འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཐུན་མོང་གི་མཛད་རྣམ་བརྗོད་པ་དད་པའི་རྒྱུད་མང་སྒྲ་དབྱངས།[1]

མཁན་པོ་ཚེ་དགའ་དབང་རྒྱལ། རྣམ་གྲོལ་གླིང་།

ཐུགས་བསྐྱེད་མཐའ་མེད་རྒྱ་མཚོའི་ཀློང་ནས་གང་འདུལ་གཟུགས་སྐུ་དཔག་མེད་པ།།
འཕགས་བོད་སྐྱེ་ཕྲེང་དུ་མའི་སྐུར་སྤྲུལ་ཟབ་གསང་རིང་ལུགས་སྤེལ་མཛད་ཅིང་།།
རང་དོན་སྤངས་རྟོགས་མཐའ་རུ་ཕྱིན་ནས་གཞན་དོན་ལས་བཞིར་དབང་འབྱོར་བ།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

སླར་ཡང་སྙིགས་མའི་དུས་ཀྱི་མཐའ་ལ་ཐུགས་རྗེས་སྲིད་པ་བོད་ལ་བཟུང་།།
མདོ་ཁམས་སྡེ་དགེ་གཏེར་ལྷུང་ཡུལ་གྱི་དིལ་མགོ་གྲོང་གི་ཉེ་འདབས་སུ།།
རབ་བྱུང་བཅུ་བཞིའི་ལྕགས་འབྲུག་ལོ་ལ་1རིན་ཆེན་དབང་རྒྱལ་སྲས་སུ་འཁྲུངས།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

ངོ་མཚར་རྟགས་དང་2རྟེན་འབྲེལ་དུ་མས་གཟུགས་སྐུ་མཚན་བཟང་འགྲོ་ལ་བསྟན།།
ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛ་ཊི་སོགས།།
ཆུང་ངུའི་དུས་ནས་བཀའ་སྲུང་མང་པོས་སྡོངས་གྲོགས་ཕྲིན་ལས་གཡེལ་མེད་བསྒྲུབས།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

བྱིས་དུས་ཤེས་རབ་རང་གཤིས་དྭངས་མར་སྐྱེ་བ་མང་པོ་རྗེས་སུ་དྲན།།
མཁྱེན་རབ་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་ཚེགས་མེད་ངང་ནས་ཤེས།།
གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་མ་ལུས་ཐུགས་སུ་ཆུད།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

དགུང་གྲངས་བརྒྱད་གཉིས་བཅུ་དྲུག་ཐོག་ཏུ་3ཁ་བ་དཀར་པོའི་ཕྱོགས་སུ་ཕེབས།།
མཁའ་འགྲོ་མ་4ཡི་གྲོགས་དང་བཅས་ཏེ་གཏེར་ཁ་བཅུ་གསུམ་རིམ་པར་བཞེས།།
མདོ་དབུས་མཚམས་སུ་ཆོས་སྡེ་བཞེངས་ནས་གསང་ཆེན་ཐེག་པའི་བསྟན་པ་བཙུགས།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

དགུ་གཉིས་བགྲང་བྱའི་ཐེམ་སྐས་འཛེག་སྐབས་ཁམས་ཀྱི་ཞེ་ཆེན་དབེན་རིར་ཕེབས།།
པཎ་ཆེན་མཐུ་སྟོབས་རྣམ་རྒྱལ་མདུན་ནས་ཐུན་མོང་རིག་པའི་གནས་ལྔ་དང་།།
རྒྱལ་སྲས་གཞན་ཕན་མཐའ་ཡས་དྲུང་ནས་བཀའ་མའི་དབང་ལུང་ཐམས་ཅད་གསན།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

ཁྱད་པར་ཚེ་རབས་ལས་ཀྱི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ་མཇལ།།
བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་འཇིགས་གླིང་ཡང་སྤྲུལ་ལུང་ཡང་བསྟན།།
གསང་བ་སྙིང་ཐིག་སྔོན་འགྲོ་ནས་བཟུང་ཁྲེགས་ཆོད་ཐོད་བརྒལ་བར་དུ་བསྩལ།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

གཟུང་འཛིན་མཚན་མ་དབྱིངས་སུ་ཞི་ནས་ཀ་དག་ཆོས་སྐུའི་རྒྱལ་ས་ཟིན།།
འཁོར་འདས་དག་མཉམ་འབྱམས་སུ་ཀླས་ནས་ལྷུན་གྲུབ་འོད་གསལ་ཕྱོགས་ཀུན་བརྡལ།།
རང་བཞིན་དོན་གྱི་རྫོགས་པ་ཆེན་པོོ་མ་བཅོས་རིག་རྩལ་ནང་ནས་ཤར།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

