ལོ་རིམ་དགུ་པའི་སློབ་གཉེར་བ། ངག་དབང་བློ་གྲོས།
སྟོང་དང་རྟེན་འབྱུང་བདག་མེད་ཕྱགས་མ་ཡིས། །ང་དང་ངར་འཛིན་དུག་གསུམ་ཉོན་མོངས་རྡུལ།།
མ་ལུས་ཡུད་ཀྱིས་དག་པར་འཕྱག་མཛད་པའི། །འཕགས་ཡུལ་དགྲ་བཅོམ་ལམ་ཆུང་པ་ལ་བསྟོད།།
ཀུན་ཀྱི་གཞི་རྟེན་ཚུལ་ཁྲིམས་གཙང་མ་རུ། །འཇིག་རྟེན་ཆོས་བརྒྱད་དྲི་མས་མ་གོས་ཤིང་།།
དད་དང་སྦྱིན་སོགས་འཕྲོད་བསྟེན་ལེགས་བསྟེན་པ། །གངས་ལྗོངས་རྗེ་བཙུན་མི་ལ་རས་པ་དྲན།།
འཕགས་ཡུལ་དབྱངས་ཅན་ལྷ་མོ་དང་། །གངས་ལྗོངས་ཡེ་ཤེས་མཚོ་རྒྱལ་གཉིས།།
རང་སེམས་གཙང་སྦྲ་འཕྲོད་བསྟེན་གྱིས། །མཛེས་ཤིང་བདེ་ཐང་མ་ལགས་སམ།།
ཐོག་མའི་མཚམས་སྦྱོར།
དེ་ཡང་ཉེར་གཅིག་འཕྲུལ་ཆས་ཀྱི་དུས་རབས་འདིར་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཀུན། ཕྱིའི་དཔལ་འབྱོར་འཕེལ་རྒྱས་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ལ་བརྟེན་ནས་ཕྱི་ལུས་ཀྱི་གཙང་སྦྲ་དང་འཕྲོད་བསྟེན་སྐོར་ལ་མགོ་སེར་མགོ་ནག་མི་རིགས་ཀུན་ཀྱིས་སྔར་ལས་དོ་དབྱིངས་ལྷག་པར་ཆེ་བས་ཕྱིའི་གཙང་སྦྲ་འཕྲོད་བསྟེན་ཐད་ཕུན་སུམ་ཚོགས་ཤིང་ཇེ་བཟང་དང་ཇེ་དར་དུ་ཕྱིན་མོད། འོན་ཀྱང་ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་ནི་དེའི་ལྡོག་ཕྱོགས་སུ་སྣང་། ཇི་ལྟར་ཞེ་ན། སྐྱ་བོ་རྣམས་ལྟ་ཅི་སེར་མོས་ཀྱང་ཚན་རྩལ་འཕྲུལ་ཆས་ཀྱི་སྟོབས་ཤུགས་ཇེ་འཕེལ་དང་ཇེ་མྱུར་དུ་ཕྱིན་པའི་ཉེར་ལེན་ལས་ཉིན་རེ་ནས་ཉིན་རེར་ཅ་དངོས་གསར་པ་སྣ་ཚོགས་དབང་པོ་སྒོ་ལྔའི་སྤྱོད་ཡུལ་དུ་གྱུར་ཞིང་། དེ་ཡིས་ཟག་བཅས་ཀྱི་བདེ་བ་ཅུང་ཟད་རེ་སྟེར་བས་ན་དེར་ཞེན་ཅིང་ཆགས་ནས་སྔར་ལས་འདོད་རྔམ་དང་ཆགས་སྡང་ཇེ་ཆེར་དང་ཇེ་འཕེལ་དུ་གྱུར་ནས་འདོད་པའི་ཡོན་ཏན་ཁོ་ན་ལ་མགོ་བོ་འཁོར་ཞིང་། དེའི་རྗེས་སུ་ཉིན་མཚན་མེད་པར་འདུར་རྒྱུགས་འཐེན་ཞིང་ཐ་ན་རང་ཉིད་སུ་ཡིན་པ་ཡང་དྲན་པ་བརྗེད་ནས། རྒྱུ་དངོས་ཀྱི་འགྲོ་གྲོན་ཕོན་ཆེན་ཕངས་མེད་དུ་བཏང་སྟེ་ཕྱིའི་གཙང་སྦྲ་འཕྲོད་བསྟེན་ཁོ་ནར་དོ་དབྱིངས་ཞུགས་ནས་མཛེས་བཟོ་ཁང་དང་འཕུར་མཉེད་ཁང་སོགས་འདྲ་མིན་ནང་དུ་འཛུལ་ནས་ཕྱི་ལུས་གསར་པ་ཞིག་ལ་འབད་བརྩོན་ལྷོད་མེད་དུ་བྱེད་པ་ནི་སེར་མོ་བ་ཞིག་ལ་མཚོན་ན་ངན་ལྟས་ཤིག་མ་ཡིན་ནམ། སེར་མོ་བས་ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་འབད་བརྩོན་མི་བྱེད་པར་ཕྱིའི་ལུས་མི་གཙང་བའི་རང་བཞིན་དུ་མ་རྟོགས་པར་དེར་ཞེན་ཅིང་ཆགས་ནས་དེའི་ཆེད་དུ། དཔལ་འབྱོར་འགྲོ་གྲོན་དང་རིན་ཆེན་དུས་ཚོད་ཆུད་ཟོས་སུ་གཏོང་བ་ནི་ཕྱོགས་སུ་ལྷུང་བའི་ལྟ་བ་དང་མི་རིགས་པའི་གནས་སུ་འཁུམས། སྤྱིེར་ཕྱིའི་གཙང་སྦྲ་འཕྲོད་བསྟེན་ནི་སྐྱ་སེར་གཉིས་ཀས་བསྟེན་པར་འོས་ཤིང་བཟང་སྤྱོད་ཅིག་ཏུ་ངས་ཀྱང་ངོས་འཛིན་བྱེད་མོད། ཡིན་རུང་ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་རྒྱབ་ཏུ་གཡུགས་ཏེ་ཕྱིའི་ལུས་གཙང་སྦྲ་འཕྲོད་བསྟེན་ཁོ་ནར་དོན་དུ་གཉེར་བ་ནི་ཕྱོགས་སུ་ལྷུང་བའི་བྱ་སྤྱོད་ཅིག་ཡིན་པར་ཟུར་བལྟས་ལེབ་མཐོང་མ་རེད་དམ། ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་ནི་ཕྱིའི་ལུས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལྟར་རྒྱུ་ནོར་གྱི་འགྲོ་གྲོན་གཏོང་མི་དགོས་པ་མ་ཟད། དབུལ་ཕྱུག་གཉིས་ཀས་བསྒྲུབ་ཐུབ་ཅིང་ཚེ་འདིར་ཕན་པ་ཙམ་མ་ཡིན་པར་འདི་ཕྱི་གཉིས་ཀའི་ཕན་པ་དང་བདེ་བའི་འབྱུང་གནས་ཀྱི་སྒོ་གཅིག་པུ་དེ་ཡིན་པར་སུས་བསྙོན་ནུས། དེའི་ཕྱིར་རང་ཉིད་སུ་ཡིན་མ་བརྗེད་པར་བསྒྲུབ་བྱ་གང་ཡིན་ཤེས་པའི་ཐོག་ནས་དེར་དོ་སྣང་དང་སྤྲོ་དབྱིངས་ངང་ནས་གང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་བྱ་དགོས་སོ།།
བར་གྱི་དོན་དངོས།
