་ཀྱི་ལྷ་འདྲེ་ཆོས་ལ་ཤིན་ཏུ་མི་དགའ་བ་ཚོས་བར་ཆད་བྱས་ཏེ་ཆོས་གནང་སྐབས་ལྟས་ངན་སྣ་ཚོགས་བྱུང་བ་ཡིན་པས། རྗེས་སུ་ནག་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་གདག་དགོས། དེ་ལ་ནི་འཛམ་གླིང་འདི་ན་ནུས་པ་ཆེ་བའི་རིགས་སྔགས་མཁན་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་ཞེས་ཞུ་བ་ཞིག་ཡོད་པ་དེ་སྤྱན་འདྲེན་དགོས། བོད་ཁམས་སུ་ཆོས་འབྱུང་བ་ལྔ་བརྒྱའི་མཐའ་མ་ལ་བབ་པས་མུ་སྟེགས་ཀྱི་རྒོལ་བ་ནང་པ་སངས་རྒྱས་པ་ཉིད་དམ་གཞན་ཞིག་འགྲན་ཟླ་འཚོལ་བ་ཞིག་བྱུང་ན། རྫུ་འཕྲུལ་ནི་པདྨ་སམྦྷ་ཝ་ལས་ཆེ་བ་སུ་ཡང་མེད་པས་དེ་ཡིས་ནག་ཕྱོགས་པ་རྣམས་ཐུབ་པར་འགྱུར་རོ། །ལུང་རིགས་སྨྲ་བ་ལ་ང་ལས་མཁས་པ་མེད་པས་ཁོ་བོས་རྩོད་ཟླ་བྱེད་ཆོག་ཅེས་མི་འཇིགས་པའི་སྒྲ་བསྒྲགས་ཤིང་། ཕས་རྒོལ་འཇོམས་པ་ལ་འགྲན་ཟླ་མེད་པ་མཁན་ཆེན་ཉིད་ཀྱིས་ཞལ་བཞེས་གནང་སྟེ་བལ་ཡུལ་ལ་ཕེབས།

