ལོ་རིམ་བརྒྱད་པའི་སློབ་གཉེར་བ། འཇིགས་མེད་རྣམ་རྒྱལ།
དང་པོ།
དྲི་མེད་ཤེལ་དཀར་གྱི་མཆོད་རྟེན་གྲལ་བསྟར་ནས་བརྩིགས་པ་ལྟ་བུའི་གངས་རི་དང་། རྩེ་མོ་གནམ་ལ་ཟུག་པའི་བརྗིད་རྔམས་ཅན་གྱི་བྲག་རིའི་ཕྲེང་བས་ཕྱོགས་བཞིའི་མཐའ་ནས་བསྐྱོར་ཞིང་། སྟོད་ན་རིན་ཆེན་གཡུའི་མཎྜལ་ཕྱིས་འདྲའི་ལྗང་མདོག་ཡངས་པའི་རྩྭ་ཐང་ངོས་སུ་དྲི་བསུང་སྤོས་ངད་འཐུལ་བའི་དཀར་སེར་དམར་སྔོ་སོགས་ཁ་དོག་འདྲ་མིན་གྱི་མེ་ཏོག་སྣ་ཚོགས་བཞད་ཅིང་རྐང་དྲུག་བུང་བ་དག་གླུ་གར་དང་བཅས་ཏེ་དགའ་སྤྲོས་རྩི་བཅུད་ལ་རོལ། བར་ན་ཐང་ཤིང་དང་སྟག་པ། གླང་མ། སྐྱེར་བ། ལྕང་མ། ཤུག་པ། སྟར་སྡོང་དང་ཁམ་སྡོང་། ཀུ་ཤུའི་སྡོང་པོ་སོགས་བརྗོད་ཀྱིས་མི་ལང་བའི་རྐང་འཐུང་ཆ་མི་སྙོམས་པ་དག་གི་ཡལ་ག་ལོ་འདབ་གསེབ་ནས་སྙན་འཇེབས་དབྱངས་ཀྱི་གྲེ་འགྱུར་འཐེན་པའི་བྱ་བྱིའུ་རིགས་མི་འདྲ་བ་རྣམས་རང་རང་གི་ཁྱུ་དང་ལྷན་དུ་བརྩེ་དགས་འཕུར་ལྡིང་ལ་རྩེན། གཞན་ཡང་ཡུལ་ལུང་གི་མཐའ་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དང་ཆུ་ཕྲན་དག་མི་འདོད་པའི་རྣམ་འགྱུར་སྤུ་ཙམ་མེད་པར། སྐོམ་པས་གདུང་བའི་འགྲོ་བ་སེམས་ཅན་དང་རྩི་ཤིང་ནགས་ཚལ་མི་ཉུང་བ་ཞིག་གི་རེ་འདོད་འགེངས་ཀྱིན་ཤག་སྒྲ་དང་བཅས་ཏེ་རོང་ཁུལ་དང་། རྫ་རོང་དག་ལའང་ཐོགས་པ་མེད་པར་ཉིན་མཚན་བསྟུད་མར་མཐའི་རྒྱ་མཚོའི་ཕྱོགས་སུ་རྒྱུ་བར་བྱེད།
དེ་བཞིན་རྫས་རྡུལ་ངན་པས་མ་སྦགས་པའི་ལྷགས་རླུང་འཇམ་པོས་སྒོ་གསུམ་ངལ་བ་གསོ་ཞིང་། ནད་ཡམས་སྔོན་འགོག་ཐུབ་པའི་མ་རྨོས་བཅུད་ལྡན་གྱི་ཤིང་ཏོག་དང་། འབྲས་འབྲུ། རྩི་ཤིང་། སྨན་རྩྭ་སོགས་ཧ་ཅང་མོད་པའི་ས་མཆོག་སྟེ་མདོར་ན་རང་བྱུང་ཁམས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་དབེན་གནས་ཁྱད་པར་ཅན་དེར་གནའ་བོའི་མི་རབས་གོང་མས་བཞེངས་པར་གྲགས་པའི། ས་རྡོ་ཤིང་གསུམ་ལས་གྲུབ་ཅིང་བསོད་ནམས་དཔག་མེད་ཀྱི་ཞིང་མཆོག་དབྱིབས་གཟུགས་འདྲ་མིན་གྱི་མཆོད་རྟེན་དང་དེའི་གཡས་གཡོན་དུ་སྟོན་པ། གུ་རུ། སྒྲོལ་མ། སྤྱན་རས་གཟིགས་སོགས་སངས་རྒྱས་མང་པོའི་གཟུངས་སྔགས་ས་ཆུ་མེ་རླུང་གིས་འཇིག་པར་དཀའ་བའི་རྡོ་ལེབ་ལ་བརྐོས་ཏེ་གཙང་སར་སྤུངས་ཤིང་དར་མཚོན་སྣ་ལྔའི་དར་ཐག་དཔྱངས་ཡོད་པ་སོགས་འདྲེན་བྱེད་དབང་པོའི་ཡུལ་དུ་གྱུར་མ་ཐག སེམས་སུ་ངམ་ཤུགས་ཀྱིས་བདེ་སྐྱིད་བརྗོད་དུ་མེད་པ་སྟེར་བའི་ཡུལ་ལྗོངས་དེའི་མིང་ལ་འཇང་ཡུལ་ཟེར། གནས་དེར་ཧ་ཅང་མང་ཉུང་གི་ཚད་དང་ལྡན་པའི་ཁང་ཚན་ལྔ་བཅུ་མ་ཟིན་ཙམ་ཞིག་མཎྜལ་གྱི་ཚོམ་བུ་བཀོད་པ་ལྟར་བསྒྲིགས་ནས་ཡོད་ལ། གྲོང་གསེབ་དེའི་ཡུལ་མི་ཕལ་ཆེར་ལས་འབྲས་དང་མཆོག་གསུམ་ལ་སྙིང་ནས་ཡིད་ཆེས་ཆེ་ཞིང་དགེ་སྒྲུབ་སྡིག་སྤོང་གི་བྱ་བར་འབད་མཁན་ཤ་སྟག་ཡིན་པས་ཡུལ་ལུང་དེར་རི་དྭགས་གཅན་གཟན་དང་། སྒོ་ཕྱུགས་དུད་འགྲོ་དག་གི་སྲོག་གཅོད་མི་ཆོག་ལ་གསོད་མཁན་གྱི་གཤེན་པ་ཡང་མིག་གིས་རིག་རྒྱུ་མེད། དེས་ན་བདག་ཏུ་དབང་བའི་སྒོ་ཕྱུགས་སོགས་དང་བདག་མེད་རི་དྭགས་གཅན་གཟན་བྱ་བྱིའུ་ཡོད་ཚད་རང་དབང་གི་བློ་ཡིད་བག་ཕེབས་པོའི་ངང་དུ་འཚོ་གནས་བྱེད།
དེ་བཞིན་ཆགས་སྡང་ཆུང་ཞིང་མཛའ་མཐུན་དང་བློ་རྒྱ་ཡངས་པའི་ཡུལ་མི་ཕོ་མོ་རྣམས་རང་ཉིད་དབུལ་ཕྱུག་ལ་མི་ལྟོས་པར་དུས་རྒྱུན་ཕན་ཚུན་ལག་པོད་འཇལ་རེ་བྱེད་ཀྱིན་སོ་ནམ་པའི་འཚོ་བ་རོལ་མཁན་གཅིག་མཚུངས་ཡིན་མོད། འོན་ཀྱང་ལོ་རེའི་ས་ག་ཟླ་བའི་སྨད་ཙམ་ལ་འབྱོར་ལྡན་དག་རང་ཁྱིམ་ནས་ཕ་སྤད་ཕུ་ནུ་མིང་སྲིང་དང་བཅས་ཏེ་ཌོལ་པ་རྫོང་གི་རྒྱལ་ས་དུང་ཉལ་1དུ་ཕྱིན་ཅིང་། ཚོང་ཟོག་ཡོ་བྱད་འདྲ་མིན་བཏོན་ཏེ་རྟ་དྲེལ་ལ་བཀལ་ནས་ཡ་གི་དབྱར་རྩྭ་དགུན་འབུ་སྐྱེ་སའི་ས་ཆར་འོར་འདྲེན་བྱེད། གནས་དེར་ཚོན་མདོག་འདྲ་མིན་དང་ཆེ་ཆུང་གི་ཚད་གཞི་མི་མཐུན་པའི་རས་གུར་སྣ་ཚོགས་ཕུབ་ཅིང་ཚོང་ར་བཙུགས་ནས་དབྱར་རྩྭ་དགུན་འབུ་2རྐོ་མཁན་གྱི་འགྲུལ་པ་རྣམས་ལ་བོད་ཇ་དང་ཚིག་ཇ། ཆང་རག མགྱོགས་ཐུག་དང་མོག་མོག ཆུ་མངར་མོ་སོགས་བཟའ་བཏུང་ཅི་རིགས་འཚོང་བར་བྱེད།
