དུས་རབས་ཉེར་གཅིག་ལ་བཏགས་པ།

ལོ་རིམ་དང་པོའི་སློབ་གཉེར་བ། པདྨ་རྒྱ་མཚོ།

ཉི་ཟེར་ཐགས་སུ་སྦྲན་པའི་སྟོང་གསལ་མཁའ་ལ།།
སྒོ་མང་འཕྲུལ་ཆས་སྒྱུ་རྩལ་པི་ཝང་བཏགས་ཏེ།།
སྙན་འགྱུར་ཕྱི་ནང་གསང་ཚིག་དབྱངས་སུ་བཀུག་ན།།
ཁྱེད་ལ་དུང་བ་ཟབ་པའི་མཁས་དགུ་མང་འདུག།

སྐྱ་རེངས་གསར་དུ་བཞད་པའི་ནམ་ཟླའི་འཁོར་ལོ།།
འགྱུར་བ་མིག་གིས་མི་ཟིན་ཟིང་ཆ་དོད་པོར།།
མི་སེམས་སྒྱུ་མའི་གྲོང་ནས་འདང་ཞིག་བརྒྱབ་ན།།
ཡོད་ཚད་དུས་རབས་གསར་པའི་ཀློང་དུ་ཐིམ་འདུག།

ཤོག་སྒོར་དབུ་འཕང་མཐོ་བའི་ཀུ་ཤུ་རྟགས་ཅན།།
ཐན་གཤེད་རླུང་བུས་འདེད་འདྲའི་གས་ཆག་འཆོར་དུས།།
ཁེར་རྐྱང་སྟོང་སེམས་དྲག་པོ་མར་མར་བབས་ཏེ།།
ལུས་སེམས་བྲལ་བའི་སྡུག་ཁུར་ཕྲག་ཏུ་ལྷུང་སོང་།།

ཤེས་རབ་འབུམ་གྱིས་ཕྱུག་པའི་གློག་ཀླད་རྒྱལ་པོ།།
ཕབ་ལེན་ངོ་དེབ་ལ་སོགས་དཔོན་དུ་བསྐོས་ནས།།
གཉེན་ཚན་འབྲེལ་ཐག་སྣུམ་པོ་ལེ་བར་ཆོད་ཀྱང་།།
དྲྭ་ལེན་ཕོ་ཉས་ད་དུང་ཡི་གེ་བསྐྱལ་འདུག།

མཐོང་ཐོས་མིག་རྒྱ་སྐྱེད་མཁན་ལག་ཐོགས་ཁ་པར།།
མཁས་བླུན་ཉིན་མཚན་དབྱེར་མེད་ཁྱེད་ཀྱི་གམ་དུ།།
དྲན་པ་དྲྭ་ལ་བརྒྱུས་ཏེ་ལོ་ཟླ་འདས་ན།།
རྫོགས་པའི་སངས་རྒྱས་རེ་ཞིག་གཟིམས་ཀྱང་ཆོག་གི།

ཀླད་རྙིང་ལྷགས་རླུང་འཇམ་པོར་རྡོག་པས་བརྫིས་ཏེ།།
ཕྱི་ནང་གོམ་འགྲོས་གསར་པ་ཙག་རླུང་དྲག་པོས།།
ནངས་མོ་ཇ་ཡུན་ཙམ་དུ་བཟང་ངན་འགྱུར་ལྡོག།
ཨ་བཤད་ཡང་བཤད་བྱས་ཏེ་གོ་ལར་ཁྱབ་སོང་།།

དུས་ཀྱི་མདའ་མོ་འཁྱུག་འགྲོས་ལྷགས་པས་འདེད་དུས།།
དངོས་ཁམས་རིག་པའི་རླུང་རྟ་དར་ཚོད་མི་འདུག།།
ཐོན་རྫས་རྒྱུ་ཆ་སྤུས་ཀར་བསམས་ཤིང་བསམས་ན།།
ས་རྡུལ་བྱེ་བ་གྲངས་ཀྱིས་ཁེགས་པ་མི་འདུག།

འཛམ་གླིང་ལག་ཏུ་དབང་བའི་བརྡ་འཕྲིན་དུས་རབས།།
གཞོན་ནུ་དུང་བའི་ཡིད་ཀྱི་ལྷ་མོར་བཞེངས་ན།།
རི་ལྟར་རླིང་བའི་སེམས་པ་རྒྱ་ཡན་ཤོར་ཏེ།།
དྲིན་ལྡན་ཕ་མ་ལ་ཡང་ངོ་ཐང་བྲལ་འདུག།

ལས་འབྲས་རླུང་ལ་བསྐུར་བའི་སྙིགས་ལྔའི་དུས་འདིར།།
ཤེས་རིག་ངལ་རྩོལ་ཆུ་ཚད་མཐོན་པོར་བསྒྲེངས་ཏེ།།
གོ་ལ་ཟླུམ་པོའི་ཁྱིམ་དུ་མེ་ལྕེ་བསྒྲོན་ཀྱང་།།
མི་སེམས་ཆར་པས་བརླན་ཏེ་འཁྱག་པས་བསྡམས་སོང་།།

དེང་རབས་འཇོར་བུ་ཁྱེམ་སོགས་ངལ་རྩོལ་མི་དགོས།།
དེང་རབས་གཅར་རྡུང་ལམ་ལུགས་སློབ་སྟོན་མི་དགོས།།
དེང་རབས་ནང་དམེ་གྱོད་དོན་དམའ་འབེབས་མི་དགོས།།
རང་སེམས་ཕྱི་གླིང་ཕྱོགས་ན་ཤུགས་ཀྱིས་གོ་འོང་།།

བླུན་འཁྱོག་སྤྱང་གསུམ་རུམ་པའི་བཞི་བདོའི་སྲང་ནས།།
དུག་ལྔ་ཇེ་ཆེར་བདོ་བའི་མེ་ལྕེ་རྒོད་པོས།།
ལེགས་ཚོགས་བུད་ཤིང་ཕོན་པོ་ཧྲིབ་ཀྱིས་བསྲེགས་ནས།།
མི་བྱེད་དགུ་བྱེད་སྣང་བ་གནམ་ལ་བཀྱག་འདུག།།

༣༠/༠༤/༢༠༢༣

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།