རྒྱལ་བའི་མྱུ་གུའི་ཐུན་མིན་ཐུགས་སྲས་དོན་གྱི་རྒྱལ་ཚབ་མངའ་གསོལ་ནས།།
བསམ་བརྗོད་ལས་འདས་དོན་གྱི་གཤིས་ལུགས་དགོངས་པའི་བྱིན་རླབས་སྙིང་ལ་འཕོས།།
མཁན་ཆེན་པདྨ་བཛྲའི་དྲུང་ནས་སྙིང་ཐིག་བཀའ་ལུང་རྫོགས་པར་གསན།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

མཁན་པོ་རིག་འཛིན་བཟང་པོའི་དྲུང་ནས་སོ་ཐར་བསླབ་ཚིགས་རིམ་པར་མནོས།།
ས་སྐྱ་རིན་ཆེན་རྡོ་རྗེའི་དྲུང་ནས་ཤིང་རྟ་གཉིས་ཀྱི་བྱང་སྡོམ་བཞེས།།
རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་ཞལ་ལས་སྙིང་ཐིག་གོང་འོག་མན་ངག་ཐོབ།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

སྔ་ཕྱི་ཀུན་ཏུ་དབུས་གཙང་ཁམས་གསུམ་ཡོངས་འཛིན་5བརྒྱ་དང་ལྔ་བཅུ་བསྟེན།།
མི་ལོ་བཅུ་གསུམ་ཐོས་བསམ་མཛད་ནས་གཞུང་ལུགས་རྒྱ་མཚོར་དཔྱད་པ་རྫོགས།།
དམ་པའི་ཡོན་ཏན་ཚུལ་དགུས་བརྒྱན་ཏེ་མཁས་བཙུན་བཟང་པོའི་མཚན་སྙན་རྒྱས།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

གངས་ཅན་ལྗོངས་ན་བཞུགས་སོ་ཅོག་གི་བཤད་བརྒྱུད་བཀའ་ཆེན་བཅུ་གྲགས་རྣམས།།
ཚད་ལྡན་བླ་མ་དམ་པའི་མདུན་ནས་ཕལ་ཆེར་མ་ཐོབ་གཅིག་ཀྱང་མེད།།
ཐོས་དོན་སྙིང་པོ་རྒྱུད་ལ་སྦྱར་ནས་དད་ལྡན་གདུལ་བྱ་ཡོངས་ལ་བསྩལ།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

དད་ལྡན་བསོད་ནམས་གསོག་པའི་ཞིང་དུ་སྐུ་གསུང་ཐུགས་རྟེན་གྲངས་མེད་དང་།།
ལྷ་ཁང་ཆེ་ཆུང་བཅུ་གསུམ་བཞེངས་ཤིང་རྒྱུན་གྱི་མཆོད་པ་བཙུགས་པ་སོགས།།
དད་རྫས་ཟང་ཟིང་ཡོ་བྱད་ཐམས་ཅད་བསྟན་འགྲོ་ཁོ་ནའི་ཆེད་དུ་བཏང་།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་མན་ངག་ཉེ་བརྒྱུད་ཐམས་ཅད་ཁྱེད་ལ་ཐོབ།།
གསར་རྙིང་བཀའ་གཏེར་དབང་གི་སྨིན་གྲོལ་གདམས་ངག་ཟབ་མོ་ཁྱེད་ལ་ཕྱུག།།
བཀའ་བབས་བདུན་6གྱི་མན་ངག་ཆུ་བོ་ཁྱེད་ཐུགས་རྒྱ་མཚོའི་ཀློང་དུ་བབས།།
ཐུགས་རྗེའི་མཛད་པ་ནམ་ཡང་ནུབ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན།།

འགྱུར་མེད་ཁྱེད་ཀྱི་སྐུ་ཡི་ཕྲིན་ལས་བདག་གི་ལུས་ལ་སིམ་པར་ཤོག།།
འགག་མེད་ཁྱེད་ཀྱི་གསུང་གི་ཕྲིན་ལས་བདག་གི་ངག་ལ་འདྲེས་པར་ཤོག།།
ཟག་མེད་ཁྱེད་ཀྱི་ཐུགས་ཀྱི་ཕྲིན་ལས་བདག་གི་ཡིད་ལ་འཇུག་པར་ཤོག།།
ཇི་སྲིད་འཁོར་བ་མ་སྟོངས་བར་དུ་ཁྱེད་ཀྱི་ཕྲིན་ལས་སྐྱོང་ནུས་ཤོག།།