བསམ་ཡས་གཙུག་ལག་ཁང་བཞེངས་ཚུལ།

“དེ་ནས་བཙན་པོས་ཐབས་མཁས་པའི་སྒོ་ནས་ཆོས་མཛད་རྒྱུའི་བཀའ་གྲོས་གནང་སྟེ། གསལ་སྣང་སོགས་མི་ལྔ་སླར་ཡང་མཁན་ཆེན་གདན་དྲངས་པར་བལ་ཡུལ་དུ་བཏང་། སྦ་བཞེད་ལས་སྐབས་དེར་མཁན་ཆེན་གྱིས་ཀྱང་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་དང་ལྷ་ཁང་རྩིག་པའི་ས་དཔྱད་བརྟག་མཁན་བཅས་གྲ་སྒྲིག་གནང་སྟེ་མངའ་རིས་མང་ཡུལ་གུང་ཐང་བར་ཕེབས་གྲུབ་པ་དང་མཇལ། སློབ་དཔོན་ཆེན་པོ་དང་། མཁན་ཆེན་སྐུ་འཁོར་བཅས་མངའ་རིས་མང་ཡུལ་ནས་སྙེ་ཐོད་དཀར་གྱི་བར་དུ་ཆུ་ཐོག་ལ་གྲུ་རྫིངས་བཅས་ཏེ་ཕེབས་ཤིང་། སློབ་དཔོན་ཆེན་པོས་ལྷ་འདྲེ་འདུལ་བ་དང་དམ་ལ་འདོགས་པའི་མཛད་པ་རྣམས་རིམ་གྱིས་བསྐྱངས། དེ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་ཆ་གང་དུ་བཟང་མིན་གྱི་བརྟག་དཔྱད་མཛད་པའི་ཆེད་དུ་མཁན་པོ་དང༌། སློབ་དཔོན། བཙན་པོ། གཉེར་སྟག་བཙན་ལྡོང་གཟིགས་བཅས་ཧས་པོ་རིའི་རྩེར་ཕེབས་ནས་གཟིགས་པ་ན། སྐབས་དེར་བསམ་ཡས་ཀྱི་ས་གཞི་དེ་འཇག་མ་སྐྱ་ཐོ་རེ་བ་དང་ཤིང་རྩི་སྡོང་ཕུང་ཆུང་བ་དང་། ལྕང་མ་སྡོང་པོ་ཐར་ཐོར་རེ་ཡོད་པ་རྣམས་ལ་གཟིགས་ནས་ཤར་ཕྱོགས་རི་ནི་རྒྱལ་པོ་ཁྲིའི་སྟེང་དུ་བཞུགས་པ་འདྲ་བ་དང་། མེ་ཡར་གྱི་རི་དྲེལ་རྟ་ཆུ་འཐུང་བ་འདྲ་བ། དོལ་ཐང་དར་དཀར་གྱི་ཡོལ་བ་བྲེས་པ་འདྲ་བ། ས་གཞི་འདི་མཁར་གཞོང་མེ་ཏོག་གུར་ཀུམ་གྱིས་བཀང་བ་འདྲ་བ་བཅས་ལྷ་ཁང་བཞེངས་པའི་ས་གནས་འདི་རང་བཟང་ཞེས་གསུངས་ནས་ཕྱག་མཁར་གྱིས་ཕྱག་བྲིས་མཛད། བོད་འབངས་རྣམས་ལ་གསང་བ་བྱ་བའི་ཕྱིར་ས་ཆ་འདིར་ཆིབས་རྟ་འདོགས་པའི་བྲེས་ཆེན་པོ་ཞིག་བརྩིག་རྒྱུ་ཡིན་ཁུལ་གྱིས་རྩྭ་འཇག་མ་རྣམས་ཀྱི་རྩེ་མོ་ཕན་ཚུན་བསྡུས་ནས་མདུད་པ་བརྒྱབ་སྟེ་མཐོ་ཡོར་བཙུགས་པ་བཞིན་དུ་བསྐོར་ནས་ཕྱིའི་རྭ་བ་སྔོན་དུ་བརྩེགས་ནས་ས་ཆོག་གི་རིམ་པ་རྣམས་མཛད། དེ་ནས་ལྷ་ཁང་དངོས་གཞི་རྩིག་སྐབས། མཁན་ཆེན་གྱིས་གསུང་དོན། བཙན་པོའི་ཐུགས་དམ་ལྷ་ཁང་འདི་འཛམ་བུའི་གླིང་འདི་ན་ངོ་མཚར་ཆེ་བ་གཅིག་བྱེད་དགོས། དེ་ཡང་འདུལ་བ་དང་། མདོ་སྡེ། མངོན་པ་བཅས་མདོ་ཕྱོགས་ཀྱི་སྡེ་སྣོད་ཐམས་ཅད་དང༌། གསང་སྔགས་རྒྱུད་སྡེ་བཞི་ཐམས་ཅད་དང་མཐུན་པ་ཞིག་བྱེད་དགོས་གསུངས་ནས་སྔོན་དུས་རབས་བདུན་པའི་མཇུག་དང་བརྒྱད་པའི་འགོར་བཞེངས་པའི་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ལྗགས་བཀོད་ཞིབ་པར་གནང༌”4 བ་བཅས་ཆུ་ཕོ་སྟག་སྟེ་ཕྱི་ལོ་ ༧༦༢ ལ་རྨང་བཏིང་ནས་མེ་ཕོ་རྟ་སྟེ་ཕྱི་ལོ་ ༧༦༦ ལོ་ལྔ་ཡི་ནང་བསམ་ཡས་གཙུག་ལག་ཁང་ལེགས་པར་བཞེངས་གྲུབ་པའི་རྗེས་སུ།5 སློབ་དཔོན་ཆེན་པོ་དང་ལྷན་ཏུ་རབ་གནས་ཀྱི་ཆོ་ག་རྒྱས་པར་གནང༌སྟེ་གཙུག་ལག་ཁང་བཞེངས་པའི་དགའ་སྟོན་གནང་ངོ་།།

བོད་དུ་རབ་བྱུང་གི་སྡེ་དང་སྒྲ་བསྒྱུར་ཁང་ཐོག་མ།

དེའི་རྗེས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོར་བོད་ལ་རབ་བྱུང་བཏུབ་བམ་མི་བཏུབ་ཉམས་སད་པའི་ཕྱིར་མཁན་ཆེན་མཆོག་ནས་སྦ་གསལ་སྣང་སོགས་སད་མི་མི་བདུན་6 རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་བོད་དུ་རབ་བྱུང་གི་སྡེ་ཐོག་མར་བཙུགས། དེའི་ཚེ་རབ་ཏུ་བྱུང་བའི་མཁན་པོ་མཛད་པས་མཁན་པོ་ཞེས་པའི་མཚན་ཐོགས།