འདིར་འགྲོ་བ་ལྷ་དང་བཅས་པའི་སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ་བདག་ཅག་གི་སྟོན་པའི་རྗེས་འཇུག་གམ་སེམས་གཙོ་སྨྲ་བ་ཞིག་ཡིན་ཕྱིན་ཆད་ཕྱི་ལུས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལས་ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་དང་སྤྲོ་དབྱིངས་ཞུགས་ནས་ཉམས་ལེན་ལ་གཞོལ་དགོས་པ་ནི་ཅི་ནས་ཀྱང་མེད་དུ་མི་རུང་བ་ཞིག་སྟེ། ང་ཚོའི་དམིགས་ཡུལ་དང་རེ་བ་ཡིད་ཆེས་བཅས་དེར་བཅོལ་ཡོད་པའི་ཕྱིར་དང་། མ་ཟད་མདུན་ལམ་དང་འཚོ་བ། ད་དུང་སྒོམ་ཉམས་ལེན་ནམ་བསྟན་པ་གཟུང་རྒྱུ་ཟེར་ནའང་འདྲ་བསྒྲུབ་བྱའི་ཆོས་ཀྱང་དེ་ལས་ཟུར་དུ་མེད་པའི་ཕྱིར་རོ། །དེས་ན་ང་ཚོོས་ངེས་པར་དུ་ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་གང་ཡིན་པ་ངོ་འཕྲོད་ཅིང་དུས་དང་རྣམ་པ་ཀུན་ཏུ་ཉམས་སུ་བླང་རྒྱུ་ནི་ཅི་ནས་ཀྱང་གལ་འགངས་ཆེ་བ་དང་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཞིག་ཏུ་མཐོང་། དེའི་ཕྱིར་རང་ཉིད་ལ་ཉམས་ལེན་ཡོད་མེད་ལ་མ་ལྟོས་པར་དེའི་སྐོར་ལ་དང་བླངས་ཀྱིས་སྐད་ཆ་ཅུང་ཟད་ཞུ་འདོད་བྱུང་།
གོ་བདེ་བའི་དབང་དུ་བྱས་ཏེ་ཚིགས་བཅད་ཀྱི་སྟེང་ནས་ཅུང་ཟད་ཅིག་མོལ་ན།
མ་རབས་སྤྱོད་ངན་མི་དགེའི་རྡུལ། །དྲན་དང་ཤེས་བཞིན་ཕྱགས་མ་ཡིས།།
དུས་དང་དུས་སུ་འཕྱག་བྱེད་པ། །རང་སེམས་གཙང་སྦྲ་ཡིན་པར་འདོད།།
ཡ་རབས་བཟང་སྤྱོད་དགེ་བའི་ལས། །དད་དང་བརྩོན་འགྲུས་ཤུགས་བསྐྱེད་དེ།།
ནད་ལ་སྨན་བཞིན་ལེགས་བསྟེན་པ། །སེམས་ཀྱི་འཕྲོད་བསྟེན་ཡིན་པར་ངེས།།
རང་སེམས་གཙང་སྦྲ་ལོགས་ཤིག་ཏུ། །སྡིག་སྤོང་ཞེས་བྱ་གཞན་མེད་དེ།།
ལུས་ངག་ཡིད་ཀྱི་མི་དགེའི་རྡུལ། །དག་པར་ཕྱགས་ན་གཙང་སྦྲ་ཡིན།།
ནང་གི་འཕྲོད་བསྟེན་ལོགས་ཤིག་ཏུ། །དགེ་སྒྲུབ་ཅེས་པའང་གཞན་མེད་དེ།།
དད་སོགས་བགྱིས་པའི་འབྲས་བུ་དེ། །སེམས་ལ་ཕན་ན་འཕྲོད་བསྟེན་ཡིན།།