དྲང་པོ་བཤད་ན་སྤྱིར་ས་མཚམས་ཀྱི་གྲོང་གསེབ་སོགས་དང་ཁྱད་པར་དུ་ཡུལ་ལུང་འདིའི་གྲོང་མི་རྣམས་ལ་ལོ་འཁོར་མོ་གཅིག་གི་ཡོང་འབབ་ཡག་ཤོས་ནི་དབྱར་རྩྭ་དགུན་འབུ་བཙོངས་པ་ལས་བྱུང་གི་རེད་ལ། དེ་ལས་བྱུང་བའི་སྒོར་མོས་ནང་གི་མཁོ་ཆས་རིགས་ཉོ་བར་ཕན་ཐོགས་ཆེན་པོ་ཡོང་། དེས་ན་ཧ་ཅང་ལོ་ན་ཆེ་བའི་རྒན་རྒོན་དང་ལོ་ཆུང་བྱིས་པ། གཞན་ཡང་དབང་པོ་སྐྱོན་ཅན་མ་གཏོགས་ཡུལ་མི་ཐམས་ཅད་ཁ་ཆར་རླུང་གསུམ་ལ་མ་འཛེམ་པར་དཀའ་བ་ཁྱད་དུ་བསད་ཅིང་། ངལ་བ་དང་དུ་བླངས་ཏེ་དབྱར་རྩྭ་དགུན་འབུ་རྙེད་མ་རྙེད་ལ་མ་ལྟོས་པར་ཞོགས་པ་སྔ་མོ་ལངས་ནས་དགོང་མོ་ས་མ་རུབ་ཀྱི་བར། ལྟ་བྱེད་དབང་པོ་མི་ཟུམ་པར་ཕྱོགས་བཞིར་ལྟ་བཞིན་བློ་རྩེ་གཅིག་གིས་པུས་མོ་གཉིས་དང་གྲུ་མོ་ཟུང་ས་ལ་བཙུགས་ནས་རྩྭ་ཐང་ལེབ་མོའི་སྟེང་དུ་དམག་སྦྱོང་བྱེད་པ་ལྟར་དབྱར་རྩྭ་དགུན་འབུ་འཚོལ་མྱུལ་བྱེད། དེའི་ཚེ་དེའི་དུས་སྐབས་རེ་ལུང་པ་ཕན་ཚུན་དང་མི་རིགས་ཕན་ཚུན་བར་རྙོག་གྲ་དང་འཁྲུག་འཛིང་རིགས་མི་ཉུང་བ་ཞིག་བྱུང་གི་རེད་ལ་མཚམས་རེར་དོན་མེད་ཉམ་ཆུང་དག་ལ་རྨས་སྐྱོན་ཡང་ཕོག་གི་རེད། ད་དུང་དེ་ལས་འདས་ན་ཚེ་སྲོག་ཀྱང་འཆོར་བའི་ཉེན་ཁ་ཆེན་པོ་ཡོད། གཞན་ཡང་དམའ་ས་ནས་ཐད་ཀར་སླེབས་པའི་རྐང་གཉིས་འགའ་ཞིག་ཡ་གི་རི་བོ་འཛེག་སྐབས། ལ་དུག་3ཕོག་སྟེ་འཆི་མཁན་ཡང་ཡོང་གི་རེད་ལ་ཁ་ཅིག་ནད་ཀྱིས་མནར་ནས་རང་གནས་སུ་ལོག་འགྲོ་དགོས་པའང་ཁེལ་གྱི་རེད།
མདོར་ན་ཟླ་བ་གཉིས་མ་ཟིན་རིང་ནང་གི་ཞིང་ལས་དང་ཁྱིམ་ལས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་འཁྱགས་ལྟོགས་སྐོམ་གསུམ་ལ་མ་འཛེམ་པར་དཀའ་ཚེགས་དྲག་པོས་བཟོད་བསྲན་བྱས་ནས། ཉིན་ལྟར་འབད་པས་བཏུས་པའི་དབྱར་རྩྭ་དགུན་འབུ་དེ་ལའང་ཁ་དོག་བཟང་ངན་དང་དབྱིབས་གཟུགས་ཆེ་ཆུང་འདྲ་མིན་འབྱུང་བ་བཞིན་དེ་ལ་དཔགས་པའི་རིན་གོང་ཡང་ཐ་དད་འབྱོར་གྱི་ཡོད། ཁོ་བོས་གོ་ཐོས་ལྟར་ན་དེང་སང་དབྱར་རྩྭ་དགུན་འབུ་སྤུས་ལེགས་རེ་ལ་བལ་སྒོར་གཅིག་སྟོང་ལྔ་བརྒྱ་ལས་མང་བ་ཐོབ་ཀྱི་ཡོད་ཚུལ་དང་དེའི་ལྡོག་ཕྱོགས་རེ་ལ་བལ་སྒོར་བཞི་བརྒྱ་ལྔ་བརྒྱ་ལས་མང་བ་རག་གི་མེད་སྐད། དེའི་ཚེ་འབུ་རྐོ་བཞིན་པའི་སྐབས་དང་ཁྱད་པར་དུ་བརྐོས་ཟིན་པའི་རྗེས་ཐོགས་སུ་ཚོང་པ་རྣམས་འཚང་ག་ཤིག་ཤིག་གིས་ཁུག་མར་བལ་སྒོར་སྟོང་ལོར་མང་པོ་ཁྱེར་ནས་གྲོང་གསེབ་ནང་དབྱར་རྩྭ་དགུན་འབུ་ཉོ་བར་ཡོང་གི་རེད་ལ་ཁ་ཅིག་རྐོ་སའི་གནས་དེ་ཉིད་དུ་ཉོ་ཚོང་རྒྱག་མཁན་ཡང་ཡོང་གི་འདུག ཡུལ་མི་ཉུང་ཤས་ཤིག་གིས་དབྱར་རྩྭ་དགུན་འབུ་བཏུས་ཟིན་མ་ཐག་རྒྱགས་ཆས་རྟ་དྲེལ་ལ་བཀལ་ཏེ་བྱང་ཐང་བརྒྱུད་ནས་བོད་དུ་ཅ་དངོས་རིགས་ཉོ་འཚོང་རྒྱག་ཆེད་སྐྱོད་ཀྱི་རེད། དེ་ལྟར་འབད་པ་དྲག་པོས་ཉིན་མཚན་བསྟུད་མར་རི་ལུང་གཙང་གསུམ་བརྒལ་ནས་བོད་དུ་འགྲོ་དགོས་དོན་ཡང་གནས་དེར་ཁམས་པའི་ཚོང་པ་དག་གིས་དབྱར་རྩྭ་དགུན་འབུར་རིན་གོང་མཐོ་བོ་སྟེར་གྱི་ཡོད་པ་དང་རྒྱ་ནག་གིས་བཟོས་པའི་ཅ་དངོས་མལ་སྟན་གྱི་རིགས་དང་། ཇ་མར་བཟའ་བཅའ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་རིན་གོང་ལྡབ་ལོག་གིས་ཁེ་པོར་འབྱོར་གྱི་ཡོད་པས་ས་མཚམས་ཀྱི་ཚོང་པ་རྣམས་དགའ་ཞིང་སྤྲོ་བའི་ངང་ཚོང་ཟོག་འདྲ་མིན་གདོན་སླད་མཐའ་སྲུང་དམག་མི་ལས་ཡིག་ཆ་བཟོས་ཏེ་འགྲོ་སྐྱོད་བྱེད། དེ་མིན་ཡུལ་མི་ཉམ་ཆུང་ཕལ་ཆེ་བས་དུས་རྒྱུན་གྲོང་གསེབ་ནང་གི་ཚོང་པ་རྣམས་ལ་གོང་ཚད་རན་པོར་འཚོང་བར་བྱེད།
གཉིས་པ།
འཇང་ཡུལ་དེར་ཅོ་ལྷག་རྡོར་ཟེར་བའི་ཕོ་ལོ་བཞི་བཅུ་ནོན་ལ་ཁད་ཀྱི་ཚོང་པ་དང་སོ་ནམ་པ་ཟུང་འཇུག་ཅན་གྱི་སྐྱེས་པ་ཁ་གསལ་ངོ་གསལ་ཅན་ཞིག་ཡོད། ཁོང་ནི་གཟུགས་ཚད་རིང་ལ་བྱད་དབྱིབས་ནར་མོ། དཔུང་པ་སྦོམ་ལ་ཤ་མདོག་ཅུང་ཟད་ནག་པོ། སྟོབས་ཤུགས་ཆེ་ཞིང་མི་གཤིས་བཟང་པོ། མངོན་ལྐོག་མེད་ཅིང་དྲང་བདེན་ལ་དགའ་བའི་སྐྱེས་པ་ཞིག་ཡིན་ལ་རྟག་ཏུ་གནག་སྣུམ་མགོ་སྐྱེས་དཔྲལ་བའི་སྟེང་ནས་ཚར་ཚར་དུ་འཇོག་གི་ཡོད་པས་བལྟས་པ་ཙམ་གྱིས་ཕོ་འཕྱོར་ཉམས་ཅན་ཞིག་རེད། དེ་ནི་དུས་རྒྱུན་ཡུལ་མི་གཞན་དང་མཚུངས་པར་སོ་ནམ་པ་འཇོན་ཐང་ཅན་ཞིག་རེད་ལ་ལྷག་པར་དུ་རང་རེའི་གྲོང་མིར་ཤ་ཞེན་ཆེ་བའི་སྐྱེས་པ་ཞིག་ཀྱང་ལོས་ཡིན