འཕྲོས་དོན།

རྒྱལ་སྲས་ལྷ་རྗེའི་སྐུ་སྐྱེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་གྱི་མཐའ་མ་དང་། ཉེ་བརྒྱུད་མན་ངག་གི་བཀའ་བབས་བདུན་ལྡན་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྨིན་གྲོལ་གྱི་ཆུ་བོ་གཅིག་ཏུ་འཁྱིལ་བའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། རྒྱལ་བསྟན་སྤྱི་ལ་ཐུགས་བསྐྱེད་ཧ་ཅང་ཆེ་བའི་བླ་མ་ཞིག་ཡིན། ཁོང་གི་སྐུ་ཚེ་ཧྲིལ་པོ་ལ་རིས་མེད་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་ཙམ་གྱི་སྐུ་མདུན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མང་དུ་གསན་པ་དང་། གསན་པ་ཙམ་དུ་མ་བཞག་པ་ཐམས་ཅད་ཕྱི་རབས་ཀྱི་གདུལ་བྱ་རང་རང་གི་མོས་པ་དང་རྗེས་སུ་མཐུན་པའི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཡོད། ཁོང་ནི་དུས་རབས་བཅོ་བརྒྱད་ནང་རྩོད་མེད་ཡོངས་གྲགས་ཀྱི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་བླ་མ་ཞིག་ཡིན་ལ། དུས་སྐབས་དེར་ས་རྙིང་བཀའ་གསུམ་གྱི་བླ་མ་ཕལ་ཆེར་ཁོང་གི་སྐུ་མདུན་ནས་ཆོས་འབྲེལ་མ་བྱུང་བ་མེད། ཁོང་ལ་དག་པའི་གཟིགས་ངོར་ཡི་དམ་དང་། འཕགས་བོད་ཀྱི་མཁས་གྲུབ་དུ་མས་ཞལ་གཟིགས་པ་དང་། དབང་བསྐུར་བ། གདམས་ངག་སྦྱིན་པ་སོགས་ཐུན་མིན་གྱི་མཛད་པ་མཐའ་ཡས་པས་ཉེ་བརྒྱུད་བཀའ་དབང་གཅིག་སྒྲིལ་གྱི་བླ་མ་ཡང་ཡིན། དེ་བཞིན་ཁོང་ལ་སྒྲུབ་ཐབས་དང་། དབང་གི་རྗེས་སྣང་དང་། གདམས་ངག་གི་ཚོམས། བསྟོད་པའི་ཚོམས་སོགས་ཀྱི་གསུང་རྩོམ་གྱི་པོད་གྲངས་ཉི་ཤུ་ལྷག་དང་། ཕྱི་རབས་བསྟན་འགྲོ་ལ་ཕན་པའི་སློབ་ཚོགས་ཡང་མང་དུ་བྱུང་སྟེ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མི་ཕམ་རྣམ་རྒྱལ་རྒྱ་མཚོ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ། རྡོ་གྲུབ་བསྟན་པའི་ཉི་མ། ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ། ཞེ་ཆེན་རྒྱལ་ཚབ་པདྨ་འགྱུར་མེད་རྣམ་རྒྱལ། ཕུ་ཁུང་འགྱུར་མེད་ངེས་དོན་དབང་པོ་སོགས་བྱུང་བ་དང་། དེ་དག་གི་དངོས་སློབ་དང་ཡང་སློབ་བསྟན་འཛིན་གྱི་སྐྱེས་བུ་ད་ལྟའི་བར་ས་ཆེན་པོའི་ཁྱོན་ཀུན་ལ་ཁྱབ་ཡོད་དོ།།                        

རབ་གནས་ཆུ་མོ་ཡོས་ཀྱི་ཟླ་བ་ ༠༤ ཚེས་ ༡༠ ནས་འགོ་བརྩམས་ཤིང་ཚེས་ ༡༣ ལ་མཇུག་རྫོགས་པའོ།།


[1]  ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གིས་བསྡུ་སྒྲིག་བྱས་པའི་རྣམ་ཐར་དང་། དོན་འགྲུབ་རྡོ་རྗེས་བསྡུ་སྒྲིག་བྱས་པའི་རྣམ་ཐར་གཉིས་ལ་གཞི་བཅོལ་ནས་བྲིས་པའོ།།

  1. ཡབ་དྲུང་ཆེན་རིན་ཆེན་དབང་རྒྱལ་དང་ཡུམ་བསོད་ནམས་མཚོ།
  2. དབུ་སྐྲ་བུང་བ་ལྟར་གནག་པས་སྙན་ཡན་ཁེབས་པ་དང་། ཕྲུ་མ་ཆོས་གོས་ཀྱི་ཚུལ་དུ་དཀྲིས་ནས་སྐུ་བལྟམས།
  3. གནས་ཆེན་ཁ་བ་དཀར་པོ།
  4. མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་ཞིག་ཡིན།
  5. འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐས་ཡས་ཀྱིས་རང་སྣང་རིས་མེད་ཀྱི་བླ་མ་ཉིས་བརྒྱ་བསྟེན་ཡོད་གསུངས་འདུག
  6. བཀའ་གཏེར་འཆད་སྤེལ་གྱི་བཀའ་བབ། ས་གཏེར་གྱི་བཀའ་བབ། ཡང་གཏེར་ཉེ་བརྒྱུད་ཀྱི་བཀའ་བབ། ཟབ་མོ་དགོངས་གཏེར་གྱི་བཀའ་བབ། རྗེས་དྲན་ཆོས་བཀའི་བཀའ་བབ། དག་སྣང་གི་བཀའ་བབ། སྙན་བརྒྱུད་ཀྱི་བཀའ་བབ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།