དེ་ནས་བོད་དུ་སངས་རྒྱས་ཆོས་ལུགས་དར་འཕེལ་ཡོང་བ་ལ་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་བོད་མི་རིགས་རང་གི་སྐད་དུ་བསྒྱུར་རྒྱུ་གལ་ཆེ་བར་དགོངས་ཏེ་བསམ་ཡས་སུ་སྒྲ་བསྒྱུར་ཁང་དང་། འཆད་ཉན་གྱི་སྡེ་སོགས་བཙུགས་གནང་བ་དེ་ནི། བོད་དུ་ཡིག་བསྒྱུར་གྱི་སྡེ་དང་ཡིག་བསྒྱུར་ཁང་བཙུགས་པའི་ཐོག་མ་ཡིན། སྐབས་དེར་རྒྱལ་པོས་བོད་མི་ཚོར་ལོ་ཙཱ་ཡང་མང་དུ་སློབ་ཏུ་བཅུག དེ་ནས་རྒྱལ་པོའི་བཀས་བསྐུལ་ཏེ་སློབ་དཔོན་བི་མ་ལ་མི་ཏྲ་དང་སློབ་དཔོན་སངས་རྒྱས་གསང་བ་སོགས་མཁས་ཤིང་གྲུབ་པའི་པཎྜི་ཏ་མང་པོ་སྤྱན་དྲངས་པ་རྣམས་དང་ལྷན་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་མཐའ་ཡས་པ་བོད་ཡིག་ཏུ་བསྒྱུར་ཅིང་ཞུ་དག་ཡང་ཡང་མཛད། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འདི་དར་ཞིང་རྒྱས་པ་དང་ཡུན་དུ་གནས་ཆེད་ལུགས་འདིའི་སྡོམ་རྒྱུན་འཕགས་པ་ཤཱ་རིའི་བུ། སྒྲ་གཅན་འཛིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ་རྣམས་བསམ་ཡས་ཀྱི་གྱང་རིས་སུ་བཀོད་པར་མཛད། མ་ཟད་མཁན་ཆེན་མཆོག་གིས་ཇི་ལྟར་སྲོལ་བཏོད་པ་བཞིན་འདུལ་ཁྲིམས་དང་ལྟ་བ་རྣམས་དེ་ལྟར་བྱ་དགོས་ཞེས་བཀའ་ཁྲིམས་ཀྱང་བསྒྲགས་པར་མཛད། དེ་ལྟར་མཁན་ཆེན་ཞི་བ་འཚོ་བོད་དུ་ལོ་བཞི་བཅུའི་བར་དུ་བཞུགས་ནས་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་དེ་སྐུའི་བཀོད་པ་བསྡུ་བ་ལ་ཕྱོགས་པ་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ། བོད་དུ་མུ་སྟེགས་ནི་མི་འབྱུང་གི སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་ཅིག རྩོད་པ་བྱས་པས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན། མཐར་བསམ་ཡས་ཀྱི་ཕོ་བྲང་འོག་ཁང་ཞིག་ལ་ཕེབས་སྐབས་དབུ་ལ་ཆིབས་རྟའི་འཕྲ་ཕོག་པའི་རྐྱེན་གྱིས་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན། སྐུ་གདུང་མཆོད་རྟེན་ཧས་པོ་རིའི་རྒྱབ་ངོས་སུ་བཞེངས་པ་བཅས་སོ།།

མཁན་ཆེན་མཆོག་གི་བརྩམས་ཆོས།

མཁན་ཆེན་ཞི་བ་འཚོ་ཉིད་ཀྱིས་སྐུ་ཚེ་སྟོད་སྨད་དུ་བརྩམས་པའི་གསུང་རྩོམ་ནི།7 «དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ།» «དབུ་མ་རྒྱན་གྱི་རང་འགྲེལ།» «སྡོམ་པ་ཉི་ཤུ་པའི་འགྲེལ་པ།» «བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ།» «ཚད་མའི་དེ་ཁོ་ན་ཉིད་བསྡུས་པ།» «རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ།» «རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ།» «དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།» «བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་རྒྱ་ཆེར་བཤད་པ།» «དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ།» «ཀུ་རུ་ཀུ་ལླེའི་མན་ངག་ཆེན་པོ་ལྔ།» «གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག» «གཙུག་ཏོར་དྲི་མ་མེད་པའི་གཟུངས་ཆོག་འབྲིང་པོ།» «དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ།» «དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ།» «དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག» «དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་»སོགས་མང་ངོ་།།

སློབ་དཔོན་ཀ་མ་ལ་ཤཱི་ལ།

མཁན་ཆེན་ཞི་བ་འཚོའི་དངོས་སློབ་སློབ་དཔོན་ཀ་མ་ལ་ཤཱི་ལའམ་པདྨའི་ངང་ཚུལ་ནི། དུས་རབས་བརྒྱད་པ་8 རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་9 ཡུལ་རྒྱ་གར་ཤར་ཕྱོགས་སུ་བྱོན་ཅིང་། བི་ཀྲ་མ་ཤཱི་ལ་དང་ནཱལནྡཱ་སོགས་སུ་ཐོས་བསམ་གནང་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་སྲོལ་འཛིན་པའི་པཎྜི་ཏ་ཆེན་པོ་ཞིག་ཏུ་ཡོངས་སུ་གྲགས། རྒྱ་གར་ཤར་ཕྱོགས་སོགས་སུ་བསྟན་པའི་བྱ་བ་རླབས་ཆེན་བསྐྱངས་ནས་བལ་ཡུལ་ཕྱོགས་སུ་ཕེབས་ཏེ་བསྟན་པ་དར་རྒྱས་མཛད།

