ཀུན་མཁྱེན་ཀློང་ཆེན་པའི་སྐུ་གོང་མ་གཏེར་སྟོན་རིན་ཆེན་ཚུལ་ཁྲིམས་རྡོ་རྗེའི་མཛད་རྣམ་མདོར་བསྡུས་བཞུགས་སོ།།


རྩོམ་སྒྲིག་པ།

༡༽ རྩ་བའི་ཆིངས་ལོ་རྒྱུས་ཀྱིས་མཚམས་སྦྱར་བ་ནི།

གཏེར་སྟོན་རིན་ཆེན་ཚུལ་རྡོར་འདི་ཉིད་གཏེར་སྟོན་བརྒྱ་རྩའི་ཁོངས་སུ་གཏོགས་ཤིང་། གསང་སྔགས་རྙིང་མ་བ་ལ་མཚོན་ན་གལ་འགངས་ཆེ་བའི་གཏེར་སྟོན་ཞིག་ཏུ་གྱུར་ཡོད་ལ། ཁྱད་པར་དུ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བསྟན་པའི་བརྒྱུད་འཛིན་དང་རྗེས་འཇུག་པ་ལ་མཚོན་ན། ཐམས་ཅད་ཀྱིས་མཁྱེན་དགོས་པའི་སྐྱེས་ཆེན་ཞིག་ཡིན། གཏེར་སྟོན་འདི་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་དག་པའི་སྐྱེ་བ་ལྔ་ཡི་ཐ་མ་དང་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་སྐུ་སྐྱེ་སྔོན་མ་དེ་ཆགས་ཡོད།

སྤྱིར་བོད་གངས་ཅན་ལྗོངས་འདིར་རྫོགས་པ་ཆེན་པོ་ཡང་གསང་སྙིང་ཐིག་གི་བསྟན་པ་1ཇི་ལྟར་བྱུང་མིན་དང་དེའི་བརྒྱུད་ཚུལ་རོབ་ཙམ་མཁྱེན་ན་དམ་པ་འདི་ལ་དོ་སྣང་ཇེ་ཆེར་དུ་འགྲོ་བས། དེའི་ཚུལ་ཅུང་ཟད་བརྗོད་པ་ལ། དང་པོ་དུས་རབས་བརྒྱད་པའི་ནང་པན་ཆེན་བི་མ་ལ་མི་ཏྲ་བོད་ལ་ཕེབས་ནས་རྫོགས་པ་ཆེན་པོ་ཡང་གསང་སྙིང་ཐིག་གི་གདམས་པ་རྣམས་བཙན་པོ་དང་ཉང་བན་ཏིང་འཛིན་བཟང་པོ་གཉིས་ལ་ལྐོག་ཆོས་སུ་གདམས།2ཉང་བན་ཏིང་འཛིན་བཟང་པོ་ལས། གནས་བརྟན་ལྡང་མ་ལྷུན་གྲུབ་རྒྱལ་མཚན། དེ་ནས་རིམ་བཞིན། ལྕེ་བཙུན་སེང་གེ་དབང་ཕྱུག སྤྲུལ་པའི་སྐུ་ཞང་སྟོན་པ། དེའི་སྲས་ཉི་མ་འབུམ། གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། དེ་ལས་ཀུན་མཁྱེན་ཀློང་ཆེན་པས་གསན། བརྒྱུད་ཚུལ་འདི་ལ་རྫོགས་པ་ཆེན་པོ་བི་མའི་གསང་བ་སྙིང་ཐིག་གམ་བི་མ་སྙིང་ཐིག་ཏུ་གྲགས་ཤིང་མཐར་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བཀའ་བབས།

ཡང་བརྒྱུད་པ་གཉིས་པ་ལ་སློབ་དཔོན་པདྨ་འབྱུང་གནས་བོད་ལ་ཕེབས་ནས་རྫོགས་པ་ཆེན་པོ་ཡང་གསང་སྙིང་ཐིག་གི་གདམས་པ་རྣམས་གཞོ་སྟོད་ཏི་སྒྲོར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ལྐོག་ཆོས་སུ་གདམས། གཞན་ཡང་ཆོས་རྒྱལ་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ཚེ་ཡི་དུས་བྱས་པའི་རྣམ་ཤེས་བཀུག་ཏེ་དེ་ཉིད་ལ་གདམས་པ་རྫོགས་པར་གནང་ནས་གསང་མཚན་ལ་པདྨ་ལས་འབྲེལ་རྩལ་3ཞེས་གསོལ། སྐྱེ་བ་ཕྱི་མ་ཆོས་དེའི་ཆོས་བདག་ཏུ་དབང་བསྐུར། ཟབ་ཆོས་རྣམས་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱིས་དྭགས་ལུང་ཁྲ་མོའི་བྲག་ལ་གཏེར་དུ་སྦས། འགའ་ཞིག་འབུམ་ཐང་གི་བྲག་ལ་གཏེར་དུ་སྦས་ནས་ཕྱིས་རྒྱལ་དབང་ཀློང་ཆེན་པས་བཏོན། དྭགས་ལུང་ཁྲ་མོའི་བྲག་ལ་སྦས་པ་རྣམས་ལྷ་ལྕམ་དེ་ཉིད་ཀྱི་སྐུ་སྐྱེ་ཕྱི་མ་གཏེར་སྟོན་རིན་ཆེན་ཚུལ་རྡོར་གྱིས་གཏེར་ནས་བཞེས་པས་མན་ངག་མཁའ་འགྲོ་སྙིང་ཐིག་གམ་པདྨའི་མཁའ་འགྲོ་སྙིང་ཐིག་ཏུ་གྲགས། དེའི་སྐུ་སྐྱེ་ཕྱི་མ་རྒྱལ་དབང་ཀློང་ཆེན་པ་ཡིན་ཞིང་། ཀློང་ཆེན་པ་ནི་སྙིང་ཐིག་བརྒྱུད་པ་གཉིས་ཀ་ཆུ་བོ་གཅིག་འདྲེས་ཀྱི་བཀའ་བབས་ཡིན། མ་ཡིག་གཉིས་ལ་བུ་ཡིག་གཉིས་ཏེ། བི་མ་སྙིང་ཐིག་ལ་བླ་མ་ཡང་ཏིག་གམ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྐོར་རྣམས་མཛད། མཁའ་འགྲོ་སྙིང་ཐིག་ལ་མཁའ་འགྲོ་ཡང་ཏིག་གི་ཆོས་སྐོར་རྣམས་མཛད་པས་སྙིང་ཐིག་ཡ་བཞིར་གྲགས། དེ་དག་ཡོད་ཚད་ཀྱི་ཉམས་ལེན་བཅུད་དུ་དྲིལ་ནས་རིག་འཛིན་འཇིགས་མེད་གླིང་པས་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་རྣམས་བསྒྲིགས་པས་ད་ལྟའི་ཆར་གསང་སྔགས་སྙིང་མ་བ་ཕལ་མོ་ཆེས་ཉམས་བཞེས་གནང་བཞིན་པ་ལགས་སོ།།