། ཁོང་ཉིད་ལོ་ལྟར་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚོད་ཁེལ་བ་དང་ནང་མིའི་དོན་དུ་རེ་ཞིག་ཞིང་ལས་དང་ཁྱིམ་ལས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་ཚོང་པ་ཆེན་པོ་དག་དང་འབྲེལ་འདྲིས་བྱས་ཤིང་། བལ་སྒོར་མང་པོ་བསྐྱིས་ནས་རང་ཡུལ་དང་དེའི་ཉེ་འདབས་ཀྱི་གྲོང་གསེབ་དག་ལས་དབྱར་རྩྭ་དགུན་འབུ་བསྡུ་རུབ་བྱས་པའི་མཇུག་ཏུ། རྟ་དྲེལ་ལ་བཀལ་ཏེ་ལས་རོགས་དང་བཅས་པ་བྱང་ཐང་བརྒྱུད་ནས་བོད་ནང་ཚོང་ཟོག་འདྲ་མིན་གདོན་ཆེད་སྐྱོད་པར་བྱེད་ཅིང་། དེ་ལས་ཐོབ་པའི་སྒོར་མོས་སྦྱིན་བདག་གི་བུ་ལོན་གསབ་རྒྱུ་དང་དེའི་ཤུལ་དུ་ནང་གི་ཅ་ནོར་མཁོ་ཆས་རིགས་ཉོ་རྒྱུ། ད་དུང་ལྷག་འཕྲོ་རྣམས་ནང་མིའི་གཏན་རྩའམ་འགྲོ་གྲོན་ཆེད་འཇོག་པ་སོགས་མདོར་ན་ཁེ་བཟང་མི་ཉུང་བ་ཞིག་ལ་དམིགས་ནས་ཞུམ་མེད་སྙིང་རུས་དྲག་པོས་ལོ་ལྟར་ཚོང་པ་གཞན་དང་ལྷན་དུ་དཔུང་པ་མཉམ་གཤིབས་བྱས་ཏེ་འགྲོ་སྐྱོད་བྱེད།
འོ་རེད། འདི་ནས་བརྩིས་པའི་མི་ལོ་དྲུག་བདུན་སྔུན་གྱི་དབྱར་དུས་ཤིག་ན། སྔར་བཞིན་ཅོ་ལྷག་རྡོར་གྱིས་ཚོང་པ་ཆེན་པོ་དག་དང་འབྲེལ་བ་བྱས་ཏེ་བལ་སྒོར་འབུམ་ཕྲག་མང་པོ་བསྐྱིས་ཤིང་ཁེར་རྐྱང་གིས་དབྱར་རྩྭ་དགུན་འབུ་ཉོ་རྒྱུའི་གྲ་སྒྲིག་ནན་པོ་བྱས་འདུག རིམ་བཞིན་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚོད་ཡོལ་མ་ཐག་རང་ཡུལ་གྱི་གྲོང་མི་དག་ལས་ཉོས་པའི་དབྱར་རྩྭ་དགུན་འབུ་དེ་དག་བཟའ་ཟླ་ནོར་འཛོམས་ལག་ཏུ་གཏད་ཅིང་། སླར་ཡང་བློ་ཡིད་མ་ཚིམས་པར་བལ་སྒོར་འབུམ་ཕྲག་མང་པོ་ཁུག་མར་བླུགས་ནས་ཁེར་རྐྱང་གིས་ཉེ་འཁོར་གྲོང་གསེབ་དག་ཏུ་དབྱར་རྩྭ་དགུན་འབུ་ཉོ་ཆེད་རང་ཁྱིམ་ལས་ཐོན། དེ་ལྟར་སྒོར་མོ་མང་པོ་ཁྱེར་ཏེ་བུད་ནས་བཟུང་ནང་མིར་ཁ་པར་ལན་གཅིག་ཀྱང་འབྱོར་མི་འདུག་ལ་ཁོ་རང་ཡང་ལོག་ནས་སླེབས་མེད། རིམ་བཞིན་བདུན་ཕྲག་གཉིས་གསུམ་ཡོལ་རྗེས་ཚོང་རོགས་གཞན་ཐམས་ཅད་རང་གནས་སུ་ལོག་ཟིན་ནའང་ཅོ་ལྷག་རྡོར་གོ་རྒྱུ་ཐོས་རྒྱུ་མེད་པར་འཇམ་ཐིང་ངེར་གྱུར། དེའི་ཚེ་འཛམ་གླིང་ཇུས་གཏོགས་ཚོགས་པའི་ཚོགས་མིར་4བརྗོད་བྱ་གསར་པ་ཞིག་གླེང་རྒྱུ་རྙེད་པ་ལྟར་གློ་བུར་དུ་ཚོགས་མི་རྣམས་ས་གནས་ཤིག་ཏུ་འཛོམས་ཤིང་ཆང་རག་འཐུང་ཞོར་ལྷག་རྡོར་ཟེར་བའི་སྐྱེས་པ་དེས་སྒོར་མོ་མང་པོ་བསྐྱིས་ནས་ཡམ་བུར་བྲོས་བྱོལ་ཕྱིན་པ་རེད་ཟེར་བ་དང་། ཡང་ལ་ལས་ཞབས་འདྲེན་ཁོ་ཕམ་ཚོང་ཤོར་ནས་ཁ་སྐྱེངས་ཤིང་ངོ་གནོང་སྟེ་རང་ཡུལ་ལོག་མ་ཕོད་པ་རེད་ཟེར། ད་དུང་ཁ་ཅིག་གིས་ལམ་བར་ར་བཟི་ནས་སྒོར་མོ་དེ་དག་འཕྲོག་བཅོམ་ཤོར་ཡོད་ཚུལ་སོགས་གསལ་ཁ་མེད་པའི་རྟོག་བཟོ་འདྲ་མིན་ཡུལ་ལུང་དེར་ཁྱབ་བསྒྲགས་བྱེད་བཞིན་འདུག ད་གཟོད་ཡུལ་མི་གཉེན་ཉེ་དུ་རྣམས་རུ་ཁག་བསྒྲིགས་ཏེ་ཉེ་འཁོར་གྱི་གྲོང་གསེབ་དག་ཏུ་འཚོལ་བར་བསྐྱོད་རྒྱུའི་ཐག་གཅོད་བྱུང་བ་ལྟར། རུ་ཁག་སོ་སོས་གཡས་གཡོན་གྱི་གྲོང་མི་ཐུག་ཚད་ལ་སྐད་ཆ་དྲིས་པའི་ཚེ་འགའ་ཞིག་གིས་མ་མཐོང་ཟེར་ནས་ལན་འདེབས་པ་དང་། ལ་ལས་སྔོན་མ་ནས་ཐོན་ཚར་བའི་སྐད་ཆ་འདྲ་མིན་བཤད་པ་ཙམ་ལས་ཅོ་ལྷག་རྡོར་ད་དུང་རྙེད་མེད་ལ་གང་དུ་ཡོད་མེད་རྩར་གཅོད་ཀྱང་མ་བྱུང་། དེའི་ཚེ་ཁོང་གི་བཟའ་ཟླ་ནོར་འཛོམས་སེམས་ཁྲལ་གྱིས་མོ་པ་རྒད་པོའི་མདུན་དུ་ལན་མང་བཅར་ཡང་བློ་ལ་འཐད་པའི་མོ་བཟང་པོ་དེ་ཙམ་ཞིག་མ་ཐོན། དེས་ན་ཧ་ཅང་མནར་བཞིན་པའི་བཟའ་ཟླའི་སེམས་ཀྱི་རྨ་ཁར་སི་པན་བཏབ་པ་ལྟ་བུའི་སྡུག་བསྔལ་ཇེ་ཆེ་ཇེ་ཆེ་རུ་བདོ་བས་རིམ་བཞིན་བཟའ་བཏུང་གི་ཁམས་ཡོངས་སུ་འགགས་ནས་ལུས་ཟུངས་ཉམས་ཏེ་སྐམ་ཞིང་རིད་པར་འགྱུར་ལ་ཁད་རེད། ཡུལ་མི་ཀུན་ཀྱི་བསམ་པར་ཕལ་ཆེར་ཅོ་ལྷག་རྡོར་གསོན་པོ་མེད་པའི་དོགས་གནས་སུ་ལྷུང་མོད། གཉེན་ཉེ་སོགས་ད་དུང་ཡིད་ཐང་མ་ཆད་པར་ཤི་ནའང་རོ་ཞིག་རྙེད་ཨེ་ཡོང་བསམས་ནས་ས་གནས་འདྲ་མིན་དང་ཡུལ་ལུང་ཐ་དད་དུ་འཚོལ་ཉུལ་བྱ་རྒྱུ་མཚམས་འཇོག་བྱས་མེད།