ཙེན་མིན་པ་དང་སྟོན་མུན་པའི་རྩོད་པ།

མཁན་ཆེན་ཞི་བ་འཚོས་ལུང་བསྟན་པ་ལྟར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་ཞེས་བྱ་བ་བསམ་ཡས་སུ་ཕེབས་ནས། ལུས་ངག་གིས་ཆོས་སྤྱོད་མི་དགོས། ལུས་ངག་གི་དགེ་བས་འཚང་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་འཚང་རྒྱ་ཟེར་ནས་སྒོམ་བསླབས་པས་བོད་ཀྱི་བནྡེ་མང་ཤོས་དེའི་ལུགས་བསླབས་ནས། བསམ་ཡས་གཙུག་ལག་ཁང་དུ་མཆོད་པའི་འཕྲོ་ཆད། སློབ་གཉེར་དང་ལུས་ངག་གི་དགེ་བ་རྒྱུན་ཆད། བསམ་ཡས་གཙུག་ལག་ཁང་གི་མཁན་པོ་དཔལ་དབྱངས་དང༌། བཻ་རོ་ཙ་ན། སྦ་རཏྣ་ལ་སོགས་པ་ཉུང་ཤས་ཤིག་མཁན་ཆེན་བོ་དྷི་སཏྭའི་ལུགས་བྱེད་པ་དང་ལྟ་སྤྱོད་མ་མཐུན་ཏེ་རྩོད་པ་བྱུང་བས་ཕྱོགས་ཁག་གཉིས་སུ་གྱེས། ཧྭ་ཤང་སྟོན་མུན་པ་རྣམས་ཁྲོས་ཏེ་སློབ་དཔོན་ཞི་བ་འཚོའི་རྗེས་འབྲངས་རྣམས་དམར་གསོད་གཏོང་རྩིས་བྱས་ཤིང་། འགའ་ཞིག་གིས་རང་སྲོག་བཅད་པ་བཅས་འགལ་ཟླ་ཚབས་ཆེན་བྱུང་བ་ལ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཅི་བྱེད་དཀའ་ཁག་ཆེ་བའི་གནས་སྟངས་བྱུང་སྟབས། ལྷོ་བྲག་མཁར་ཆུ་ནས་ཡེ་ཤེས་དབང་པོ་གདན་དྲངས་ཏེ་གནས་ཚུལ་རྣམས་ཞུས་ཤིང་། ད་ཅི་བྱས་ན་ལེགས་པའི་དགོངས་ཚུལ་ཞུས།

མཁན་པོའི་ལུང་བསྟན་ལྟར་གདན་དྲངས་ཚུལ།

ཡེ་ཤེས་དབང་པོས་མཁན་ཆེན་ཞི་བ་འཚོ་སྐུ་གཤེགས་ཁར། སྤྱིར་ནི་སངས་རྒྱས་ཀྱི་བསྟན་པ་གར་བྱུང་བར་མུ་སྟེགས་ཀྱི་རྒོལ་བ་རེ་འགྲན་ཟླར་འོང་ན་ཡང་བོད་ཡུལ་དུ་བསྟན་པ་ལྔ་བརྒྱའི་ཐ་མ་ལ་བྱུང་བས་མུ་སྟེགས་ཀྱི་རྒོལ་བ་ནི་མི་འབྱུང༌། སངས་རྒྱས་པ་ཉིད་ལྟ་བ་མ་མཐུན་ཏེ་རྩོད་པར་འགྱུར་གྱི་དེ་ལྟ་བུ་བྱུང་ན་ངའི་སློབ་མ་ཀ་མ་ལ་ཤཱི་ལ་བྱ་བ་ཞིག་བལ་ཡུལ་ན་ཡོད་པ་སྤྱན་དྲོངས་ལ་དེ་དང་རྩོད་པ་བྱེད་དུ་ཆུག་ལ་རྒྱལ་པོས་བསྡུམས་གྱིས་ཤིག རྩོད་པ་ཆོས་ཕྱོགས་སུ་འདུམ་པར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ལྟར་མཛད་ན་ལེགས་ཞེས་གསུངས་པ་ལྟར་བཙན་པོས་ཀ་མ་ལ་ཤཱི་ལ་སྤྱན་འདྲེན་པའི་ཕོ་ཉ་བཏང་བས་ཧྭ་ཤང་གིས་གོ་ནས་ཡུམ་རྒྱས་པ་ལ་སོགས་པ་མདོ་སྡེ་ཟབ་མོ་རྣམས་སྤྱན་དྲངས་ཏེ་ཟླ་བ་བཞིའི་རིང་ཤགས་བསླབས། བསྟན་བཅོས་ལ་ཆོས་བྱ་མི་དགོས་ཉལ་བས་ཆོག་ཅེས་སྟོན་པ་བསམ་གཏན་ཉལ་ཆོག་གི་འཁོར་ལོ། དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན་དང་ཡང་ལོན་གཉིས། དེ་རིགས་པས་བསྒྲུབ་པ་ལྟ་བའི་རྒྱབ་ཤ་དང་ལུང་གིས་སྒྲུབ་པ་མདོ་སྡེ་བརྒྱད་ཅུ་ཁུངས་ལ་སོགས་པ་བྱས། མདོ་སྡེ་དགོངས་པ་ངེས་འགྲེལ་རང་གི་ལྟ་སྤྱོད་དང་འགལ་བར་མཐོང་ནས་རྡོག་པས་དྲིལ་ཏེ་འདི་ཆོས་མིན་ཟེར་ནས་བོར།