མདོར་ན་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་འཛིན་གཙོ་ཆེ་བ་རྣམས། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་རིན་ཆེན་ཚུལ་རྡོར། རྒྱལ་སྲས་ལེགས་པ་རྒྱལ་མཚན། རྒྱལ་བ་ཀློང་ཆེན་པ་བཅས་ཡིན། དེ་ཡི་ནང་ནས་གཏེར་སྟོན་རིན་ཆེན་ཚུལ་རྡོར་རམ་པདྨ་ལས་འབྲེལ་རྩལ་ཞེས་པ་འདི་ཉིད་ཀྱི་རྣམ་ཐར་ཅུང་ཟད་གྲགས་ཆུང་བས་ད་རེས་ཡིག་ཆ་ཅི་རིགས་ལ་ཁུངས་གཏུགས་ནས་དུས་དེབ་པདྨའི་རང་མདངས་འདིར་འགོད་པར་བྱའོ།།

༢༽ དམ་པ་འདིའི་སྐྱེས་རབས་མདོ་ཙམ་བརྗོད་པ་ནི།

སྐྱེ་བ་གོང་མ་ལྷ་ལྕམ་པདྨ་གསལ་སྐུ་ན་ཆུང་ངུར་ཚེའི་དུས་བྱས་པའི་ཚེ། ཆོས་རྒྱལ་གྱིས་དེའི་རྣམ་སྨིན་སློབ་དཔོན་ཆེན་པོ་ལ་ཞུས་པས་རྣམ་སྨིན་དང་། སྐྱེས་རབས་རྣམས་གསལ་པོར་གསུངས་པ་ནི་འདི་ལྟར། དང་པོ་རྒྱ་གར་གྱི་ཡུལ་ཀ་མ་ཀྲི་ཏིའི་གྲོང་འཁྱེར་དུ། རྒྱལ་པོ་འབོ་ལ་ཀུ་ཏྲའི་བཙུན་མོར་སྐྱེས་ཏེ། བཙུན་མོ་གཉིས་ཡོད་པ་ལས་མོ་ལ་བུ་མེད་ཅིང་། གཞན་དེ་ལ་བུ་ཡོད་པས་ཕྲག་དོག་གིས་བསད་དེ། དེའི་ཕྱི་མ་རྣམ་སྨིན་གྱིས་ད་ལྟའི་ཆར་ལྷ་ལྕམ་པདྨ་གསལ་དུ་སྐྱེས་ཤིང་ཚེ་ཐུང་ངུར་དུས་བྱས་སོ། །ཕྱི་མ་ཡང་ལོ་སྟོང་དུ་དུཿཁ་སྤྱོད་པར་གསུངས་ཤིང་། དེའི་རྒྱུ་མཚན་ནི་ལྷ་ལྕམ་འདི་ཉིད་སྐྱེ་བ་བདུན་གྱི་སྔོན་དུ་རྒྱ་གར་གྱི་ཡུལ་ཀོ་ཏའི་གཙུག་ལག་ཁང་དུ་བྲམ་ཟེའི་བུ་བྱ་ཏ་ལ་ཞེས་བྱ་བར་སྐྱེས་ཏེ་དགེ་སློང་བྱས། གཙུག་ལག་ཁང་དེའི་མེ་ཏོག་ལྡུམ་རར་ཀུ་ཀུ་གཉིས་ཆགས་པ་སྤྱོད་པ་མཐོང་བས་ཆགས་པ་སྐྱེས་ཏེ། རིགས་ངན་གྱི་བུ་མོ་ལ་ཆགས་པ་སྤྱད་པས་བསླབ་པ་ཉམས། ཀུ་ཀུར་ཞེ་སྡང་སྐྱེས་པས་ཀུ་ཀུ་བསད། དེའི་ཉེས་པས་ཕྱི་མ་བྱོལ་སོང་དུ་ལོ་བརྒྱ། ལྡུམ་རའི་ཨཱ་ལོ་ཀའི་ཏིལ་མར་བདུན་ཟོས་པས་ཡི་དྭགས་སུ་ལོ་བརྒྱ། ཀུ་ཀུ་དེའི་སྲོག་བཅད་པས་དམྱལ་བར་ལོ་བརྒྱ། གཙུག་ལག་ཁང་གི་དགེ་འདུན་ལ་ཚིག་རྩུབ་བརྗོད་པས་ལྷ་མ་ཡིན་དུ་ལོ་བརྒྱ། གཙུག་ལག་ཁང་གི་ལྷ་ལ་མེ་ཏོག་གཏོར་བས་ལྷ་རུ་ལོ་བརྒྱ། དེ་ནས་བསམ་ཡས་སུ་ཁྱི་མོ་ལོང་མའི་སྐྱེ་བ་བདུན། དེ་ནས་ཡར་ལུང་དུ་སྤྲང་མོའི་སྐྱེ་བ་བཅུ།

ལས་ངན་དེ་དག་བྱང་ནས་མཐར་སྒྲགས་གྲོང་གསར་དུ་བུད་མེད་ལུས་ཚང་ཞིང་ཡིད་དུ་འོང་བ་ཞིག་གི་སྐྱེ་བ་བླངས། སློབ་དཔོན་པདྨའི་གདམས་པ་དང་འབྲེལ་ཐོགས་ཙམ་བྱུང་། དེ་ནས་འཕོས་ཏེ་ལྷོ་བྲག་གི་ཡུལ་དུ་བུད་མེད་སྤྲེལ་ལོ་པ་ཞིག་ཏུ་སྐྱེས་ཏེ་གུ་རུའི་སྤྲུལ་པ་གཅིག་གིས་ལམ་སྣ་ཟིན། དེ་ནས་འཕོས་ཏེ་གཡས་རུ་གྲོང་དམར་བྱ་བར་སྐྱེས་པའི་ལུས་ཐོབ་སྟེ་སྔར་གྱི་ཀོ་ཏའི་གཙུག་ལག་ཏུ་རབ་ཏུ་བྱུང་བའི་བག་ཆགས་ཀྱིས་རབ་ཏུ་བྱུང་བར་འགྱུར་རོ། །དེ་ནས་གུ་རུའི་སྤྲུལ་པ་གཅིག4་དང་ཕྲད་ནས་རྗེས་སུ་བཟུང་ཞིང་གདམས་པ་བྱིན། མཁའ་འགྲོ་མས་རྗེས་སུ་བཟུང་། དེའི་རྗེས་ཐོགས་ཉིད་དུ་རྡོ་བོད་མཚམས་སུ་འབྲི་ཐང་ཞེས་བྱ་བར་སྐྱེས་ཏེ། སྔ་མའི་བག་ཆགས་ལས་རབ་ཏུ་བྱུང་། མཚན་ལ་རིན་ཆེན་ཚུལ་ཁྲིམས་རྡོ་རྗེ་ཞེས་རྗེ་འདི་ཉིད་ཡིན་ལ། དེའི་སྐུ་སྐྱེ་དེ་མ་ཐག་པ་ནི་རྒྱལ་དབང་ཀློང་ཆེན་པ་ཡིན་ཞིང་། དམ་པ་འདིའི་སྐྱེས་རབས་ཀྱི་སྐབས་སུ་འདི་ཙམ་མོ།།

༣༽ དམ་པའི་ལུང་གིས་ཟིན་ཅིང་སྐུ་ཇི་ལྟར་བལྟམས་པའི་ཚུལ་ནི།

གཏེར་སྟོན་རིན་ཆེན་ཚུལ་རྡོར་རམ་གསང་མཚན་པདྨ་ལས་འབྲེལ་རྩལ་ནི། པདྨ་བཀའ་ཡི་ཐང་ཡིག་ལས། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང༔ བསོད་ནམས་ཟད་པ་དབུས་སུ་མི་རྒོད་སྡིགས༔ དྭགས་པོ་ལྡང་ལྷ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང༔ ཞེས་པའི་ལུང་དང་མཐུན་པར་གཏེར་སྟོན་རིན་ཆེན་ཚུལ་རྡོར་རམ་པདྨ་ལས་འབྲེལ་རྩལ་ནི། རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་ཉིད་དག་པའི་སྐྱེ་བ་ལྔ་བརྒྱུད་པའི་ཐ་མ་སྟེ་གསལ་རྗེ་གངས་ཀྱི་ནུབ་ཕྱོགས་རྡོ་བོད་མཚམས་གཉན་རོང་འབྲི་ཐང་ཀོ་རོ་བྲག་གི་འདབས་ཞོལ་རི་ཞིང་ཞེས་པར་ཉང་གི་གདུང་རིགས་སྔགས་བཙུན་ཕོ་མོ་གཉིས་ཀྱི་སྲས་སུ་ལྕགས་མོ་ཡོས་5ཕྱི་ལོ་ ༡༢༣༡ ལོར་སྐུ་བལྟམས།

༤༽ ནར་སོན་ནས་གཏེར་ཁ་བཞེས་ཚུལ།

ནར་སོན་ཏེ་ལོ་རོར་གློར་ཚང་དུ་རབ་ཏུ་འབྱུང་ནས་མཚན་ཚུལ་ཁྲིམས་རྡོ་རྗེར་བཏགས། ཕ་མ་གཉིས་འཁོས་ཞན་པའི་སྟབས་ཀྱིས་ཤིན་ཏུ་དབུལ་ཞིང་ཉམ་ཐག་པ་ཞིག་བྱུང་བ་དང་། ཉེ་བ་ཐམས་ཅད་ཀྱིས་ཀྱང་སྙིང་མི་སྡུག་པར་གྱུར། དགུང་ལོ་བཅུ་དྲུག་བཞེས་པའི་དུས་སུ་ཉིན་གཅིག་གུ་རུའི་རྣམ་འཕྲུལ་དགེ་སློང་རྒན་པོ་ཞིག་དང་འཕྲད་ཅིང་། དགེ་བཤེས་ཁྱེད་རང་གར་འགྲོ་བ་ཡིན་ཞེས་དྲིས་པས། གར་ཡང་མི་འགྲོ་ཁྱེད་ཀྱི་རྩར་ཡོངས་བ་ཡིན་ཞེས་ཨམ་ཕྲག་ནས་ཤོག་དྲིལ་གཅིག་བཏོན། བུ་ཁྱོད་ཀྱིས་ཤོག་དྲིལ་འདི་ལ་ལེགས་པར་ལྟོས་ལ་ཚིག་གི་དོན་མ་ནོར་བར་གྱིས་ལ་ལོངས་ཤིག དངོས་གྲུབ་ཀྱི་སྐལ་པ་ཡོད་དོ་གསུངས་ནས་ཤོག་དྲིལ་གཏད། ཡུད་ཙམ་ཡེངས་པའི་བར་ལ་དགེ་སློང་གར་སོང་མ་རྙེད་ཅིང་རྩད་མ་ཆོད་པ་བྱུང་ངོ་།།