རིམ་བཞིན་མཁའ་ལམ་གཡའ་དག་པའི་སྔ་དྲོ་ཞིག་ན། རང་ཡུལ་གྱི་ཕོ་གསར་འགའ་ཞིག་དུང་ཉལ་ཕྱིན་ནས་དེར་ཐུག་ཚད་ཀྱི་རྐང་གཉིས་དག་ལ་སྐད་ཆ་འདྲི་སྐབས། ཕལ་ཆེ་བས་མི་ཤེས་མ་མཐོང་ཟེར་བའི་ལན་བཏབ་ཀྱང་ཉུང་ཤས་ཤིག་གིས་བདུན་ཕྲག་འགའི་སྔོན་རོལ་དུ་དབྱར་རྩྭ་དགུན་འབུ་ཉོ་མཁན་ཚོང་པ་ཁེར་རྐྱང་ཞིག་ས་གནས་དེར་མཐོང་ཡོད་ཚུལ་བརྗོད་པ་ཙམ་ལས་གནས་ཚུལ་གསལ་ཁ་ནི་མི་ཤེས་ཟེར། མུ་མཐུད་དེ་གཡས་གཡོན་ཉེ་འཁོར་སོགས་སུ་ཞིབ་མོར་འཚོལ་སྐབས་མཐར་དུང་ཉལ་གོང་མ་ཟེར་བའི་ས་ཆར་ཡ་གི་སྟིབ་ལངས་5ཡུལ་དུ་འགྲོ་སའི་དབེན་པའི་རི་འདབས་སུ། ནགས་ཚལ་སྟུག་པོའི་ནང་ཨར་འདམ་ལས་གྲུབ་ཅིང་བེད་སྤྱོད་དེ་ཙམ་མེད་པའི་ཁྲོན་པ་ཆུང་ཆུང་ཞིག་གི་འཁྲིས་སུ་གོས་ཐུང་གི་ལྷན་དུམ་ཞིག་བསེར་བུས་གཡོ་བཞིན་པ་མཐོང་། ལམ་སང་དེར་ཕྱིན་ནས་ལྟ་སྐབས་མགོ་བོ་མེད་པའི་བམ་རོ་རུལ་ཞིང་མྱགས་པ་ཞིག་ཁྲོན་པའི་ཕྱི་རོལ་གྱི་སྔོ་ནགས་ནང་རྙེད་ཅིང་། ཕུང་པོའི་མགོ་བོ་ནི་བཏུང་བྱ་ཉུང་ངུར་འཁྱིལ་ཡོད་པའི་ཁྲོན་པ་དེའི་གཏིང་དུ་སྦས་ཡོད་པ་རྙེད། ལམ་སང་རྒྱལ་ས་ནས་ཉེན་རྟོག་པ་བོས་ཏེ་ཞིབ་དཔྱོད་ནན་པོ་བྱས་པའི་ཤུལ་དུ་ཕུང་པོ་དེ་ཅོ་ལྷག་རྡོར་ལགས་ཀྱི་ཡིན་པ་ཤེས་རྟོགས་བྱུང་མོད་སྔར་དེ་དང་ལྷན་དུ་ཡོད་པའི་སྒོར་མོའི་ཁུག་མ་ནི་མིག་གི་རིག་སར་མི་འདུག དེའི་རྗེས་སུ་གྲོང་པའི་དབུ་བླ་དང་བཅས་པ་གདན་དྲངས་ཏེ་རིམ་བཞིན་རུལ་ཞིང་མྱགས་པའི་ཕུང་པོ་དེ་ས་གནས་དེར་མེར་སྲེག་བཏང་ནས་དུར་བཅུག་བྱས།
ཀྱེ་མ། ཁུག་མར་ཡོད་པའི་སྒོར་མོ་འབུམ་ཕྲག་འགའ་ཞིག་འཕྲོག་པའི་སླད་དུ་ཇག་པས་འཇབ་རྒོལ་བྱས་ཏེ་རྣོ་ངར་ཅན་གྱི་རལ་གྲིས་སྐེ་བཅད་ཅིང་མགོ་བོ་ཁྲོན་པའི་ནང་སྦས་ནས་ལུས་པོ་ཕྱི་རོལ་དུ་བསྐྱུར་ཡོད་པ་ཤེས་རྟོགས་བྱུང་མོད། འོན་ཀྱང་ཡིད་སེམས་སྐྱོ་དགོས་པ་ཞིག་ལ་དུས་ད་ལྟའི་བར་གསོད་མཁན་སུ་ཡིན་མིན་གསལ་ཁ་བྱུང་མེད་ལ་ཁུག་མར་ཡོད་པའི་སྒོར་མོ་ཡང་རྙེད་མེད། དེ་ནས་བཟུང་སྟེ་དམིགས་བསལ་གནོད་པ་མི་སྐྱེལ་མོད་དུས་ངེས་མེད་དང་གནས་ངེས་མེད་དུ་འཁོར་བར་འཕྱན་པའི་བར་དོའི་རྣམ་ཤེས་དེ་ཉིད། རླུང་རྟ་གུད་པའི་ཡུལ་མི་མི་ཉུང་བ་ཞིག་གི་ལུས་པོར་འཛུལ་ནས་སྔར་ཅི་བྱུང་གི་གནས་ཚུལ་རྣམས་གསལ་པོར་བཤད་ཀྱི་ཡོད་ཀྱང་དེ་ཙམ་གྱི་དཔང་བརྟགས་ཚད་ལྡན་མི་ཆོག་པས་རེ་ཞིག་བཏང་སྙོམས་སུ་གཞག་རྒྱུ་ལས་བྱེད་ཐབས་བྲལ།
གསུམ་པ།
གནས་ཚུལ་ངན་པ་དེ་ཉིད་ཞི་འཇགས་སུ་ཕྱིན་ནས་ལོ་འཁོར་མོ་གཅིག་འདས་ཟིན་པའི་དབྱར་དུས་ཤིག་ན། སོ་ནམ་པ་དང་ཕྱུགས་རྫི། འགྲུལ་བ། ཐ་ན་བྱ་བྱིའུ་རི་དྭགས་གཅན་གཟན་ཡོད་ཚད་དྲོད་ཁོལ་ལྡན་པའི་རང་ཚང་དུ་ལོག་རན་པའི་ས་སྲོད་དུ། གཡས་གཡོན་དང་རྒྱབ་མདུན་གྱི་ས་གཞི་རི་ལུང་ཐམས་ཅད་ནག་ལོང་ལོང་གི་མུན་པས་གཡོགས་བཞིན་པའི་སྐབས་གློ་བུར་དུ་ནམ་མཁའི་རྔ་ཆེན་དང་འགྲོགས་ནས་ཆར་རླུང་འདྲེས་མ་ཞིག་འབབ་འགོ་ཚུགས། དེའི་ཚེ་དེའི་དུས་ཚེ་འདས་ལྷག་རྡོར་གྱི་ཁྱིམ་མཚེས་ཁང་གསར་ཚང་གི་བུ་མོ་ལྷ་མཛེས་ནི་མི་ལག་གི་ཁྱུ་དང་བཅས་པ་སྟག་སྲིབ་6ཟེར་བའི་ཞིང་ཁ་ཆེན་མོ་དེར་ཟླ་ཤས་སྔོན་ནས་བཏབ་པའི་བྲ་བོ་7ཁྲུ་གང་ལས་ཅུང་རིང་མོ་སྐྱེས་ཡོད་སར། ཡུར་མ་ཡུར་མཚམས་བཞག་སྟེ་སྟག་པའི་ནགས་ཚལ་སྟུག་པོའི་དབུས་ན་འཇིགས་སུ་རུང་བའི་མེས་པོའི་དུར་ཁྲོད་ཡོད་ས་བརྒྱུད་ནས་རང་ཁྱིམ་དུ་ཆས།
ཧ་ཅང་གསར་པ་མིན་པའི་གོན་པ་ལུས་ལ་གྱོན་ཞིང་རྣ་ཟུང་རྒྱན་གྱིས་སྟོང་། སྐེ་ལ་ཕ་མེས་ཀྱི་གཡུ་རྙིང་ཆེ་ཆུང་ཐེ་བོང་གི་ཚད་ཙམ་ཞིག་བཏགས་ཡོད་པའི་བརྒྱད་གཉིས་ལང་ཚོ་ཅན་གྱི་ན་ཆུང་བུ་མོ་ལྷ་མཛེས་ནི་ཆར་པས་ལུས་པོ་ཡོངས་སུ་སྦངས་ཏེ་ཤ་གོས་འདྲེས། རྐང་ལག་འདམ་གྱིས་གཡོགས། གནག་ཅིང་སྣུམ་པའི་སྐྲའི་ལན་བུ་ལྟག་པའི་སྟེང་ནས་ཐུར་དུ་འཕྱང་བ་དེ་དང་གྲང་ངར་གྱིས་དམར་པོར་བསྒྱུར་བའི་མཁུར་ཚོས་གཡས་གཡོན་གཉིས་ནས་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར། ཆར་ཐིགས་ཁྲོམ་ཁྲོམ་དུ་བཞུར་གྱིན་ལས་མི་དང་བཅས་པ་སྡུག་སྐད་ཙེར་ཙེར་ངང་རང་ཁྱིམ་དུ་འབྱོར་སྐབས། དེའི་ཚེ་ཨ་མ་སྒྲོལ་མ་ནི་སྟག་ཤིང་གི་མེ་ལྕེ་དམར་ལྷབ་ལྷབ་མཆེད་བཞིན་པའི་ལྕགས་ཀྱི་སྒྱེད་པུ་རྐང་གསུམ་སྟེང་། དུ་དྲེག་འགོས་པའི་སྣོད་ཆས་ཆེན་པོར་འབྲས་ཆན་བཀལ་ཏེ་སེང་ལྡེང་ལས་གྲུབ་པའི་མདོང་མོ་རྙིང་པ་ཞིག་གི་ནང་མར་ཇ་རླངས་པ་ཕྱུར་ཕྱུར་སྲུབ་ཀྱིན་ཆར་པས་བརླན་པའི་མི་ལག་རྣམས་ལ་བསྒུགས་ནས་འདུག དེའི་འཁྲིས་སུ་སྨ་རར་ཆང་གི་ཟེགས་མ་འགོས་པའི་ཕ་རྡོ་རྗེ་ནི་མེ་ཐབ་ཀྱི་མདུན་ན་ལི་ཕོར་ཞིག་གི་ནང་འབྲས་ཆང་ལྡེམ་མེ་བཀང་ནས་ལག་པས་རྩིད་སྐུད་ཡོག་བཞིན་གསལ་ཁ་མེད་པའི་ཉོག་གཏམ་འར་འུར་གླེང་གིན་གདའ།