བཙན་པོས་ཀ་མ་ལ་ཤཱི་ལ་བལ་ཡུལ་ནས་བསམ་ཡས་སུ་གདན་དྲངས་པ་ལྟར་བྱོན་ཏེ། བསམ་ཡས་ཀྱི་ཐད་ཀའི་ཕ་རིའི་ཆུ་འགྲམ་དུ་ཕེབས་པ་དང་། ཧྭ་ཤང་ན་རེ། བདག་གིས་ཀྱང་པཎྜི་ཏ་བྱོན་པ་ལ་བསུ་བ་བྱེད་དོ་གསུངས་ཏེ་ཚུ་རིའི་ཆུ་འགྲམ་དུ་བྱོན། དེར་ཧྭ་ཤང་བྱོན་པ་ཀ་མ་ལ་ཤཱི་ལས་གཟིགས་ཏེ། ཀ་མ་ལ་ཤཱི་ལའི་ཐུགས་ལ་ཧྭ་ཤང་འདི་རིགས་པ་དང་ལྡན་ན་བདག་གིས་ངེས་པར་ཐུལ་གྱི་རིགས་པ་དང་མི་ལྡན་ན་མི་ཐུལ་དགོངས་ཏེ། ཧྭ་ཤང་གི་རིགས་པ་བརྟགས་པའི་ཕྱིར་དུ། ཁམས་གསུམ་འཁོར་བར་འཁྱམ་པའི་རྒྱུ་ནི་གང་ཡིན་ཞེས་འདྲི་བའི་བརྡ་སྟོན་པའི་ཕྱིར་དུ། ཀ་མ་ལ་ཤཱི་ལས་རང་གི་དབུ་ལ་ཕྱག་ཤིང་ལན་གསུམ་བསྐོར་བས། དེ་ཧྭ་ཤང་གིས་གཟིགས་ཏེ། འཁོར་བར་འཁྱམ་པའི་རྒྱུ་གཟུང་འཛིན་གཉིས་ལས་བྱུང་ཞེས་ལན་འདེབས་པའི་ཕྱིར་དུ། བེར་གྱི་ཐུ་བ་ནས་བཟུང་སྟེ་ལན་གཉིས་ས་ལ་བརྡབ་པས། ཀ་མ་ལ་ཤཱི་ལའི་ཐུགས་ལ་ཧྭ་ཤང་རིགས་པ་དང་ལྡན་པ་ཞིག་འདུག་པས། བདག་གིས་ཐུལ་བར་འདུག་གོ་དགོངས་ནས་ཐུགས་དགྱེས་པར་གྱུར།

རྒྱའི་ཧྭ་ཤང་ཚར་བཅད་ཚུལ།

དེ་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་སུ་ཕེབས་པ་དང་། སེང་གེའི་ཁྲི་བཤམས་ནས་རྒྱལ་པོ་དགུང་དུ་བཞུགས། གཡས་ཕྱོགས་སུ་ཧྭ་ཤང་དང་རྗེས་འབྲངས་སློབ་མ་རྣམས་བཞུགས། གཡོན་ཕྱོགས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། སྦ་ཡེ་ཤེས་དབང་པོ། དཔལ་དབྱངས་སོགས་མི་ཉུང་ཤས་ཤིག་བྱུང་བ་གྲལ་ལ་བཞུགས་ཏེ། བཙན་པོས་མཁན་པོ་གཉིས་དང་སྟོན་རྩེན་གྱི་བནྡེ་ཀུན་ལ་མེ་ཏོག་དཀར་པོའི་ཕྲེང་བ་རེ་རེ་ལག་ཏུ་ཕུལ་ནས་བཀའ་བསྩལ་པ། བདག་ནི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་མོས་ནས། གཙུག་ལག་ཁང་སྡེ་སྐོར་དང་བཅས་པ་བཞེངས། རྒྱ་གར་ནས་བོ་དྷི་ས་ཏྭ་གདན་དྲངས་ཏེ། སྡེ་སྣོད་གསུམ་གྱི་ཆོས་ཐམས་ཅད་བསྒྱུར་ཅིང་ཡང་དག་པར་གཏན་ལ་ཕབ། དགེ་འདུན་གྱི་སྡེ་བཙུགས། ཆོས་ལ་དགོངས་པ་གཅིག་ཏུ་མཐུན་པ་ཞིག་ཡིན་ནའང། རྒྱ་ནག་ནས་ཧྭ་ཤང་བྱོན་ཏེ། ཆོས་ལ་ལྟ་བ་མ་མཐུན་པར་སོ་སོར་བྱེ་བས། ཀ་མ་ལ་ཤཱི་ལ་ཁྱེད་བོ་དྷི་ས་ཏྭའི་སློབ་མ་ཡིན་པས་ཁྱེད་འདིར་གདན་དྲངས་པ་ཡིན། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འོང་བས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐུན་པར་སྒྲོགས། ཁྱེད་དང་ཧྭ་ཤང་གཉིས་པོ་རྩོད་པ་མཛོད་ལ་ང་རྒྱལ་མ་མཛད་པར་ཕན་ཚུན་རིགས་པ་བསྡུར་ལ་གང་གཏན་ཚིགས་བཟང་བ་ལ་སུ་གཏན་ཚིགས་ངན་པ་དེས་མེ་ཏོག་གི་ཕྲེང་བ་ཕུལ་ཅིག་ཅེས་བཀའ་གནང་ངོ་།།