དེ་ནས་རང་ཁྱིམ་དུ་ལོག་ནས་ཤོག་དྲིལ་ལ་བལྟས་པས། ལོ་གཅིག་ཆུ་མོ་གླང་ལོ་ལ་ཁྱོད་ཀྱི་ནོར་སྐལ་ལེན་པའི་དུས་ལ་སླེབས་པས་སྟོན་ཟླ་ར་བའི་ཚེས་བཅུར་སོང་ལ། དྭགས་པོའི་དྭགས་ལུང་ཁྲ་མོ་བྲག་ལོགས་ལ་གཏེར་མཚན་མཚལ་གྱི་གཡུང་དྲུང་རིས་ཤིག་ཡོད། དེ་ནས་བཙལ་བའི་བྱང་ཤར་ན། རྡོ་ཆོལ་བྲེ་ཙམ་གཅིག་ཡོད། དེ་བཀོག་པའི་ནང་ནས་ཟབ་གཏེར་རྣམས་ཐོན་ཅིག ཅེས་པའི་ཁ་བྱང་གསལ་བ་དང་། བཤད་ཚུལ་གཞན་ཞིག་ཏུ། དགུང་ལོ་ཉེར་གཅིག་བཞེས་པའི་སྐབས་སུ་བླ་མའི་གསུང་གིས་ལྷོ་ཕྱོགས་ལ་འགྲོ་དོན་འབྱུང་བས་ཕེབས་ཤིག་ཅེས་བསྐུལ་བ་ལྟར་ཕེབས་པས་ལོ་རོ་གྲོང་ནས་ཕེབས་པས་སྤྲུལ་སྐུ་རིན་ཆེན་གླིང་པ་དང་མཇལ། འབྲི་ཐང་ཀོ་རོ་བྲག་ནས་གདན་དྲངས་པའི་གཏེར་ཀྱི་ནང་ནས་དྭགས་ལུང་ཁྲ་མོ་བྲག་གི་ཁ་བྱང་དང༌། གཏེར་སྟོན་གྱི་ལུང་བསྟན་དང་བཅས་པའི་ཤོག་སེར་གཉིས་ཕུལ་ནས་གཏེར་འདི་རྣམས་འདོན་པའི་ལུང་བསྟན་པ་ཁྱོད་ལ་བབས་འདུག་པས། ཁྱེད་ཀྱིས་གཏེར་རྣམས་ལེགས་པར་ཐོན་ལ་ངེད་ཀྱང་ཐུགས་ལ་འདོགས་པར་ཞུ་ཟེར་བ་དང༌།

ཡང་ཁ་ཅིག་ཏུ། དགུང་ལོ་བཅུ་དྲུག་ལ་ཁ་བྱང་ལུང་བསྟན་བཅས་ཕྱག་ཏུ་བྱུང་ཟེར། གང་ལྟར་ཡང་དགུང་ལོ་ཉེར་གསུམ་བཞེས་པ་ཆུ་མོ་གླང་ ༡༢༥༣ གི་ལོ་ལ་དྭགས་ལུང་དུ་བྱོན་ཞིང་ཁྲ་མོ་བྲག་གི་ཕུག་པར་ཞག་གསུམ་ལ་བཞུགས་ནས། ཟབ་ཆོས་མཁའ་འགྲོ་སྙིང་ཐིག་བླུན་སྒོམ་ཡིད་བྱེད་བྲལ་ནས་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པ་ལྷ་ལྕམ་པདྨ་གསལ་གྱི་ཆོས་སྐལ་དུ་སྦས་པའི་གདམས་པ་ཟབ་མོ་སྤྱན་དྲངས་ཤིང༌། དེ་དང་མཉམ་དུ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ། རྟ་མགྲིན་གཉེན་པོ་ལྷ་གསུམ། གནོད་སྦྱིན་སྤུ་གྲི་དམར་ནག་སོགས་དང༌། ཆུ་ཀླུང་འཁྲུགས་བྱེད། གཏད་རྒྱུད་གསལ་སྒྲོན་སྐོར། བླ་མ་སྤྱི་འདུས་འཁོར་ལོ། རྟ་མགྲིན་གཉེན་པོ་ལྷ་གསུམ། གཤིན་རྗེ་ཀིང་ཀང་དགྲ་ཁ་ལ་རྒྱས་འདེབས། གཟའ་དང་ཞིང་སྐྱོང་གཙོས་ཆོས་དང་དྲག་སྔགས་བསྟན་སྲུང་གི་སྐོར་མང་པོའང་གདན་དྲངས་སོ།།

༥༽ སྒྲུབ་པ་ཉམས་ལེན་དང་གཏེར་གྱི་ཆོས་བཀའ་རྣམས་སྤེལ་ཚུལ་ནི།

དེ་ནས་ཚུར་ལོག་ནས་གཉལ་གྱི་སྟོད་དུ་སླེབས། ཤོ་ཡི་ཚེར་མ་ལུང་དུ་སྔགས་པ་ཞིག་གི་ཁྱིམ་དུ་བསྡད་པས། སྔགས་པ་བཟའ་ཚང་གཉིས་ཀྱིས་ལྟོ་ཆང་གང་ལེགས་བྱིན། དེ་ནུབ་གླེང་མོལ་མང་པོ་བྱས་པས། སྔགས་པ་ན་རེ། ཁྱེད་ཁ་སང་གང་ནས་ཡོང༌། དོན་ཅི་ལ་ཕྱིན་པ་ཡིན་ཞེས་དྲིས་པ་དང༌། པདྨ་ལས་འབྲེལ་རྩལ་གྱིས། ངེད་ལ་སྔར་ལུང་བསྟན་ཞིག་བྱུང་བ་ལ་བརྟེན་ནས་དྭགས་པོར་ཕྱིན་གསུངས་པ་དང༌། སྔགས་པ་ན་རེ། འོ་ན་ཟབ་གཏེར་རྙེད་དམ་ཟེར། རྙེད་གསུངས་པས། གང་གང་ཡོད་ཟེར། མཁའ་འགྲོ་སྙིང་ཐིག་དང༌། གཉེན་པོ་ལྷ་གསུམ་གྱི་མན་ངག གཟའ་བདུད་ཀྱི་སྒྲུབ་སྐོར་རྒྱུད་དང་བཅས་པ་ཡོད་གསུངས་པས། འོ་ན་ངེད་ལ་དཔེ་སྒྲོམ་གྱིས་དབང་བྱེད་དགོས་ཟེར་བས། དཔེ་སྒྲོམ་བཏེགས་ནས་སྔགས་པ་ཡབ་ཡུམ་སྲས་དང་བཅས་པ་ལ་བྱིན་བརླབས་བྱས་སོ།།

