དབྱངས་གསལ་སོ་བཞི་ང་ཡི་མདུན་ལམ།

ལོ་རིམ་དགུ་པའི་སློབ་གཉེར་བ། ཤེས་རབ་རྒྱལ་མཚན།

རིག་པ་རིག་པའི་གནས་ལ་ཕྱོགས་པའི།།
ཁ་སང་དོ་ཞག་དུས་ཚིགས་འདི་ནས།།
དྲན་སེམས་ཐང་དཀར་རྒོད་པོ་འདི་ཀོ།
ཕྱིར་དྲན་ཀློང་དུ་ཡང་ཡང་ཕུར་སོང་།།

དྲིན་ཆེན་དྲིན་ལ་འཁོར་མཐའ་མེད་པའི།།
ཨ་ཕ་ཨ་མ་རྨོ་རྨོ་ཁོང་ཚོས།།
བློ་རིག་ཞིང་ས་གཤིན་པོའི་ཁ་རུ།།
དབྱངས་གསལ་སོ་བཞིའི་ས་བོན་བཏབ་འདུག།།

ང་རང་ཆུང་ཆུང་ལོ་ངོ་བདུན་ལ།།
ཅི་ཡང་མི་ཤེས་ཅི་ལའང་ཐེ་དུས།།
ཐོག་མའི་ཐོག་མར་མིག་ལ་ཐོགས་པ།།
དབྱངས་གསལ་སོ་བཞིའི་མཛེས་སྡུག་ཡིན་སོང་།།

གནག་སྣུམ་སྦྱང་ཤིང་འཇམ་པོའི་ངོས་ལ།།
དབྱུ་གུ་ཕྲ་མོས་དལ་གྱིས་བཙུགས་ཏེ།།
སླ་འོ་ཨི་ཨུ་ཨེ་ཨོ་དབྱངས་བཞི།།
གསལ་བྱེད་ཀ་ཁ་སུམ་ཅུ་ངོ་ཤེས།།

ཨ་མའི་བུ་ཆུང་ངར་བ་སྒྲོགས་ཨ།།
ཨ་མས་ཕྱེ་མར་ཀ་ར་སྟེར་ཡོང་།།
ངར་ཤུགས་སྤར་བའི་ཨ་མའི་བསླབ་བྱ།།
དྲན་བཞིན་དབྱངས་གསལ་སོ་བཞི་དྲན་ནོ།།

རྨོ་རྨོའི་ཚ་ཆུང་ངར་བ་སྒྲོགས་ཨ།།
རྨོ་རྨོས་ཁྱོད་ལ་སྒྲུང་ཞིག་ཤོད་དོ།།
སྙན་པ་ལ་ཨང་རྨོ་རྨོའི་སྒྲུང་དེ།།
དབྱངས་གསལ་སོ་བཞིའི་ལོ་རྒྱུས་རེད་བཞག།།

ཞག་དང་བདུན་ཕྲག་ལོ་ཟླའི་བགྲོད་པ།།
གཅིག་ཡོལ་གཉིས་ཡོལ་ཕར་ཕར་ཟད་ཞོར།།
གཅིག་ཤེས་གཉིས་ཤེས་དབྱངས་གསལ་སོ་བཞི།།
སྨྲ་བའི་ལྕེ་ལ་ཐགས་ཐོགས་མ་བྱུང་།།

དབྱངས་གསལ་སྨྲ་ལྕེ་རྡེབ་བཞིན་རྡེབ་བཞིན།།
ཡར་ཡར་ཆོས་པའི་གྲལ་ལ་བསྙེགས་ཡིན།།
ཆོས་པ་རྣམས་དང་ཀློག་རྩལ་འགྲན་ནས།།
རྒྱལ་ཁ་ཐོབ་པའི་རྒྱལ་མཚན་འཕྱར་མྱོང་།།

དབྱངས་གསལ་སོ་བཞིའི་ཡིག་འབྲུ་རེ་རེ།།
ཤོག་དཀར་སྟེང་ལ་སྟོན་མོ་གཤོམ་དུས།།
སྨྱུག་ཁ་བསྒྱུར་པའི་སྒྱུར་ལུགས་དྲན་ན།།
ཡིག་རྒན་དམ་པའི་ཞལ་རས་འཆར་འོང་།།
དབྱངས་གསལ་སོ་བཞིའི་གཤོག་ཟུང་བརྐྱངས་ཏེ།།
མུ་མེད་ཤེས་བྱའི་མཁའ་ལ་འཕུར་འགྲོ།།
ཐུན་མོང་ཐུན་མིན་རིག་པའི་གནས་བཅུའི།།
གནམ་འཕང་གཅོད་ལ་བརྩོན་པར་སྤྲོ་འོ།།

དབྱངས་གསལ་སོ་བཞིར་འགྲོག་བཞིན་འགྲོག་བཞིན།།
སློབ་དཔོན་ཐོན་མིའི་འོ་བརྒྱལ་དྲན་པ།།
ད་དུང་ཆོས་རྒྱལ་མེས་དབོན་རྣམས་དང་།།
ལོ་པཎ་རྣམ་པ་མཇལ་ན་བསམས་བྱུང་།།

འཆད་པའི་ལྕེ་འདི་དབྱངས་གསལ་སྨྲ་ལྕེ།།
རྩོད་པའི་ལྕེ་འདི་དབྱངས་གསལ་སྨྲ་ལྕེ།།
རྩོམ་པའི་འབྲི་སྨྱུག་དབྱངས་གསལ་སྨྱུ་གུ།
དབྱངས་གསལ་སོ་བཞིར་མཁས་ན་སྐྱིད་པ།།

སྐྱིད་དུས་དགའ་བའི་གླུ་དབྱངས་ལེན་ས།།
སྡུག་དུས་སྐྱོ་བའི་སྨྲེ་ངག་འདོན་ས།།
དབྱངས་གསལ་སོ་བཞིའི་སྐྱེ་འཆིའི་དར་རྒུད།།
ང་ཡི་འཆི་གསོན་དབུགས་དང་འདྲེས་ཡོད།།

སྤྱིར་ན་འཇིག་རྟེན་འགྱུར་བའི་རང་བཞིན།།
སྒོས་སུ་སྙིགས་ལྔའི་བདོ་བ་འཕེལ་དུས།།
ཕལ་ཆེར་ཕར་ལ་ཆགས་ཤིང་ཞེན་དྲགས།།
རང་ལམ་མ་རྙེད་གཞན་རྗེས་འབྲངས་སོང་།།

ཚེ་འདིར་འགྲོགས་པ་དབྱངས་གསལ་སོ་བཞི།།
ཤི་ནའང་ང་ཡི་ཤ་རུས་འདི་ལ།།
དབྱངས་གསལ་སོ་བཞིའི་ཚ་ཚ་འདེབས་རོགས།།
སླར་ཡང་རྣམ་ཤེས་འདི་ལ་འཁོར་ཡོང་།།

༠༦/༠༨/༢༠༢༣ ཉིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།