དེ་ནས་ཧྭ་ཤང་ན་རེ་ང་གཞི་ལ་སྔ་བས་ངས་དྲིའམ་ལན་གདབ་གསུངས་པར། ཀ་མ་ལ་ཤཱི་ལས་སྔོན་ལ་ཁྱེད་ཀྱིས་ཤགས་ཐོབ་ཅིག་གསུངས། ཧྭ་ཤང་ན་རེ། ཐམས་ཅད་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པས་ལས་དགེ་དང་མི་དགེས་མཐོ་རིས་དང་ངན་སོང་གི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་ཞིག་ཅི་ལ་ཡང་མི་སེམས་ཤིང་ཅི་ཡང་མི་བྱེད་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཞེས་གསུངས། དེ་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས། དེ་ལྟར་ཅི་ཡང་མི་སེམས་ཟེར་བ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་དབྱིངས་རྣམ་པར་མི་རྟོག་པ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་དགོས་པ་ཡིན། ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ན། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སམ་ཤེས་རབ་ཀྱང་སྤངས་པར་གྱུར་ཏེ་སོ་སོར་རྟོག་པའི་ཤེས་རབ་མེད་པར་རྣལ་འབྱོར་པས་ཐབས་གང་གིས་རྣམ་པར་མི་རྟོག་པ་ལ་གནས་པར་འགྱུར། ཞེས་སོགས་ཕན་ཚུན་རང་གི་ལྟ་བ་སྒྲུབ་པར་བྱེད་པ་དང་། གཞན་ཕྱོགས་དགག་པའི་རྩོད་གླེང་ཐེངས་མང་གནང་མཐར་སྟོན་མིན་པས་ཤགས་ལན་འཇལ་མ་ཐུབ་པས་ཕམ་པར་ཁས་བླངས་ཏེ་རྩེན་མིན་པ་ཀ་མ་ལ་ཤཱི་ལའི་སྡེ་ལ་མེ་ཏོག་ཕུལ། དེ་ནས་རྒྱལ་པོ་ཁྲི་སྲོང་གིས་ལྟ་བ་དང་སྤྱོད་པ་མཁན་པོ་བོ་དྷི་ས་ཏྭའི་ལུགས་བཞིན་གྱིས་ཤིག ཅེས་ཐོག་མར་ཁྲིམས་བསྒྲགས་པ་དང༌། ད་ཕྱིན་ཆད་ལྟ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ལྟར་བྱ་དགོས་ཤིང༌། ཧྭ་ཤང་གི་ལུགས་ལྟར་བྱས་ན་ཆད་པས་གཅོད་དོ་ཞེས་དྲིལ་བསྒྲགས་པར་བཤད་པས། དེས་ན་བསྟན་པ་སྔ་དར་ལ་སེམས་ཙམ་པའི་ལུགས་འཛིན་པ་འགའ་ཞིག་བྱོན་ཀྱང་གཙོ་བོ་ནི། མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལའི་ལུགས་འཛིན་མཁན་ཡིན་པས་དབུ་མ་རང་རྒྱུད་པ་དར་ཁྱབ་ཆེ་བར་གྱུར།

སྒོམ་རིམ་ཐོག་མཐའ་བར་གསུམ་བརྩམས་ཚུལ།

སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་ཆོས་རྩོད་ཀྱི་རྗེས་སུ་ལོ་ཤས་བོད་དུ་བཞུགས་པའི་རིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། མཁས་མཆོག་ཀ་མ་ལ་ཤཱི་ལ་ལ་བོད་ཁམས་སུ་བསྟན་པ་ལ་དག་ཐེར་མཛད་ནས་ལྟ་བ་ལོག་པར་སྨྲ་བ་རྣམས་སུན་ཕྱུང་བ་བཀའ་དྲིན་ཆེ་ཞེས་གུས་པས་མཆོད་པ་ཚད་མེད་པ་མཛད་ཅིང་ལུང་དང་རིགས་པ་དྲི་མ་མེད་པས་ལྟ་ངན་ལོག་པར་སྨྲ་བ་བཀག་པ་དེ་ལྟར་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་ཡི་གེར་འཁོད་པ་ཞིག་དགོས་ཞེས་རེ་བ་ཞུས་པ་ལྟར་མཁས་མཆོག་ཀ་མ་ལ་ཤཱི་ལས་«དབུ་མ་སྒོམ་རིམ་གསུམ་»མཛད། སླར་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་ལེགས་པར་བཀྲལ་བའི་དབུ་མའི་ལྟ་བ་མཐར་ཐུག་པ་འདི་འཇིག་རྟེན་འདིར་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རིགས་པས་གསལ་བར་མཛད་པའི་བསྟན་བཅོས་ཤིག་མཛད་དགོས་པར་ཞུས་ཏེ། མཁས་མཆོག་ཀ་མ་ལ་ཤཱི་ལས་དབུ་མའི་ལམ་བཟང་གསལ་བར་སྟོན་པའི་བསྟན་བཅོས་«དབུ་མ་སྣང་བ་»བརྩམས། དེས་ན་སློབ་དཔོན་ཞི་འཚོས་དབུ་མ་རྒྱན་དང༌། སློབ་དཔོན་ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས། སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་བཅས་མཛད་པས་སློབ་དཔོན་དེ་གསུམ་ལ་རང་རྒྱུད་ཤར་གསུམ་གྱི་མཁན་པོ་རུ་གྲགས།