དེའི་ནངས་པར་རང་ཡུལ་དུ་ཕེབས་ཚེ་སྔགས་པའི་བུ་རྒྱལ་སྲས་ལེགས་པ་རྒྱལ་མཚན་ཤིན་ཏུ་དད་དེ་ཕྱག་ཕྱིར་བྱོན་པར་ཞུས་པས། གནང་ཞིང་རྗེས་སུ་བཟུང་ནས་གསང་བ་སྙིང་ཐིག་གི་ཆོས་བཀའ་ཐམས་ཅད་གནང༌། རང་ཡུལ་འབྲི་ཐང་དུ་སླེབས་པས་དེ་གའི་མི་ཀུན་ན་རེ། ལས་འབྲེལ་རྩལ་སྔགས་རྒྱུད་ཀྱི་བྱ་བ་གང་ཡང་མ་ནུས་པར་ཟག་ཟོག་གི་ལས་ཤིག་བྱེད་འདོད་པ་ཡིན། སྟོན་དང་། ཅིའི་གཏེར་ཡོད་ཅེས་མི་མང་གི་གླེང་མོལ་བྱས་པས་ཐུགས་སུན་ནས་རྒྱལ་ཁམས་ཕྱོགས་མེད་ལ་བྱོན་པའི་དགོངས་པ་མཛད་དེ། ལེགས་པ་རྒྱལ་མཚན། ནམ་མཁའ་དབང་ཕྱུག རིན་རྡོར། དཔལ་སེང་བཅས་སྐུ་འཁོར་ལྔ་དབུས་སུ་ཕེབས་ཤིང་ཐོག་མར་ཡར་ཀླུངས་སུ་སླེབས། ཤེལ་བྲག་ལ་ཞག་གསུམ་གྱི་གནས་འབྲེལ་མཛད། དེ་ནས་བསམ་ཡས་སུ་བྱོན། གཙུག་ལག་ཁང་རྣམས་མཇལ།

དེ་ནས་མཆིམས་ཕུར་བྱོན་ཏེ་དགེ་གོང་གི་མཆོད་ཁང་དུ་ཞག་བདུན་གནས་འབྲེལ་མཛད་པའི་ཞག༌ལྔ༌པའི༌ནུབ་མོར་རྡོ་རྗེ་ཕག་མོ་ཡིན་ཟེར་བའི་བུད་མེད་དམར་མོ་ཞིག་བྱུང་ནས། པདྨ་ལས་འབྲེལ་རྩལ་འདིར་མ་སྡོད་ཅིག ལས་ལྡན་གྱི་སློབ་བུ་ཞིག་དང་འཕྲད་པ་ཡོད་པས་ལྷ་སར་སོང་ཞིག་ཅེས་ལུང་བསྟན་པ་ལྟར་དཔོན་སློབ་ལྔ་ལྷ་སར་བྱོན། ཞག་ལྔའི་བར་དུ་སྐོར་བ་བྱེད་ཅིང་སྡོད་པའི་དུས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་6ལྷ་ས་སྐུ་འབུམ་ཐང་དུ་སྒར་བརྒྱབ་ཡོད་པས། རང་བྱུང་རྡོ་རྗེའི་ཞལ་ནས། ལྷོ་རོང་གི་གཏེར་སྟོན་དཔོན་སློབ་རྣམས་ངེད་ཀྱི་རྩར་ཤོག་གསུངས་པའི་བཀའ་གནང་བྱུང་བ་དང༌། དཔོན་སློབ་ལྔས་བྲམ་ཟེའི་ཤ་རིལ་གཅིག་དང༌། དར་ཁ་གང༌། གླ་རྩི་བུབས་གཅིག་ཁྱེར་ནས་ཕྱག་བཙལ་ཏེ་ཕུལ་བས། ཀརྨ་པའི་ཞལ་ནས་རྗེ་དཔོན་སློབ་ལྔ་ལ་གཏེར་ནས་བཏོན་པའི་གཏེར་ཆོས་རྣམས་ཡོད་དམ། ཡོད་ན་ངེད་ལ་སྟོན་དགོས་གསུངས་པས། གཏེར་སྟོན་གྱི་ཞལ་ནས། ངེད་དཔོན་སློབ་སྐོར་བ་ལ་ཕྱིན་ནས་ཞག་ལྔ་སོང་། གཏེར་ཆོས༌ཀྱི༌དཔེ༌ཆ༌རྣམས༌བུ༌དཔེ༌ལ༌ཕབ༌ལོང་མ་བྱུང་བས་ཤོག་སེར་གདན་དྲངས་ནས་ཡོད་ཞུས་པ་དང༌།

ཤོག་སེར་རྣམས་གདན་དྲངས་པ་ནི་ལེགས། ངེད་ལ་སྟོན༌ཅིག༌གསུངས༌པ༌དང༌། ཤོག༌སེར༌རྣམས་གཟིགས་འབུལ་བྱས་ཤིང༌། རྗེ་ཉིད་ཀྱིས་ཞིབ་གཟིགས་མཛད་དེ་དབུ་ཐོག་ཏུ་བཞག་ནས་ཚུར་གནང༌། དེ་ནས་དཔོན་སློབ་ལྔ་སླར་ལོག་སྟེ་རྡོ་རིང་གི་རྩར་ཞག་བཞུགས་མཛད། དེ་ནུབ་རྗེ་རང་བྱུང་རྡོ་རྗེའི་རྨི་ལམ་དུ་བུད་མེད་དམར་མོ་རུས་པའི་རྒྱན་ཆ་གྱོན་པ་ཞིག་བྱུང་ནས། ཨོ་རྒྱན་ཐུགས་སྲས་པདྨ་ལས་འབྲེལ་རྩལ་ལས་གསང་སྔགས་ཀྱི་ཆོས་བཀའ་ཟབ་མོ་རྣམས་ཞུས་ལ་དབུ་སྐྲ་ཡང་ཕུལ་ཅིག དེ་ལྟར་བྱས་ན་ཕྱི་གཞུག་བསྟན་པ་དར་བར་འགྱུར་རོ་ཞེས་མནལ་ལམ་ལ་བྱུང་བ་དང༌། ནངས་པར་བང་ཆེན་པ་བཏང་ནས་སྐུ་མདུན་དུ་ཤོག་གསུངས་པ་ལྟར་ཕེབས་པས། རྗེའི་ཞལ་ནས། ཁར་སང་གི་ཤོག་སེར་རྣམས་ཀྱི་བཀའ་ལུང་བྱ་དགོས་པར་འདུག་གསུངས། པདྨ་ལས་འབྲེལ་རྩལ་གྱིས་ཁྱེད་སྐུ་ཆེ་བའི་དྲུང་དུ་འབུལ་མི་སྤོབས་ཞུས་པས། ཅིས་ཀྱང་བྱ་དགོས་གསུངས་པའི་བཀའ་ནན་བྱུང་བ་ལྡོག་མ་ཕོད་པར་མཁའ་འགྲོ་སྙིང་ཐིག་གི་ཤོག་སེར་རྣམས་ཀྱི་སྟེང་ནས་བཀའ་ལུང་རྫོགས་པར་ཕུལ། རྗེའི་ཞལ་ནས་ངེད་ཀྱི་དབུ་སྐྲ་ཡང་བསིལ། ཕྱག་ཀྱང་རྩེ་སྤྲོད་དུ་བྱའོ་གསུངས་པ་བཞིན་མཛད་པ་བཅས། རྗེ་རང་བྱུང་རྡོ་རྗེས་བླ་མར་བཀུར་ཏེ་གདམས་པ་གསན་པའི་རྒྱུན་ལས་ཕྱིས་སུ་ཀརྨ་སྙིང་ཐིག་གི་བརྒྱུད་པ་ཞེས་གྲགས་པ་དེ་བྱུང་ངོ༌།།