མི་ལག་རྣམས་ཁྱིམ་དུ་སླེབས་མ་ཐག་ཆར་པས་བརླན་པའི་གོན་པ་བརྗེ་ལོང་མེད་པར་ཨ་མ་སྒྲོལ་མས་དཀར་ཡོལ་ནང་རྩམ་པ་དང་། ཕྱུར་ཞིབ་བླུགས་ཏེ་མར་ཇ་བཀང་བའི་ཁོག་ལྟིར་བུ་མོ་ལྷ་མཛེས་ཀྱི་ལག་ཏུ་གཏད་ནས་ལས་མི་རྣམས་ལ་ཇ་བླུག་པར་བསྐུལ། རིམ་བཞིན་བུ་མོ་ལྷ་མཛེས་ཀྱི་ཇ་འདྲེན་སྟངས་ནི་ནམ་རྒྱུན་དང་མི་མཚུངས་པར་རྒན་རབས་རྣམས་ལ་གུས་ཞབས་སྤུ་ཙམ་མེད་པའི་རྣམ་འགྱུར་གསལ་པོར་མངོན་ཡོང་བས། ར་བཟི་ལ་ཉེ་བའི་ཕ་རྡོ་རྗེའི་ཁྲོ་གཉེར་བཞིན་ལ་རྩུབ་མོའི་ངག་དང་བཅས་ཏེ་ཆང་ཕོར་ཡར་བཀྱགས་ནས་བུ་མོ་ལྷ་མཛེས་ཀྱི་ཕྱོགས་སུ་ཤུགས་ཀྱིས་འཕངས་བྱུང་། དེའི་ཚེ་དེར་འདུས་པའི་ལས་མི་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཕན་ཚུན་མིག་ཟུང་ཧྲིག་ཧྲིག་བྱེད་ཀྱིན་ཅང་མི་སྨྲ་བར་ཁ་ཁུ་སིམ་མེར་རང་གནས་སུ་སྡོད་རྒྱུ་ལས་བྱེད་ཐབས་བྲལ། དེ་མ་ཐག་ཨ་མ་སྒྲོལ་མ་ཡར་ལངས་ནས་ཆང་ཕོར་བསྡུས་ཤིང་བུ་མོ་ལྷ་མཛེས་ཀྱི་མགོ་བོར་ལག་པས་བྱིལ་བྱིལ་བྱེད་ཀྱིན་སྟེང་ཐོག་གི་ཁང་མིག་ནང་བཏང་རྗེས། གནས་ཚུལ་གང་ཡང་མ་བྱུང་བ་ལྟར་བྱེད་བཞིན་ལས་བཅོས་མའི་འཛུམ་མདངས་ཤིག་ཤིག་སྟོན་གྱིན་དེར་འཛོམས་པའི་ལས་མི་རྣམས་ལ་བཞེས་ལག་མཉེས་པོ་དྲངས། མི་རིང་བར་ཕ་རྡོ་རྗེ་ནི་ཆིག་ལབ་རྒྱག་གིན་འདུག་ས་དེར་གཉིད་ཀྱི་ཞིང་ཁམས་ལ་གཤེགས་ཟིན། དེའི་རྗེས་ཐོགས་སུ་ཨ་མ་སྒྲོལ་མས་སྡེར་མའི་ནང་འབྲས་ཆན་དང་ཚོད་མ་བླུགས་ཏེ་བུ་མོ་ལྷ་མཛེས་ལ་སྐྱེལ་ཆེད་སྟེང་ཐོག་གི་ཁང་མིག་ནང་ཕྱིན་མ་ཐག ངུ་སྐད་འདྲེས་མའི་སྐད་ཤུགས་ཆེན་པོས་“བླ་མ་མཁྱེན་ངའི་བུ་མོ། ཁྱོད་ལ་ཅི་བྱུང་སོང་ངམ། ལྷ་མཛེས། ཨེ་ལྷ་མཛེས་”ཟེར་ནས་ངུ་འབོད་འབྱིན་བཞིན་པ་མི་ལག་རྣམས་ཀྱི་རྣ་བས་ཐོས།
དེ་མ་ཐག་ལས་མི་རྣམས་སྟེང་ཐོག་གི་ཁང་མིག་ནང་ལྷ་མཛེས་མ་མད་ཡོད་སར་མགྱོགས་མྱུར་གྱིས་ཕྱིན་ནས་ལྟ་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ། བུ་མོ་ལྷ་མཛེས་ཀྱི་ལྟག་རྒྱབ་ཏུ་འཕྱང་བའི་གནག་སྣུམ་སྐྲ་ལོའི་ལྷས་མ་ཟིང་ཟིང་དུ་གློད་ཅིང་ཐལ་རྡུལ་འགོས་ཡོད་པ་དང་། སྐེ་ལ་བཏགས་པའི་གཡུ་རྙིང་གི་སྐུད་པ་གཅོད་ཕྱིར་ལག་གཉིས་ཀྱི་ཤུགས་ཀྱིས་འཐེན་གྱིན་སྐྱེས་པ་ཕོའི་ངག་དང་གཉིས་སུ་མེད་པའི་སྒྲ་རྩོལ་དྲག་པོས་ཆུ་ཆུ་ཟེར་གྱིན་འདུག དེའི་འཁྲིས་སུ་ས་རྗེན་པར་བསྡད་པའི་ཨ་མ་སྒྲོལ་མ་ནི་ལག་ཏུ་འབྲས་ཆན་གྱི་སྡེར་མ་ཐོགས་ཤིང་དྲན་མེད་དུ་ངུ་འབོད་རྒྱག་མུས་རེད། ད་དུང་ཡ་མཚན་པ་ཞིག་ལ། གནམ་གཤིས་གྲང་ངར་ཆེ་ཞིང་ཆར་བ་ཆད་མེད་འབབ་བཞིན་པའི་མཚན་མོར་བུ་མོ་ལྷ་མཛེས་ཀྱིས་མིག་ཟུང་ཧྲིག་གེ་གདངས་ནས་ལས་མི་ཞིག་ལ་ལྟ་བཞིན་དེའི་མིང་ནས་བོས་ཏེ་“ཝ་ཡེ་དཔལ་མོ་ཆུ་ཁྱེར་ཤོག ང་ཁ་སྐོམ་གྱི་འདུག མགྱོགས་པོ་ཆུ་ཁྱེར་ཤོག་”ཟེར། དེའི་ཚེ་ལས་མི་དག་གི་བསམ་པར་གྲོང་པའི་དབུ་བླ་གདན་དྲངས་ནས་བཀའ་བསྒོ་དང་བགེགས་བསྐྲད་བྱེད་པར་ཞུ་འདོད་ཀྱི་འདུན་པ་དྲག་པོ་ཡོད་ཀྱང་ཆར་རླུང་ཤུགས་ཆེན་གྱི་རྐྱེན་པས་གདན་འདྲེན་མ་ནུས། རྗེས་ཐོགས་སུ་ཨ་ཅེ་དཔལ་མོ་དངངས་སྐྲག་གིས་ལུས་པོ་འདར་སིག་སིག་ངང་འོག་ནས་ཆུ་འཁོལ་མ་ཕོར་བ་གང་བླངས་ཏེ་བྱིན་པས་འདི་མ་རེད་ཆུ་གྲང་མོ་ཁྱེར་ཤོག་ཟེར། དེ་མུར་གཞན་ཞིག་གིས་ཆུ་གྲང་མོ་འགྱིག་དམ་གང་བླངས་ནས་བུ་མོ་ལྷ་མཛེས་ཀྱི་མདུན་དུ་སླེབས་མ་ཐག་འགྱིག་དམ་ལག་ནས་ཕྲོགས་ཤིང་ཁ་སྦྱར་ཏེ་དབུགས་ཐེངས་གཅིག་གིས་སྟོང་སང་ངེར་བཏང་རྗེས། ད་དུང་ཁྱེར་ཤོག་ཟེར། དེར་ཡོད་པའི་ལས་མི་ཞིག་གིས་སྐད་གསང་དམའ་བོས་གཤིན་འདྲེ་འདི་ལ་ཆུ་སྟེར་མི་རུང་གལ་ཏེ་བྱིན་ན་སྐྱག་ལང་ཤོར་ནས་ཉིན་རྟག་པར་ཡོང་གི་རེད་ཟེར། ལ་ལས་གུ་གུལ་ནག་པོའི་དུ་བ་བདུགས་ནས་ཕྱིར་དབྱུང་དགོས་རེད་ཟེར། ཁ་ཅིག་གིས་དྲི་ངན་འཐུལ་བའི་གོས་ཧྲུལ་རྙིང་པ་འགའ་ཞིག་མགོ་བོར་བཀལ་ན་རྣམ་ཤེས་འཐོན་འགྲོ་ཡི་རེད་ཟེར། ཉུང་ཤས་ཤིག་གིས་རྙིང་རྗེ་ཆུ་འདོད་པ་ལ་ལོས་སྟེར་ཟེར་ནས་སྦྱིན་གྱིན་འདུག