དེ་བཞིན་སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གི་བརྩམས་ཆོས་གཞན་ཡང་། «ཤེར་ཕྱིན་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་»དང་། «ཤེར་ཕྱིན་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་འགྲེལ་པ།» «ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ།» «དབུ་མ་རྒྱན་གྱི་འགྲེལ་བཤད།» «ཤེར་སྙིང་འགྲེལ་པ།» «རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་པ།» «ས་ལུ་ལྗང་པའི་མདོའི་རྒྱ་ཆེར་འགྲེལ་པ།» «ལྷོ་ཟ་མོ་ཚངས་དབྱངས་ལ་སྡུག་བསྔལ་གྱི་བྱེ་བྲག་བསྟན་པ།» «རིགས་པའི་ཐིགས་པའི་ཕྱོགས་སྔ་མ།» «སློབ་དཔོན་དུལ་བ་ལྷའི་སློབ་མ་ལ་ཕན་པ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པའི་འགྲེལ་པ་དོན་བརྒྱད་མ་དགེ་ཚུལ་གྱི་བྱ་བ།» «སྒྲོལ་མའི་སྒྲུབ་ཐབས།» «འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས།» «ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས།» «རྣལ་འབྱོར་ལམ་གྱི་སྒྲོལ་མ།» «གསང་བ་ཐུགས་ཀྱི་སྒྲོལ་མ། མཎྜལ་གྱི་ཆོ་ག» «དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག་» སོགས་མང་ངོ་།།

མཐར་སློབ་དཔོན་སྐུ་གཤེགས་ཚུལ་དེའང་ཧྭ་ཤང་མ་ཧཱ་ཡ་ནའི་ཕྱོགས་ཆོས་རྩོད་ཕམ་ཉེས་བྱུང་བ་དེས་ནད་མ་ཐེག་པར་གཤེད་མ་ལག་དམར་བ་གཉིས་མངགས་ནས་མཚན་མོ་སྒྲ་བསྒྱུར་ཁང་དུ་གཟིམས་ནས་བཞུགས་པའི་དུས་སུ་མཁལ་མ་བཙིར་ནས་སྐུ་བཀྲོངས་པར་བཤད་དོ།།

ཁུངས་གཏུག་སའི་ཡིག་ཆ།

༡༽ ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་།

༢༽ དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན།

༣༽ གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་གུ་བཀྲའི་ཆོས་འབྱུང་།

༤༽ དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།

༥༽ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པ། མཁན་ཆེན་ཞི་བ་འཚོའི་གསུང་འབུམ།