       དེ་ནས་ལོག་སྟེ་འབྲི་ཐང་ཀོ་རོ་བྲག་ཏུ་ཟླ་བ་བདུན་ལ་སྒྲུབ་པ་མཛད་པས་གུ་རུ་ཡབ་ཡུམ༌དངོས༌སུ༌མཇལ༌ཏེ༌དགོངས༌བརྒྱུད་རྟོགས་པས་བྱིན་གྱིས་བརླབས། སྐབས་དེར་རྒྱལ་སྲས་ལེགས་པ་རྒྱལ་མཚན་ལ་བཀའ་ལུང་ཐམས་ཅད་ཡོངས་སུ་རྫོགས་པར་གནང༌། ཡང་མཆོད་རྟེན་བྲག་མདུན་དུ་སྒྲུབ་པ་ལ་ཟླ་བ་གསུམ་བཞུགས་ཤིང་དེ་དུས་ལེགས་པ་རྒྱལ་མཚན་ཤོད་ན་བཞུགས། ཆོས་རྒྱལ་རིན་ཆེན་གླིང་པ་གཏེར་སྟོན་མཇལ་དུ་བྱོན་ཡང་སྐུ་མཚམས་ལ་བཞུགས་ཟིན་པས་མ་མཇལ་བས་ལེགས་པ་རྒྱལ་མཚན་མདུན་དུ་བྱོན་ནས། ཁྱེད་ཀྱིས་བཀའ་ལུང་གང་ཐོབ་ཐམས་ཅད་ང་ལ་བྱ་དགོས་ཞུས་པས། རྒྱལ་སྲས་ལེགས་པས་རིན་ཆེན་གླིང་པ་ལ་མཁའ་འགྲོ་སྙིང་ཐིག་གི་བཀའ་ལུང་རྣམས་རྫོགས་པར་བྱས། དེ་ནས་སྤྲུལ་སྐུ་ལས་འབྲེལ་རྩལ་སྐུ་མཚམས་ལས་གྲོལ་ཏེ་གཉལ་སྨད་དུ་བྱོན་པ་ཐོས་པས། ལེགས་པ་རྒྱལ་མཚན་དང་རིན་ཆེན་གླིང་པ་རྣམ་གཉིས་མཇལ་དུ་བྱོན་པས་གཉལ་སྨད་སེ་ཆེན་འབུམ་པའི་དྲུང་དུ་མཇལ་འཕྲད་བྱུང༌། དཔོན་སློབ་རྣམས་རིམ་གྱིས་འབྲི་ཐང་དུ་བྱོན་ནས་ཆོས་གླིང་དགོན་པར་བཞུགས། གཏེར་ཆེན་རིན་པོ་ཆེས་རིན་ཆེན་གླིང་པ་ལ་རྒྱ་ནག་ལ་ཁའི་ཕ་ཝང་རུས་སྦལ་ནག་པོའི་གཏེར་གྱི་ལྡེའུ་མིག་གཏད་ཏེ། བུ་ཁྱོད་ཀྱིས་ལྡེའུ་མིག་འདི་ཁྱེར་ཏེ་ཕ་ཝང་རུས་སྦལ་ནག་པོའི་གཏེར་རྣམས་ཐོན་ལ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་གསུངས་སོ།།

༦༽མཐར་དགོངས་པ་ཆོས་དབྱིངས་སུ་བསྡུས་ཚུལ་ནི།

དེ་ལྟར་བསྟན་འགྲོའི་དོན་མཛད་བཞིན་པ་དགུང་ལོ་ཉེར་ལྔ་པ7་ལ༌གུ༌རུའི་ལུང་བསྟན་གྱི་གཟུངས་མ་དང་མ་འཕྲད་པར་བདུད་མོ་ཞིག་གིས་བར་ཆད་བརྩམས་པ་སོགས་རྟེན་འབྲེལ་གཞན་དབང་གི་རྐྱེན་གྱིས་ཟབ་གཏེར་རྣམས་རྒྱལ་སྲས་ལེགས་པ་ལ་གཏད་ནས། ད་སྟེ་ལོ་ལྔ་ནས་ང་རང་དབུས་ཀྱི་གྲྭ་ཕུ་རུ། ཕ་བསྟན་པ་དང་མ་བསོད་ནམས་སྐྱིད་ཀྱི་བུར8་སྐྱེས་ཏེ་ཁྱེད་དང་འཕྲད་པར་བྱའོ་ཞེས་ཞལ་ཆེམས་གནང་ནས་བྱར་སྨད་ཕྱིང་དཀར་ཞེས་པའི་ས་ཆར་སྐུ་གཤེགས། པུར་སྦྱངས་པའི་ཚེ་བུད་མེད་སྔོན་མོ་རུས་རྒྱན་ཅན་དབུ་གཙུག་ནས་ཐོན་ཏེ་ནམ་མཁར་འགྲོ་བ་ཀུན་ཀྱིས་མཐོང༌། གདུང་རུས་ལ་ཕག་མོའི་སྐུ་དང་རིང་བསྲེལ་དཔག་མེད་བྱོན་ཅིང་ཞག་བདུན་གྱི་བར་ལུང་པ་འཇའ་འོད་ཀྱིས་གང་བ་སོགས་ཀྱིས་འགྲོ་བ་རྣམས་དད་པའི་ས་ལ་བཀོད། སྐུ་ཚེ་འདིར་འགྲོ་དོན་མི་འབྱུང་ཞིང་སྦས་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་པ་སོགས་ལུང་ནས་བསྟན་པ་ལྟར་འགྲོ་དོན་འཕྲོ་ཅན་ཏུ་གྱུར།