མུ་མཐུད་དེ་ཆུ་གྲང་མོ་འགྱིག་དམ་འགའ་ཞིག་བཏུངས་པའི་ཤུལ་དུ་གཡས་གཡོན་དང་རྒྱབ་མདུན་ལ་ལྟ་བཞིན་འཇམ་ཐིང་ངེར་གྱུར། དེ་ལྟར་ཚད་ལས་འདས་པའི་ཆུ་གྲང་མོ་འཐུང་དོན་ནི་སྔར་དུང་ཉལ་གོང་མའི་གྱེན་འཛེགས་ནས་སྟིབ་ལངས་ཡུལ་དུ་སྐྱོད་སྐབས་ཁྲོན་པའི་ནང་གི་ཆུ་གྲང་མོ་འཐུང་ཙ་ན་གློ་བུར་དུ་རྒྱབ་ནས་ཇག་པས་འཇབ་རྒོལ་བྱས་ཏེ་བཏུང་རྒྱུ་མ་བྱུང་བའི་བག་ཆགས་སམ་ཉེར་ལེན་ཡིན་ལས་སྲིད། ཡུད་ཙམ་རྗེས་ཁང་མིག་གི་ཟུར་ཡ་གཅིག་ན་རལ་གྲི་རྣོ་མེད་གཡའ་ཕོག་པ་ཞིག་འདུག་པ་དེ་མཐོང་མ་ཐག་ལུས་པོ་འདར་གྱིན་སྐུ་མཁྱེན་སྤུ་གྲི་རྣོ་བོ་དེ་ཕྱི་རོལ་ཕྱུངས་དང་ངས་ལྟ་མི་བཟོད་ཟེར། ཕལ་ཆེར་སྔར་རང་ཉིད་རལ་གྲིས་སྐེ་བཅད་ནས་ལྔ་ལམ་དུ་སོང་བའི་བག་ཆགས་ཀྱི་སྟོབས་ཀྱིས་ད་ལྟ་མཐོང་མི་བཟོད་པ་ཡིན་ལས་ཆེ། དེའི་ཚེ་ཨ་མ་སྒྲོལ་མས་རྣོ་ངར་མེད་པའི་རལ་གྲི་ཕྱི་ལ་བསྐྱུར་ནས་“ཁྱོད་སུ་ཡིན། གནས་གང་ནས་སླེབས། མིང་ལ་ཅི་ཟེར། ལས་དོན་ཅི་ཞིག་གི་སླད་དུ་འདིར་སླེབས་པ་ཡིན་ནམ། ང་ཚོར་དཀའ་ལས་སྟེར་དོན་ཅི་ཡིན་ནམ་”ཟེར་ནས་སྐད་ངག་འཇམ་པོས་དྲི་བ་མི་ཉུང་བ་ཞིག་དྲིས་པའི་ཤུལ་དུ་དེས་ལན་འདི་ལྟར་བཏབ་བྱུང་། “ང་ཁྱེད་ཀྱི་ཁྱིམ་མཚེས་ལྷག་རྡོར་ཡིན། ཁ་སྐོམ་ནས་ལོ་གཅིག་ཡོལ་ནའང་ད་བར་ཆུའི་ཐིགས་པ་གཅིག་ཀྱང་བཏུང་རྒྱུ་མ་བྱུང་ཟེར་བ་དང་།” རིམ་བཞིན་གོ་མ་མྱོང་བའི་ས་གནས་ཤིག་གི་མིང་བཏོན་ནས་“དེང་སང་ང་སྡོད་ས་དེ་ན་ཡིན་”ཟེར། ད་དུང་སྔར་གྲོང་གསེབ་འདིར་དུས་མིན་ལྔ་ལམ་དུ་སོང་བའི་ཚེ་འདས་འགའ་ཞིག་གི་མིང་དངོས་སུ་བཏོན་ནས་“ང་དང་མཉམ་དུ་གྲོགས་པོ་ཁོང་ཚོ་ཡོད། ད་ལྟ་སྟག་སྲིབ་ནས་བུ་མོ་ལྷ་མཛེས་ལྷན་དུ་ཡོང་བ་ཡིན། མི་རིང་བར་རང་གནས་སུ་ལོག་འགྲོ་དགོས་ཡོད། དེ་མིན་སྦྱིན་བདག་དབང་ཡོད་ཆེན་པོས་ཆད་པ་གཅོད་ཀྱི་རེད་”ཅེས་ལན་བཏབ་མ་ཐག དེར་འཛོམས་པའི་ལས་མི་ཡོངས་ཀྱི་སེམས་སུ་སྙིང་རྗེ་དང་འཇིགས་སྐྲག་གི་ཚོར་བ་ཟུང་འཇུག་སྐྱེས་ཏེ་མིག་ནས་མཆི་མ་དབང་མེད་དུ་འཛར་གྱིན་ཅོ་ལྷག་རྡོར་ལགས་ཁྱེད་ཉིད་འདི་འདྲ་བྱུང་རྐྱེན་གང་ལ་ཐུག་པ་ཡིན་ནམ་ཞེས་པ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་དྲི་བ་མང་པོ་ཞིག་འདྲི་འགོ་བཙུགས།
ཧང་སང་དགོས་པ་ཞིག་ལ། དེར་འདུས་པའི་མི་ལག་རྣམས་ཀྱི་མིང་བརྗོད་ཀྱིན་ཁྱེད་རྣམ་པ་ངས་ངོ་ཤེས་ཀྱི་ཡོད་ཁྱོད་ཚོས་ང་ལ་སྣང་མེད་འཇོག་གི་འདུག་ཟེར་བ་དང་། གཞན་ཡང་ཡུལ་མི་འགའི་མིང་བཏོན་ནས་ཁོང་ཚོས་ང་ལ་སྒོར་མོ་འདི་ཙམ་བསྐྱིན་པ་སྟེར་དགོས་ཡོད་ཀྱང་ད་བར་སློག་མ་བྱུང་ཟེར་བ་སོགས་མདོར་ན་སྔར་དབྱར་རྩྭ་དགུན་འབུ་ཉོ་ཚོང་རྒྱག་སྐབས་ཡུལ་མི་གང་ལས་སྒོར་མོ་ཇི་ཙམ་གཡར་ཡོད་པ་དང་སུའི་ལག་ནས་བུ་ལོན་བླང་དགོས་ཚུལ་སོགས་སྦ་གསང་མེད་པར་རེ་རེ་ནས་རྩིས་ཁྲ་ཁམས་གཙང་བཤད་རྒྱུ་ཡོད་པ་ཀུན་ཀྱི་མཐོང་ཆོས་སུ་གྱུར། དེ་ལྟར་བཤད་པའི་རྗེས་སུ་རིམ་པར་སྟབས་མ་བདེ་བའི་རྣམ་འགྱུར་སྟོན་གྱིན་ཅོ་ལྷག་རྡོར་གྱིས་སྔར་རང་ཉིད་འཆི་རྐྱེན་འདི་ལྟར་བརྗོད་པ་རེད། དང་ཐོག་རང་ཉིད་དབྱར་རྩྭ་དགུན་འབུ་ཉོ་ཕྱིར་བལ་སྒོར་འབུམ་ཕྲག་འགའ་ཞིག་ཁུག་མར་བླུགས་ནས་ཌོལ་པ་རྫོང་གི་རྒྱལ་ས་དུང་ཉལ་གོང་མར་རང་རེའི་གནས་ཚང་རཱ་ཧུལ་ཟེར་བ་དེའི་ནང་དུ་ཞག་སྡོད་བྱེད་སྐབས། ཁང་ཁྱིམ་དེར་དང་པོ་ནས་ངོ་མི་ཤེས་པའི་ཕོ་གསར་གསུམ་འཛོམས་ཏེ་རྒུན་ཆང་འཐུང་གིན་འདུག དེ་མ་ཐག་ཕོ་གསར་གཅིག་གིས་ཁོ་བོར་འཚམས་འདྲི་བྱས་ནས་དེར་ཡོང་དོན་དྲིས་སོང་། ངས་རང་ཉིད་དབྱར་རྩྭ་དགུན་འབུ་ཉོ་མཁན་ཚོང་པ་ཡིན་པ་དང་སང་ཉིན་སྔ་དྲོ་ཡ་གི་སྟིབ་ལངས་ཟེར་བའི་ལུང་པ་དེར་འགྲོ་རྒྱུ་ཡིན་ཚུལ་སྨྲས་མ་ཐག མདུན་ནས་གཟུགས་སྟོབས་ཆེ་བའི་ཕོ་གསར་ཞིག་གིས་ང་ཚོའི་ལུང་པའང་དེའི་ཕྱོགས་ལ་རེད། མགྱོགས་ལམ་བརྒྱུད་ནས་ཐད་ཀ་གྱེན་འཛེགས་ཏེ་བུད་ན་ཆུ་ཚོད་འགའ་ཞིག་རིང་ཡུལ་ལུང་དེར་འབྱོར་གྱི་ཡོད་པ་དང་། ད་ལྟ་འབུ་ཉོ་མཁན་གྱི་ཚོང་པ་གཞན་དག་སླེབས་མེད་པས་སྒོར་མོ་མང་པོ་ཡོད་ན་དབྱར་རྩྭ་དགུན་འབུ་མི་ཉུང་བ་ཞིག་རྙེད་རྒྱུ་རེད་ཟེར། རིམ་བཞིན་མཚན་གང་ཆང་རག་འཐུང་གིན་ཕན་ཚུན་ཚོང་འབྲེལ་གྱི་སྐོར་ལ་སྐད་ཆ་འདྲ་མིན་གླེང་མོལ་བྱེད་སྐབས་ཅུང་ཙམ་བཟི་འདུག་པས་ཁུག་མར་ཡོད་པའི་བལ་སྒོར་དེ་དག་ཁོང་ཚོས་མཐོང་ཚོད་འདུག