ཕྱི་ཡི་གཙང་སྦྲའི་རྣམ་འགྱུར་ལ། །འཕྲལ་དུ་ཡིད་དབང་ཤོར་མོད་ཀྱི།།
ཕུགས་ཀྱི་བདེ་བ་མི་སྟེར་བས། །དེས་ན་ནང་གི་གཙང་སྦྲར་གཟོབས།།
འགྲོ་གྲོན་བཏང་སྟེ་ཉོས་པ་ཡི། །སྨན་དང་ཁ་ཟས་ལུས་རྩལ་དེ།།
གཏན་གྱི་བདེ་ཐང་མིན་པས་ན། །དད་དང་སྦྱིན་སོགས་འཕྲོད་བསྟེན་གཅེས།།
མི་དགེ་བཅུ་སྤོང་གཙང་སྦྲ་དང་། །དགེ་བཅུ་ཁྱད་ཅན་འཕྲོད་བསྟེན་ཡིན།།
ཐོས་བསམ་སྒོམ་དང་ཉམས་ལེན་ཡང་། །དེ་ལས་ལོགས་ཤིག་བཙལ་ན་ནོར།།
ནང་སེམས་གཙང་སྦྲ་འཕྲོད་བསྟེན་གྱིས། །དབུལ་ཞིང་ཕོངས་པའི་གང་ཟག་དེ།།
དོན་དུ་མི་སྡུག་གཟུགས་ངན་དང་། །བདེ་ཐང་མེད་པའི་གཅོང་ནད་ཅན།།
ནང་སེམས་གཙང་སྦྲ་འཕྲོད་བསྟེན་ལ། །རྟག་ཏུ་ཉམས་ལེན་བརྩོན་པའི་མི།།
ཡིད་ཅན་ཀུན་ཀྱི་མིག་ནང་དུ། །མཛེས་དང་མཛངས་པ་བདེ་ཐང་ཅན།།
ཕྱི་ཡི་གཙང་སྦྲ་འཕྲོད་བསྟེན་གྱིས། །གནས་སྐབས་བདེ་བ་སྟེར་མོད་ཀྱི།།
ནང་གི་གཙང་སྦྲ་འཕྲོད་བསྟེན་གྱིས། །གཏན་དུ་བདེ་སྐྱིད་ཞིང་དུ་འདྲེན།།
ཕྱི་ཡི་གཙང་སྦྲ་དབུལ་པ་ཡིས། །ཚེ་འདིའི་བདེ་ཐང་འཇིག་གྱུར་མོད།།
ནང་གི་འཕྲོད་བསྟེན་ཕོངས་གྱུར་ན། །འདི་ཕྱི་གཉིས་ཀའི་བདེ་སྐྱིད་བརླག།།
དགག་པའི་བསླབ་བྱ་གང་ཡིན་པ། །དེ་དག་སྡིག་སྒྲིབ་ངོས་བཟུང་ན།།
ལྟ་སྒོམ་སྤྱོད་པའི་ཕྱགས་མ་ཡིས། །གད་བདར་བྱེད་པ་གཙང་སྦྲ་མཆོག།།
བསྒྲུབ་པའི་བསླབ་བྱ་གང་ཡིན་པ། །དེ་དག་ཕན་ཡོན་ཤེས་བྱས་ནས།།
ལུས་ངག་ཡིད་ཀྱིས་ལེགས་བསྟེན་པ། །དེ་ནི་འཕྲོད་བསྟེན་མཆོག་མིན་ནམ།།
རང་སེམས་གཙང་སྦྲའི་ཕ་རོལ་ན། །གཙང་སྦྲ་ཞེས་པ་ལོགས་སུ་མེད།།
རང་ངོ་འཕྲོད་པའི་ཚུ་རོལ་ན། །འཕྲོད་བསྟེན་ཞེས་པའང་གུད་དུ་མེད།།
འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་སྤོང་པ་ནི་གཙང་སྦྲ་དང་།།
མ་ཆགས་མ་སྡང་གཏི་མུག་མེད། །དེ་བསྟེན་པ་ནི་འཕྲོད་བསྟེན་ནོ།།