༧༽སླར་ཡང་ཞིང་འདིར་སྲིད་པ་བཟུང་ཚུལ།

འདི་ཡི་སྐྱེ་བ་ཕྱི་མ་དེ་མ་ཐག་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཡིན་ཞིང་། སྤྱིར་བཏང་དམ་པ་འདི་ཉིད་མཁའ་འགྲོ་མས་ཞལ་གཟིགས་ཏེ་བཀའ་ལུང་སྤྱི་རིགས་རྫོགས་པར་གནང་བས་ཚིག་རྒྱུད་ཀྱི་དབང་ལུང་མི་དགོས་ཀྱང་། བརྒྱུད་པ་ལ་སྒྲོ་བཀུར་སྤང་བའི་ཕྱིར་བི་མ་སྙིང་ཐིག་གི་ཆོས་སྐོར་རྣམས་ཚེ་རབས་ལས་ཀྱི་བླ་མ་རིག་འཛིན་ཀུ་མཱ་རཱ་ཛའི་དྲུང་ནས་གསན། མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་རྣམས་ཕལ་ཆེར་རྒྱལ་སྲས་ལེགས་པ་རྒྱལ་མཚན་གྱི་དྲུང་ནས་ཚིག་རྒྱུད་རྣམས་གསན། འགའ་ཞིག་འབུམ་ཐང་བྲག་རང་གིས་གཏེར་ནས་བཞེས་ཏེ་སྙིང་ཐིག་གི་གདམས་པ་ཡོངས་རྫོགས་ཆུ་བོ་གཅིག་འདྲེས་ཀྱི་བཀའ་བབས་སུ་དབང་བསྐུར་ཞིང་རྒྱ་ཆེར་སྤེལ་བའོ།།

ཀརྨ་པ་རང་འབྱུང་རྡོ་རྗེས་ཀྱང་བི་མ་སྙིང་ཐིག་གི་གདམས་པ་རྣམས་རིག་འཛིན་ཀུ་མཱ་རཱ་ཛ་དང་། མཁའ་འགྲོ་སྙིང་ཐིག་གི་གདམས་པ་རྣམས་རྒྱལ་སྲས་ལེགས་པ་རྒྱལ་མཚན་ལས་ཚིག་བརྒྱུད་བསྐྱར་ནས་གསན་ཅིང་འཆད་སྤེལ་རྒྱ་ཆེར་གནང་བའི་སློབ་མའི་གཙོ་བོ་བཞི་ལ་ཆོས་བཀའ་གཉེར་གཏད་དེ། གཡུང་སྟོན་རྡོ་རྗེ་དཔལ་གྱིས་གཙང་། ཡེ་རྒྱལ་བས་ཁམས་ཀོང་། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས་བ་སོགས་རྒྱུན་ལ་ཀརྨ་སྙིང་ཐིག་ཏུ་གྲགས་ཤིང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། །ཅེས་པའི་ལུང་དོན་མངོན་དུ་གྱུར། གཏེར་སྟོན་ཆེན་པོ་པདྨ་ལས་འབྲེལ་རྩལ་འདི་ཉིད་ཀྱི་ཟབ་གཏེར་སྙིང་པོ་སྙིང་ཐིག་རྣམ་གཉིས་ཀྱི་ཡ་གྱལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྨིན་གྲོལ་ཡོངས་སུ་གྲགས་པ་རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ་དང་ཀུན་མཁྱེན་ཀློང་ཆེན་པ་ལས་ཚིག་དོན་སོ་སོར་བརྒྱུད་པ་ཐ་དད་པ་ད་ལྟའང་ཟམ་མ་ཆད་པར་ཡོད་དོ།།

ཁུངས་གཏུག་སའི་ཡིག་ཆ།

འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ་དམ་པ་འདི་ཡི་རྣམ་ཐར་བསྡུས་ཙམ་ཞིག་བཞུགས་འདུག་པ་དང་། སྨྱོ་ཤུལ་མཁན་རིན་པོ་ཆེས་མཛད་པའི་རྫོགས་ཆེན་ཆོས་འབྱུང་དུ་དེ་དང་ཕྱོགས་མཐུན་པ་ཞིག་འདུག སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་ཆོས་འབྱུང་ཆེན་མོར་དེ་གཉིས་ལས་རྒྱས་ཙམ་ཞིག་འདུག་པ་འདི་གསུམ་གྱིས་གཙོ་བོ་གཞི་བཟུང་ནས། གཞན་ཡང་པདྨ་བཀའ་ཡི་ཐང་ཡིག གུ་བཀྲ་ཆོས་འབྱུང་། བདུད་འཇོམས་ཆོས་འབྱུང་། སྙིང་ཐིག་ཡ་བཞིར་བཞུགས་པའི་མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས། པདྨ་ལས་འབྲེལ་རྩལ་གྱི་སྐྱེས་རབས་དང་ལུང་བསྟན། བཅས་ཡིག་ཆ་རྒྱས་བསྡུས་ཅི་རིགས་སུ་གསལ་བ་རྣམས་འཕྲི་སྣོན་དང་ཕྱོགས་བསྒྲིགས། ཞིབ་སྡུར་བྱས་ཡོད།

