ལས་ལ་བསྐོས་པའི་ཁུར་པོ།

རིག་འཛིན་རྣམ་རྒྱལ། བལ་ཡུལ་བཀའ་རྙིང་བཤད་སྒྲུབ་གླིང་།

ཐུགས་མཐུན་ཁྲིམས་ཀྱིས་གཙང་བའི་དཀྱིལ་འཁོར་དུ།།
ལུས་ལ་ཆོས་གོས་གསུམ་གྱིས་བཀླུབས་གྱུར་ཀྱང་།།
སེམས་ཀྱི་ཕྱི་ནང་འཇིག་རྟེན་ཆོས་བརྒྱད་ལ།།
འབད་རྩོལ་བྱེད་པའི་ངལ་བ་ཁུར་དུ་ལྕི།།
ཆོས་གཟུགས་འཆང་བའི་དགོན་པའི་རྒྱ་སྒོའི་ནང་།།
ངན་པའི་ཕྱོགས་ལ་ངོ་ལོག་བྱེད་དགོས་ཀྱང་།།
ཞེན་འཛིན་ཆེ་བའི་འཆིང་རྒྱའི་ཁོར་ཡུག་ཏུ།།
འབད་རྩོལ་བྱེད་པའི་ངལ་བ་ཁུར་དུ་ལྕི།།
ངུར་སྨྲིག་གོས་ཀྱིས་བཀླུབས་པའི་ཁོར་ཡུག་ནང་།།
ཐོབ་དང་གོ་སའི་ཐ་སྙད་འདོར་དགོས་ཀྱང་།།
ང་ཡིར་འཛིན་པའི་རི་མོ་སྦྱངས་པ་ལ།།
འབད་རྩོལ་བྱེད་པའི་ངལ་བ་ཁུར་དུ་ལྕི།།
ཐོས་བསམ་གཞི་ལ་འཇོག་པའི་ར་བའི་ནང་།།
དཔེ་ཀློག་ཁ་ཟས་ལྟར་དུ་སྤྱོད་དགོས་ཀྱང་།།
སེམས་པ་རྒྱ་ཡན་ཤོར་ནས་ན་ཆུང་ལ།།
འབད་རྩོལ་བྱེད་པའི་ངལ་བ་ཁུར་དུ་ལྕི།།
བསླབ་གསུམ་ནོར་གྱིས་ཕྱུག་པའི་ཆོས་གྲྭའི་ནང་།།
སྙིང་པོ་དམ་ཆོས་ལག་ཏུ་ལེན་དགོས་ཀྱང་།།
ཀུན་ཏུ་རྟོག་པ་ཕྱི་རོལ་ཟང་ཟིང་ལ།།
འབད་རྩོལ་བྱེད་པའི་ངལ་བ་ཁུར་དུ་ལྕི།།
བྱིན་རླབས་འཕོ་སའི་སྙིང་གའི་ཕོ་བྲང་ནང་།།
དད་མོས་འབུམ་ཕྲག་མངོན་དུ་བརྩེག་དགོས་ཀྱང་།།
སེམས་འགྱུ་འདིར་སྣང་སྲིད་པའི་ཆོས་ཕྱོགས་ལ།།
འབད་རྩོལ་བྱེད་པའི་ངལ་བ་ཁུར་དུ་ལྕི།།
དལ་འབྱོར་རྙེད་དཀའ་ཐོབ་པའི་ཁང་བཟང་ནང་།།
ཚུལ་ཁྲིམས་གདན་ལ་ཞི་གནས་བསྒོམ་དགོས་ཀྱང་།།
འཇུག་ཤེས་དྲུག་པོ་མི་བརྟན་རྣམ་གཡེང་ལ།།
འབད་རྩོལ་བྱེད་པའི་ངལ་བ་ཁུར་དུ་ལྕི།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།