སྤྱིར་ཕྱི་ལུས་ཀྱི་གཙང་སྦྲ་འཕྲོད་བསྟེན་ཡང་གལ་ཆེན་དང་ཉེ་བར་མཁོ་བ་ཞིག་སྟེ་སུས་མཐོང་ན་ཡིད་དབང་འཕྲོག་པའི་རྣམ་པ་དང་མི་མཐུན་པ་མེད་ཅིང་ཆོས་དང་འཇིག་རྟེན་གང་ཞིག་སྒྲུབ་རུང་ལུས་པོ་བདེ་ཐང་ཡོད་དགོས་པ་ནི་རྩ་བའི་ཆ་རྐྱེན་ཡིན་པར་སུས་བསྙོན་ནུས། འོན་ཀྱང་ང་ཚོས་འཇོན་རུང་མ་འཇོན་རུང་ཆོས་པའི་མིང་ཞིག་འཁུར་ཡོད་སྟབས་ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་རྒྱུ་ནོར་གྱི་འགྲོ་གྲོན་མེད་ལ་འཕྲལ་དུ་ཕན་པ་དང་ཕུགས་སུ་བདེ་བ་སྐྲུན་པར་བྱེད་ཀྱང་ང་ཚོས་དོ་དབྱིངས་མ་བྱས་པར་སྣང་མེད་དུ་འཇོག་པ་ནི་ཤིན་ཏུ་མི་འོས་པའི་གནས་སུ་མཐོང་། ཕྱི་ལུས་ཀྱི་གཙང་སྦྲ་འཕྲོད་བསྟེན་ནི་གནས་སྐབས་ཕན་པ་ཙམ་ལས་མཐར་ཐུག་གི་བདེ་བ་སྟེར་མི་ནུས་ལ། མ་ཟད་རྒྱུ་དངོས་ཀྱི་འགྲོ་གྲོན་ཕོན་ཆེན་གཏང་དགོས་ཀྱང་དབུལ་ཕྱུག་མཁས་བླུན་ཚང་མས་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་སྣང་མེད་དུ་བཞག་ནས་ཕྱིའི་གཙང་སྦྲ་འཕྲོད་བསྟེན་ཁོ་ནར་འབད་བརྩོན་བྱེད་པ་ནི་རྩ་བ་དོར་ནས་ཡལ་ག་བཟུང་བ་མ་ཡིན་ནམ། ཕྱིའི་གཙང་སྦྲ་འཕྲོད་བསྟེན་ཞེ་དྲགས་མ་ནུས་ཀྱང་གྱོང་གུད་ཆེན་པོ་མི་འབྱུང་སྟེ་ལུས་རྟེན་ཙམ་འཇིག་ལ། དེ་ནི་ཇི་ལྟར་གཙང་སྦྲ་འཕྲོད་བསྟེན་ཆེ་ཡང་ལོ་བརྒྱ་ལས་འཚོ་མི་ཐུབ་པའི་སྒྱུ་ལུས་སྡུག་བདེན་གྱི་ཕུང་པོའི་རང་བཞིན་ཡིན་ལ། ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་མེད་པ་ནི་དེ་ལྟར་མིན་ཏེ་ཐོག་མ་མེད་པ་ནས་ད་བར་དུག་གསུམ་ནད་ཀྱིས་མནར་ཞིང་འཁོར་བར་བསྐལ་པ་ནས་བསྐལ་བའི་བར་དུ་འཁྱམས་ཤིང་དུག་ལྔའི་གཅོང་ནད་ཀྱིས་ཟིན་ནས་ཁམས་གསུམ་དུ་རང་དབང་མེད་པར་ཟོ་ཆུན་གྱི་འཁྱུད་མོ་བཞིན་འཁོར་བའི་ཕྱིར་ན། ང་ཚོས་དེར་བསམ་མནོ་ཞིབ་ཅིང་ཕྲ་བ་ཞིག་མི་གཏོང་ཐབས་མེད་མ་རེད་དམ། གལ་སྲིད་དེ་ལས་ལྡོག་སྟེ་ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