སང་ཉིན་ཞོགས་པ་སྔ་མོར་ལངས་ཏེ་འགྲོ་སྐབས་ཕོ་གསར་གསུམ་པོ་ངའི་རྐང་རྗེས་དེད་ནས་ཡོང་གི་ཡོད་པའི་ཚོར་སྣང་བྱུང་མོད་དེ་དུས་དོ་སྣང་མ་བྱས། མཐར་སྤྱི་ལེ་གཉིས་ལྷག་རྐང་ཐང་ཕྱིན་པའི་ཤུལ་དུ་ཤིན་ཏུ་དབེན་པའི་བྲག་རིའི་འདབས་སུ་ཤིང་ནགས་སྟུག་པོ་ཡོད་སའི་དཀྱིལ་ན། ཨར་འདམ་ལས་གྲུབ་ཅིང་བེད་སྤྱོད་དེ་ཙམ་མེད་པའི་ཁྲོན་པ་ཆུང་ཆུང་ཞིག་འདུག་པ་དེར་ངལ་གསོས་ཤིང་ཁྲོན་པའི་ནང་གི་ཆུ་གྲང་མོ་འཐུང་སླད་མགོ་བོ་གུག་པ་དང་གློ་བུར་དུ་རྒྱབ་ནས་རེག་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་། དེ་མ་ཐག་མདང་ནུབ་ལྷན་དུ་བསྡད་པའི་ཕོ་གསར་གསུམ་པོ་མཉམ་རུབ་ཀྱིས་སྒོར་མོས་ཁེངས་པའི་ཁུག་མ་འཕྲོག་ཆེད་ལུང་ཐག་ནས་ཤུགས་ཀྱིས་འཐེན་གྱིན་འདུག རིམ་བཞིན་ཕོ་གསར་གཉིས་ཀྱིས་ཁོ་བོ་དམ་པོར་བཟུང་ཞིང་མགོ་བོ་ཁྲོན་པའི་ཁར་མནན་ཏེ་གཞན་པས་རྣོ་ངར་ཅན་གྱི་རལ་གྲིས་མཇིང་པ་དུམ་བུར་བཅད་པའི་རྗེས་སུ་ཚ་གི་ཚི་གིའི་ངང་མགོ་བོ་ཁྲོན་པའི་ནང་སྦས་ཤིང་། ལུས་པོ་སྔོ་ནགས་སུ་བསྐུངས་ཏེ་སྒོར་མོའི་ཁུག་མ་ཁྱེར་ནས་བྲོས་ཡོད་ཚུལ་སོགས་གསལ་པོར་སྨྲས་བྱུང་།
མཐར་རྣམ་ཤེས་ལུས་ལ་འཛུལ་བའི་བུ་མོ་ལྷ་མཛེས་ཀྱིས་ལག་ཟུང་སྙིང་ཁར་སྦྱར་ཞིང་མིག་ནས་མཆི་མ་དང་བཅས་ཏེ་རེ་བསྐུལ་འདི་ལྟར་ཞུས་སོང་། ཨ་ནེ་སྒྲོལ་མ་ལགས། བྱུང་ན་ཁྱེད་རྣམ་པས་རང་རེའི་ཡུལ་ལུང་འདིར་བླ་མ་ཚད་ལྡན་གང་མང་གདན་དྲངས་ནས་སྐུ་རིམ་སྤུས་དག་ཅིག་འཚོགས་གནང་སྟེ། ང་ཚོ་དུས་མིན་ཚེ་འཕོས་ཤིང་མགོན་སྐྱབས་དཔུང་གཉེན་མེད་པའི་བར་དོའི་སེམས་ཅན་ཉམ་ཐག་པ་རྣམས་སྡུག་བསྔལ་དྲག་པོ་དེ་ལས་འདྲེན་རོགས་གནང་ཟེར་ནས་ཞུ་བ་ནན་ཏན་འཐེན་གྱིན་འདུག ཡ་ང་བའི་གནས་ཚུལ་དེ་འདྲ་ཐོས་མ་ཐག་ཨ་མ་སྒྲོལ་མ་གཙོས་པའི་དེར་ཡོད་མི་ལག་རྣམས་ཀྱིས་རང་ཡུལ་དུ་མི་རིང་བར་རིམ་འགྲོ་བྱ་རྒྱུའི་ཁས་བླངས་ཤིང་དམ་བཅའ་བརྟན་པོ་བྱས་པའི་ཤུལ་དུ་སླར་ཡང་ཨ་མ་སྒྲོལ་མས་ཅོ་ལྷག་རྡོར་རང་ཉིད་ལྔ་ལམ་གཏོང་མཁན་ཕོ་གསར་གསུམ་པོའི་མིང་དང་ད་ལྟ་ས་གནས་གང་དུ་ཡོད་ཚུལ་སོགས་དྲིས་པས། དྲི་བ་དེའི་ལན་འདེབས་ལོང་མེད་པར་ཁ་ནས་མེ་འབར་ཞིང་སྣ་ནས་དུ་བ་འཕྱུར་བ། གཟུགས་སྟོབས་ཕལ་པ་ལས་དོ་ལོག་གི་རིང་པོ་དང་། ལུས་ལ་གོ་ཁྲབ་ནག་པོ་གྱོན་ཞིང་ལག་ཏུ་ལྕགས་ཀྱི་བེར་ཀ་འཛེར་པ་ཅན་ཐོགས་པ་ཞིག་ངའི་འཁྲིས་སུ་ཡོང་གི་འདུག ང་འགྲོ་དགོས་ཡོད། ད་ཕྱི་དྲགས་སོང་། དུས་ཐོག་ཏུ་མ་འབྱོར་ན་ཆད་པ་གཅོད་ཀྱི་རེད་ཟེར་ནས་ཅོ་ལྷག་རྡོར་གྱི་རྣམ་ཤེས་དེ་ཉིད་དུ་འཇམ་ཐིང་ངེར་བུ་མོ་ལྷ་མཛེས་ཀྱི་ལུས་ལས་ཕྱིར་ཐོན། དེ་ནས་བུ་མོ་ལྷ་མཛེས་ནི་ལྒང་ཕུག་ཕུ་ཤོར་བ་ལྟར་མལ་སར་ཧྲེང་ངེར་འགྱེལ་བྱུང་། དེ་ནས་བཟུང་སླར་ཡང་ཟླ་བ་འགའ་ཞིག་རྗེས་སུ་ཡུལ་མི་ཆེ་གེ་མོ་དག་གི་ལུས་པོར་འཛུལ་ནས་ང་ལྷག་རྡོར་ཡིན་ཟེར་གྱིན་ཆུ་སློང་ཡོང་གི་འདུག
བཞི་པ།
རིམ་བཞིན་དུས་ངེས་མེད་དང་གནས་ངེས་མེད་དུ་ཅོ་ལྷག་རྡོར་གཙོས་པའི་བར་དོའི་རྣམ་ཤེས་མང་པོ་ཞིག་རླུང་རྟ་རྒུད་པའི་ཡུལ་མི་ཕོ་མོ་དག་གི་ལུས་པོར་འཛུལ་ནས་ལབ་གླེང་འདྲ་མིན་བྱེད་མཁན་མང་དུ་མང་དུ་འཕེལ་དང་འཕེལ་བཞིན་པར་དམིགས་ཏེ། ཨ་མ་སྒྲོལ་མ་དང་ཅོ་ལྷག་རྡོར་གྱི་བཟའ་ཟླ་ནོར་འཛོམས་གཉིས་ཀྱིས་ཡུལ་མི་མང་པོ་ཞིག་ལས་ཞལ་འདེབས་ཕོན་ཆེན་བསྡུས་ནས། བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ན་ཡོད་པའི་སྔ་འགྱུར་བའི་དགོན་ཆེན་ག་གེ་མོ་ཞིག་ནས་བླ་མ་རྡོ་རྗེ་སློབ་དཔོན་ཚད་ལྡན་དང་དགེ་འདུན་པ་མང་པོ་གདན་དྲངས་ཏེ་ཡུལ་སྤྱིའི་འདུ་ཁང་ནང་། བླ་མ་རྡོ་རྗེ་སློབ་དཔོན་དབུ་བཞུགས་ཐོག་དགེ་འདུན་པ་རྣམས་ནས་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་མ་ཟབ་ཆོས་དཀོན་མཆོག་སྤྱི་