  1. སྤྱིར་རྫོགས་པ་ཆེན་པོ་ལའང་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ། མན་ངག་སྡེ་ལའང་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་སྙིང་ཐིག་གི་སྡེ་དང་བཞི་ལས་སྐབས་འདིར་མཆོག་ཏུ་ཟབ་པ་ཡང་གསང་སྙིང་ཐིག་སྡེའི་བསྟན་པ་བོད་དུ་ཇི་ལྟར་དར་ཚུལ་ལོ།།
  2. གུ་བཀྲའི་ཆོས་འབྱུང་དུ། བཙན་པོ་ཡབ་སྲས་གཉིས་དང་ཉང་བན་ཏིང་འཛིན་བཟང་པོ། ལོ་ཙྭ་བ་ཀ་ཅོག་གཉིས་བཅས་ལྔ་ལ་གདམས་པར་བཤད།
  3. པདྨ་ལས་འབྲེལ་རྩལ་ཞེས་པའི་མཚན་འདི་ཐོག་མར་ལྷ་ལྕམ་པདྨ་གསལ་གྱི་གསང་མཚན་ཡིན་ལ། དུས་ཕྱིས་སུ་གཏེར་སྟོན་རིན་ཆེན་ཚུལ་རྡོར། རྒྱལ་དབང་ཀློང་ཆེན་པ། མཁན་ཆེན་ངག་གི་དབང་པོ་ལ་སོགས་པ་རྫོགས་ཆེན་བཀའ་བབས་མང་པོའི་གསང་མཚན་ཡིན་པར་ཤེས་དགོས་པ་ཡིན། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་ལས། ཨོ་རྒྱན་ཡབ་ཡུམ་གཉིས་ཀྱིས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དམ་པརཿ ལྷ་ཅིག་པདྨ་གསལ་ལ་མངོན་སུམ་འོད་གསལ་གྱི་དགོངས་པ་དབང་བཞི་ཡེ་ཤེས་ཀྱི་ཆུ་བོ་བཞི་སྣང་འཆར་ཚུལ་དང་བཅས་པ་མ་ལུས་ཤིང་ཡོངས་སུ་རྫོགས་པར་གསུངསཿ གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས་སོཿ ཞེས་མཁའ་འགྲོ་སྙིང་ཐིག་ལས་བྱུང་བ་ལགས་སོ།།
  4. སྤྲུལ་པ་འདི་ལྷ་ལྕམ་པདྨ་གསལ་ཡིན།
  5. བསྟན་འཛིན་ལུང་རྟོགས་ཉི་མས་གྲུབ་དབང་རྫོགས་ཆེན་པའི་ཆོས་འབྱུང་དུ་ས་སྤྲེལ་ཕྱི་ལོ་ ༡༢༤༨ ལོར་སྐུ་བལྟམས་གསུངས་འདུག་པས་དཔྱད། སྨྱོ་ཤུལ་མཁན་རིན་པོ་ཆེའི་རྫོགས་ཆེན་ཆོས་འབྱུང་དང་། གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ་ལྕགས་མོ་ཡོས་ (༡༢༣༡) ཞེས་གསལ། དགུང་ལོ་ཉེར་གསུམ་ (༡༢༥༣) ཆུ་མོ་གླང་ལ་གཏེར་ཁ་བཞེས་ཚུལ་གསུངས་ན། ལྕགས་མོ་ཡོས་ལ་འཁྲུངས་པ་ཉིད་དགུང་འགྲིག་པས་འཐད་ཕྱོགས་སུ་སྣང་ངོ་།།
  6. ཀརྨ་པ་རང་འབྱུང་རྡོ་རྗེ་ (༡༢༨༤ -༡༣༣༩) རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གཉིས་པ་རྗེ་རང་བྱུང་རྡོ་རྗེ་ནི་སྒྲུབ་བརྒྱུད་ཀརྨ་སྙིང་ཐིག་གི་ཆུ་འགོ་གང་ལ་ཐུག་ས་དང་། གསང་སྔགས་རྙིང་མ་བ་དང་ཧ་ཅང་འབྲེལ་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་གོ།
  7. སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་ཆོས་འབྱུང་ཆེན་མོར་དགུང་ལོ་ཉེར་ལྔ་པར་གཤེགས་ཚུལ་གསུངས་ཀྱང་སྐྱོན་ཆེ་སྟེ། གཏེར་སྟོན་འདི་ཉིད་ལྕགས་མོ་ཡོས་ ༡༢༣༡ ལོར་འཁྲུངས་པར་གསུངས་པ་དང་། དེ་ནས་མི་ལོ་ཉེར་ལྔའི་ཕྱིས་སུ་གྲོངས་ན། འདི་ཉིད་གཤེགས་ནས་ལོ་ལྔའི་རྗེས་སུ་ཀློང་ཆེན་པར་སྐྱེ་བ་བཞེས་པར་གསུངས་ཤིང་། རྒྱལ་དབང་ཀློང་ཆེན་པ་ནི་ས་ཕོ་སྤྲེལ་ ༡༣༠༨ ལ་འཁྲུངས་པས་དེའི་བར་དུ་ལོ་ཧ་ཅང་མང་པོའི་བར་དུ་ཆོད་པས་འཐད་དཀའ། གུ་རུའི་ལུང་བསྟན་ལྟར་ན་གཏེར་སྟོན་འདི་ཉིད་བར་ཆད་མ་བྱུང་ན་དགུང་ལོ་ལྔ་བཅུ་ང་དགུ་བཞུགས་པར་གསུངས་པས། དེ་ལྟར་བཞུགས་པའི་དབང་དུ་བཏང་ནའང་ ༡༢༩༠ བར་དུ་བཞུགས་དགོས། དེ་ནས་ཀློང་ཆེན་པ་མ་འཁྲུངས་བར་དུ་ལོ་ ༡༨ ཀྱི་བར་དུ་ཆོད་འདུག་པས་འཐད་དཀའ། ཡང་ན་ཀློང་ཆེན་པའི་འཁྲུངས་ལོ་ལ་འཁྲུལ་པ་སོང་བ་ཡིན། གང་ལྟར་བརྟགས་ཀྱང་གཤེགས་ལོ་ལ་ཚད་བཟུང་མ་ནུས་པས་ཤེས་ལྡན་རྣམས་ཀྱིས་དཔྱད་པར་ཞུ།
  8. བུ་འདི་པདྨ་ལས་འབྲེལ་རྩལ་གྱི་སྐུ་སྐྱེ་དེ་མ་ཐག་པ་ཀུན་མཁྱེན་ཀློང་ཆེན་པ་ལུང་བསྟན་པ་ཡིན། རྒྱལ་དབང་ཀློང་ཆེན་པ། (༡༣༠༨- ༡༣༦༣)
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།