་དང་སྤྲོ་བ་ཤུགས་ཀྱིས་འཕེལ་ཏེ་ཉམས་ལེན་གཤའ་མ་ཞིག་ནུས་ན་བདེ་ནས་བདེ་བར་བགྲོད་ཅིང་གནས་སྐབས་ཐར་པ་དང་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དང་། མཛེས་པའི་མཐར་ཐུག་དང་གཏན་གྱི་བདེ་ཐང་ལ་ལོངས་སྤྱོད་དུ་ཡོད་པ་ནི་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ལུང་རིགས་དུ་མས་བསྒྲུབས་པས་སོ།།
མཐའ་མའི་གསལ་བཤད།
དབང་རྣོན་རིགས་པའི་རྗེས་འབྲང་མ་ཡིན་སྟབས། །རང་སྟོབས་རིག་རྩལ་ངོམ་པའི་སྤོབས་པ་ཞན།།
དབང་རྟུལ་དད་པའི་རྗེས་འབྲང་ཡིན་པའི་ཕྱིར། །གང་གི་གསུང་ལ་ཡིད་ཆེས་ནང་ནས་སྐྱེས།།
དེའི་ཕྱིར་སྔར་མེད་ལེགས་བཤད་འདིར་མེད་ཀྱང། །སྟོན་པས་གསུངས་པའི་གདམས་ངག་བདུད་རྩིའི་ཆབ།།
ཕན་སེམས་སྐྱོགས་ཀྱིས་བཅུས་ཏེ་རང་དང་གཞན། །སྐོམ་པ་སེལ་ཕྱིར་ཕོར་བའི་ནང་དུ་བླུགས།།
དེ་ཡང་ཤེས་བྱ་ཀུན་ཀྱི་ནང་ནས་ལུས་སེམས་བདེ་ཐང་ནི་ཨང་དང་པོ་ཡིན་པས་ཨང་ཀི་གཅིག་གི་དཔེར་མཚོན་ཞིང་། གལ་སྲིད་དེ་མེད་པར་གྱུར་ན་ཤེས་བྱ་གཞན་རྣམས་ཀླད་ཀོར་ཡིན་པས་ཤེས་འཇོན་ག་ཚོད་ཡོད་ཀྱང་བདེ་ཐང་མེད་ན་ག་ཚོད་བསྡོམས་ཀྱང་ཀླད་ཀོར་རང་འཇགས་ཡིན་པས་བདེ་ཐང་གཙང་སྦྲ་འཕྲོད་བསྟེན་ནི་མེད་ན་ཐབས་ཆག་ཅིང་ཡོད་ན་དེ་ཡིས་ཆོག་པ་ལྟ་བུ་ཡིན་ལ། བདེ་ཐང་ཨང་ཀི་གཅིག་དེ་ཡོད་ན་དེའི་སྟེང་ཤེས་ཡོན་དང་འཇོན་ཐང་ག་རེ་བསྡོམས་ཀྱང་བསྡོམ་དུ་ཡོད་པས་ངེད་ཅག་ཀུན་ཀྱིས་དེར་ཡིད་གཟབ་དང་དོ་སྣང་བྱེད་པ་ནི་དངོས་པོའི་གཤིས་དང་ཡོངས་སུ་མཐུན་པའི་དོན་དངོས་ཤིག་ཡིན་ཙང་། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་བཀའ་དྲིན་ཅན་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་གཙོ་བོ་ལུས་སེམས་བདེ་ཐང་གི་རྒྱུ། ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་ཀྱི་ཉམས་ལེན་སྐོར་གསུངས་ཡོད་པ་ང་ཚོས་གོ་རྟོགས་ཡོད་དགོས་པ་ནི་ཤིན་ཏུ་གལ་ཆེ། དེ་མིན་ཕྱི་ངུར་སྨྲིག་གོས་ཀྱིས་སྟོན་པའི་རྗེས་འཇུག་ཏུ་མཚོན་ན་མ་གཏོགས། ནང་སེམས་ནི་སྟོན་པའི་རྗེས་འབྲང་དུ་ཚུད་དཀའ་བའི་གནས་སུ་གྱུར། སྙིགས་མ་ལྔ་བདོ་བའི་དུས་སམ་སྤྱི་ཚོགས་དྲྭ་ལམ་གྱི་དུས་རབས་འདིར་རང་ཕར་བརྒྱབ་རོགས་ཚུར་བརྒྱབ་རང་གཞན་ཀུན་ཀྱིས་ནང་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་མོ་གཤམ་བུ་མོའི་མག་པར་བཏང་སྟེ། དེ་ཡང་ལྷག་བསམ་དང་ཡིད་ཆེས་བསམ་ཤེས་ཀྱི་གཙང་སྦྲས་དབུལ་ཞིང་། བསླུ་བྲིད་དང་མགོ་སྐོར་ཕྱོགས་ལྷུང་གི་གདོན་གྱིས་ཟིན་ཏེ། འདོད་རྔམ་དང་འགྲན་སེམས་ཕྲག་དོག་གི་ནད་ཀྱིས་ཟིན་ཀྱང་། དྲན་དང་ཤེས་བཞིན་བག་ཡོད་ཀྱི་ལྷ་རྗེ་བསྟན་ནས། དད་དང་ཤེས་རབ་སྟོང་ཉིད་ལ་སོགས་རིན་ཆེན་བདུད་རྩི་ཆོས་སྨན་ཟ་མཁན་ནམ། རང་སེམས་གཙང་སྦྲ་འཕྲོད་བསྟེན་ཉམས་སུ་ལེན་མཁན་ནི། ཆོས་པའི་ནང་ནས་ཀྱང་ཤིན་ཏུ་དཀོན་པོར་སྣང་སྟེ། དགྲ་འདུལ་གཉེན་སྐྱོང་ཆགས་སྡང་རླུང་འཚུབ་ཀྱིས་ཕན་གནོད་རེ་དོགས་ཀྱི་གཡང་ལ་ལྷུང་བའི་ཕྱིར་དང་། རང་རྒྱལ་གཞན་ཕམ་གྱི་འོབ་ཏུ་ཚུད་ཅིང་སོ་སྐྱེས་བྱིས་པའི་ངང་ཚུལ་ལས་མ་འདས་པའི་ཕྱིར་རོ།།
སླར་སྨོན་པ།
སྒྲིབ་གཉིས་བག་ཆགས་ཉོན་མོངས་དྲི། །རིམ་གཉིས་ལམ་གྱི་འདག་རྫས་དང་།།
ཚོགས་གཉིས་ཆབ་ཀྱིས་ལེགས་བཀྲུས་ཏེ། །སྐུ་གཉིས་ངོ་བོར་དག་པར་ཤོག།།
ཁམས་གསུམ་འཁོར་བའི་ཉེས་དམིགས་དང་། །མཆོག་གསུམ་ཡོན་ཏན་དྲན་བཞིན་དུ།།
དུས་གསུམ་ཀུན་ཏུ་བདག་ཉིད་ཀྱི། །སྒོ་གསུམ་འཕྲོད་བསྟེན་ལེགས་པར་ཤོག།།
ཕྱི་ཡི་གཙང་སྦྲ་འཕྲོད་བསྟེན་དེ། །སྣང་མེད་ཤོར་བས་མི་འགྱོད་ཀྱང་།།
ནང་གི་གཙང་སྦྲ་འཕྲོད་བསྟེན་ལ། །ཉམས་ལེན་མེད་པས་ཤིན་ཏུ་འགྱོད།།
ད་དུང་མི་ཚེ་མཐའ་མཇུག་ལ། །ཕྱི་ཡི་གཙང་འཕྲོད་མ་ནུས་ཀྱང་།།
རང་སེམས་གཙང་སྦྲ་འཕྲོད་བསྟེན་ལ། །ནམ་ཡང་སྤྲོ་སྣང་ཡོད་པར་ཤོག།།