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་བདུན་ཕྲག་གཅིག་གི་རིང་ཚོགས་འཁོར་རྒྱ་ཆེན་པོ་བསྐོར་གནང་བ་དང་། ཉིན་མཐའ་མར་ཞི་ཁྲོ་ངེས་དོན་སྙིང་པོ་དང་འབྲེལ་གནས་འདྲེན་བྱེད་སྐབས་ཡུལ་དེར་གནའ་སྔོན་མ་ནས་ཚེ་འཕོས་པའི་སྐྱེ་བོ་དྲན་ཚད་ཀྱི་མིང་རྣམས། བྱང་བུར་བྲིས་ཤིང་ངོ་སྤྲོད་དང་བཅས་ཏེ་གནས་སྤར་བྱས་ཤིང་བསྔོ་བ་དང་སྨོན་ལམ་རྒྱ་མི་ཆུང་བ་བྱས། དེ་དང་ལྷན་དུ་ཡུལ་མི་ཕོ་མོ་ཀུན་ཀྱིས་ལས་དོན་མཐའ་དག་མཚམས་འཇོག་བྱས་ཤིང་ཅོ་ལྷག་རྡོར་གཙོས་པའི་ཚེ་འདས་རྣམས་ཀྱི་དོན་དུ་གང་ཐུབ་ཅི་ཐུབ་ཀྱིས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་དང་། སངས་རྒྱས་འོད་དཔག་མེད་ཀྱི་གཟུངས་སྔགས། དཔལ་རྡོ་རྗེ་སེམས་དཔའི་གཟུངས་སྔགས་ཡི་གེ་བརྒྱ་པ་བཟློ་བ་དང་མཆོད་མེ་བརྒྱ་མཆོད་ཕུལ་བ་སོགས་མདོར་ན་སེར་སྐྱ་མི་དམངས་ཀུན་ཀྱིས་བསྔོ་སྨོན་ཟབ་རྒྱས་བྱས་ཡོད།
དུས་དེ་ནས་བཟུང་ད་ལྟ་བར་གྲོང་གསེབ་དེའི་ནང་སྔར་དང་མཚུངས་པའི་བར་དོའི་རྣམ་ཤེས་རིགས་འཛུལ་མཁན་མིག་གི་མཐོང་རྒྱུ་ལྟ་ཞོག་རྣ་བར་གོ་རྒྱུ་ཡང་མེད་པར་འཇམ་ཐིང་ངེར་གྱུར་ཅིང་། ཡུལ་མི་རྣམས་ཀྱི་བསམ་པར་ཉམ་ཐག་པའི་བར་དོའི་རྣམ་ཤེས་དེ་དག་རང་རང་གི་ལས་དང་མཐུན་པར། ལུས་བཟང་ངན་གང་རུང་ཞིག་བླངས་ཡོད་པའི་ཡིད་ཆེས་བྱེད་ཀྱིན་བློ་ཡིད་བག་ཕེབས་པོའི་ངང་དུས་རྒྱུན་ལྟར་ཞིང་ལས་དང་ཁྱིམ་ལས་ལ་བྲེལ། ད་དུང་བླ་མའི་བཀའ་བཞིན་ཟླ་རེའི་ཚེས་བཅུ་ཉེར་ལྔར་ཡུལ་མི་ཐམས་ཅད་དགོན་པར་འཛོམས་ནས་སྔགས་པ་དག་གིས་ཟབ་ཆོས་དཀོན་མཆོག་སྤྱི་འདུས་ཀྱི་ཆོ་ག་འདོན་པ་དང་། མི་སྐྱ་ཡི་གེ་ཤེས་མཁན་རྣམས་ཀྱིས་སྨོན་ལམ་རྣམ་གསུམ་གཙོས་པའི་བསྔོ་སྨོན་གྱི་རིགས་ཞལ་འདོན་བྱེད། དེ་བཞིན་ཡི་གེ་ཀློག་མི་ཤེས་པའི་རྒན་རྒོན་དག་གིས་མ་ཎི་དང་བཛྲ་གུ་རུ། ཡི་གེ་བརྒྱ་པ་སོགས་གཟུངས་སྔགས་རིགས་སྙེན་གྱིན་ཡུལ་མི་ཐམས་ཅད་རྣམ་དཀར་གྱི་ལས་ལ་འབད་བརྩོན་དྲག་པོ་བྱེད་བཞིན་ཡོད། ད་དུང་ཟླ་རེའི་ཚེས་བཅུ་ཉེར་ལྔར་ནད་པ་དང་ཧ་ཅང་གི་རྒན་རྒོན་རིགས་མ་གཏོགས་གཞན་ཡུལ་མི་སུ་གང་ལའང་དམིགས་བསལ་མེད་པར་དགོན་པར་འཛོམས་ནས་རང་གི་གང་ཤེས་ཅི་ཤེས་ཀྱི་ལས་ལ་འབད་འབུངས་དགོས་པ་དང་། གལ་ཏེ་མ་འཛོམས་ཚེ་བལ་སྒོར་ལྔ་བརྒྱ་རེ་ཉེས་ཆད་འགེལ་བའི་སྲོལ་བཟང་ཞིག་ཀྱང་ཡོད།
མདོར་ན་སྔར་གྱི་བླ་མ་དགེ་བའི་བཤེས་གཉེན་དག་གི་བཀའ་དྲིན་དང་ཡུལ་མི་རྣམས་ཀྱི་ལྷག་བསམ་རྒྱབ་སྐྱོར་ལ་བརྟེན་ནས་དེང་སང་འཇང་ཡུལ་དེར་ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པས་གྲོང་མི་ཐམས་ཅད་དགའ་དགའ་སྤྲོ་སྤྲོའི་ངང་རང་རང་གི་མི་ཚེ་སྐྱེལ་བཞིན་པའོ།།
- བལ་ཡུལ་ཌོལ་པ་རྫོང་གི་རྒྱལ་ས་ཆེ་གྲས་ཤིག་ཡིན།
- ལོ་རེ་བཞིན་འབུའི་སྒོ་ངའི་རྒྱུ་ལས་སྐྱེས་པའི་ཤ་མོའི་རིགས་ཤིག་སྟེ། རྩ་བ་ཕྲ་ལ་ཐུང་བ། ཕྱི་སེར་སྐྱ། ནང་དཀར་པོ། ཪིང་ཚད་སོར་ལྔ་ཙམ་ཡོད་པར་མགོ་དང་མིག་རྐང་ལག་སོགས་འབུ་གཟུགས་དོད་པ། ཧི་མ་ལ་ཡའི་ས་ཁུལ་མང་ཆེ་བར་རི་མཐོའི་སྤང་དང་རྩྭ་གསེབ་ཏུ་སྐྱེ་བ་ཡིན། ནུས་པ་སྣུམ་ལ་དྲོ་ཞིང་འཇམ་པས་ལུས་ཀྱི་སྟོབས་དང་ཁུ་བ་ཉམས་པ་གསོ་བ་དང་། མཁལ་མའི་དྲོད་དང་མཁལ་སྟོབས་སྐྱེ་བར་བྱེད་པ། རླུང་ཁ་འཇོམས་ཤིང་མཁྲིས་ནད་སེལ་བ་སོགས་ཕན་ནུས་ལྡན་པ་ཞིག་ཡིན།
- ས་བབ་མཐོ་སར་འགྲོ་སྐབས་མགོ་ཡུ་འཁོར་བ་དང་། ཐང་ཆད་པ། སྐྱུག་མེར་ལངས་པ། དབུགས་ཀྱི་རྒྱུ་བ་མཐོ་རུ་འཕར་བ་སོགས་ཀྱི་ནད་རིགས་ཤིག་གི་མིང་།
- རང་ཡུལ་གྱི་གྲོང་མི་ལས་མེད་འགའ་ཞིག་རྒྱུན་པར་ལྷན་དུ་འཛོམས་ནས་དོན་མེད་འཛམ་གླིང་ཡོངས་ལ་ཇུས་གཏོགས་བྱེད་ཀྱིན་ཕ་རོལ་པོའི་སྐྱོན་ཆ་རྐྱང་རྐྱང་འཚོལ་ཞིང་དེའི་སྐོར་སྐད་ཆ་འདྲ་མིན་བཟོས་ཏེ་འཆད་མཁན་དེ་ཚོར་བཏགས་པའི་བཏགས་མིང་ཞིག་ཡིན།
- གྲོང་ཁྱེར་ཞིག་གི་མིང་ཡིན།
- ཉི་འོད་མི་ཕོག་པའི་ཞིང་ཁའི་ཟུར་ནས་སྟག་སྡོང་མང་པོ་སྐྱེས་ཡོད་པས་ན་ཞིང་ཁ་དེར་སྟག་སྲིབ་ཟེར།
- མདོག་ཁམ་ནག་དབྱིབས་ཟུར་གསུམ། འདབ་མ་བྱང་ཆུབ་ལྗོན་ཤིང་གི་ལོ་མའི་དབྱིབས་དང་མཚུངས་པ། མེ་ཏོག་དཀར་པོ་སྟེ་ས་མཐོ་བོར་སྐྱེ་བའི་འབྲུ་རིགས་ཤིག་ཡིན།