༦༽ ཐུབ་བསྟན་རྒྱལ་མཚན་གྱིས་བརྩམས་པའི་བསམ་ཡས་ཆོས་འབྱུང་གངས་ཅན་རྒྱན་གྱི་མེ་ཏོག

༧༽ ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།

༨༽ གཏེར་ཆེན་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  1. ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་། དེབ་གཟུགས། ཤོག་ངོས་ ༢༡༧ པ། “བོད་ཀྱི་ཡུལ་དུ་བྱོན་པའི་ཨཱ་ཙཱརྱ་བོ་དྷི་སཏྭ་ནི། རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་པོ་དྷརྨ་པཱ་ལའི་བར་དུ་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་ཀུན་ན་ནི་བོད་ཀྱི་རྒྱལ་རབས་དགུ་མཁན་པོའི་སྐུ་ཚེའི་རིང་ལ་འདས་ཟེར་བ་སྣང་བས་དེ་ལྟ་ན་ནི། ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ། ཇི་བཞིན་ཡིན་དཀའོ།།” ཞེས་གསུངས།
  2. དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། དེབ་གཟུགས། ཤོག་ངོས་ ༡༠༩ པར་གསལ།
  3. གུ་བཀྲའི་ཆོས་འབྱུང་། དེབ་གཟུགས། ཤོག་ངོས་ ༡༦༠ པར། “མཁན་པོ་དགུང་ལོ་དགུ་བརྒྱ་བཞེས་པའི་ཚེ་བོད་ཡུལ་དུ་བྱོན་ཞེས་གྲགས་པ་ནི། མཁན་པོ་ཉིད་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་པ་ཙམ་བྱས་ན་བོད་དུ་བྱོན་གྱི་བར་ལ་རགས་རྩིས་ལོ་བཞི་བརྒྱ་ལྷག་ཙམ་སོང་བས་དགུ་བརྒྱ་ཞེས་པ་ནི་ཕྱེད་ལོ་ཡིན་པར་མངོན་ལ། དེ་ལྟར་ན་ཐོ་ཐོ་རིའི་དུས་ལོ་ཙཱ་བ་ལི་ཐེ་སེས་སྤྱན་དྲངས་པའི་པཎྜི་ཏ་བློ་སེམས་འཚོ་ཞེས་པ་དེ་ཡང་བོ་དྷི་སཏྭ་བློ་སེམས་དང་། འཚོ་ཞེས་པ་ཞི་བ་འཚོ་ལ་འབྱོར་བར་འགོས་ལོ་ཙཱ་བ་ཆེན་པོས་བཞེད་པ་དང་། བོད་ཀྱི་རྒྱ་རབས་དགུའི་བར་ཁྲི་སྲོང་སྒུག་གིན་བཞུགས་པ་སོགས་དང་ཡང་སྒྲིག་ནུས་སོ།།” ཞེས་གསུངས།
  4. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། དེབ་གཟུགས། ཤོག་ངོས་ ༡༡༤ པར་གསལ།
  5. གུ་བཀྲའི་ཆོས་འབྱུང་། དེབ་གཟུགས། ཤོག་ངོས་ ༡༥༨ པར། “དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིང་རྒྱ་ཁྱོན་གྱི་ཚད། བཙན་པོ་རང་གི་མདའ་རྒྱང་གང་བྱ་བར་གསུངས་པས། བློན་པོ་རྣམས་ཀྱིས་ལྐོག་ཏུ་བགྲོས་ཏེ། རྗེའི་མདའ་རྒྱང་གང་ལ་གཞན་གྱི་གསུམ་ཡོད་པས་དེ་ཙམ་མི་འགྲུབ་ཅིང་། བཀའ་བཅག་པ་ཡང་མི་རིགས་པས་ཐབས་ཤིག་བྱེད་པར་མཐུན་ཏེ། མདའ་ཡི་སྨྱུག་སྦུགས་སུ་དངུལ་ཆུ་བླུགས་པས་གཞན་གྱི་མདའ་རྒྱང་གང་དང་མཉམ་པ་བྱུང་ལ། དེར་ས་རྣམས་ཡར་ཀླུང་གང་པ་ཐོགས་དང་། རྡོ་ཧས་པོ་རི་ནས་ཤིང་རྟ་ལ་དྲངས། ཤིང་ཤུག་པ་ལ་བྱས། སློབ་དཔོན་ཆེན་པོས་ལྷ་འདྲེ་དམ་འོག་ཏུ་བཙུད་དེ་ལས་ལ་བཀོལ་བས་ཉིན་པར་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་མཚར་ཆེ་བའི་ལོ་རྒྱུས་ལ་ཕྱིས་ཞིག་གསོའི་དུས་གྱང་ཁ་ནས་མི་མ་ཡིན་གྱི་རྐང་རྗེས་ཁྲུ་གང་བ་དང་ཆེ་ཆུང་སྣ་ཚོགས་ཐོན་པ་སོགས་ཀྱིས་ངེས་པ་འདྲོངས།” ཞེས་གསལ།
  6. ༡༽ སྦ་གསལ་སྣང་། ༢༽ མཆིམས་ཤཱཀྱ་པྲ་བྷ། ༣༽ སྤ་གོར་བཻ་རོ་ཙ་ན། ༤༽ ངན་ལམ་རྒྱལ་བ་མཆོག་དབྱངས། ༥༽ རྨ་རིན་ཆེན་མཆོག། ༦༽ འཁོན་ཀླུའི་དབང་པོ། ༧༽ གཙང་ལེགས་གྲུབ་བཅས་སོ།།
  7. བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པ། མཁན་ཆེན་ཞི་བ་འཚོའི་གསུང་འབུམ། དེབ་གཟུགས། BDRC:W1AC306 པར་གསལ།
  8. དུང་དཀར་ཚིག་མཛོད་ཆེན་མོ། དེབ་གཟུགས། ཤོག་ངོས་ ༤༢༤ པར། “རྒྱལ་རབས་བཞི་པ་རྒྱལ་པོ་དྷརྨ་པཱ་ལས་སྲིད་དབང་བཟུང་བའི་དུས་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ ༧༩༠ ནས་སྤྱི་ལོའི་དུས་རབས་དགུ་པའི་ ༨༥༣ བར་ཡིན་ཅིང་།” ཞེས་གསུངས།
  9. རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་། དེབ་གཟུགས། ཤོག་ངོས་ ༢༢༩ པར། “སློབ་དཔོན་ཀ་མ་ལ་ཤཱི་ལ་ཡང་། རྒྱལ་པོ་འདིའི་རིང་ལ་བྱོན་པར་མངོན་པས་དེ་ལས་སྔ་ཕྱིར་བྱུང་བར་མི་བསམ་མོ། །རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་དྷརྨ་པཱ་ལའི་དུས་ཀྱི་གཏམ་སྟེ།” ཞེས་གསུངས།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།