རྩོམ་སྒྲིག་པ།
སྐུ་ལ་མདངས་ལྡན་ཆ་ལུགས་མ་ངེས་ཤིང་།།
གསུང་ལ་མགྲིན་གླུ་ཚངས་དབྱངས་བརྒྱ་རྩ་བརྒྱད།།
ཐུགས་ལ་མཁའ་ལྟར་ཡངས་པའི་ཤེས་རབ་མངའ།།
འདབ་བརྒྱའི་ཁ་ནས་པི་ཝང་དཀྲོལ་མཁན་སུ།།
རྐང་འགྲོས་འཁྱོར་ཞིང་གྲོགས་སུ་འཁར་བ་བསྟེན།།
ལོངས་སྤྱོད་ཟས་གོས་ཐ་མལ་བཞིན་དུ་སྤྱོད།།
རང་གི་ཕ་ས་དགྲ་བོའི་ལག་ནས་བླངས།།
རིག་རྩལ་དཔའ་སྟོབས་ཅན་གྱི་དཔའ་བོ་སུ།།
ལང་འཚོ་མཛངས་མའི་དཔལ་ཡོན་རབ་རྫོགས་ཤིང་།།
འགྲོ་བྱེད་ས་ཡ་མང་པོའི་རྒྱལ་པོར་གྱུར།།
སྡང་ཞེན་མེད་ཀྱང་མུན་པའི་དགྲ་རུ་ལངས།།
ངང་པའི་བུ་མོ་ལས་ཀྱང་མཛེས་པ་ཅི།།
འཇལ་ཚད་མཐོ་གང་ཙམ་ལས་མེད་ན་ཡང་།།
འཛམ་གླིང་འཕོ་འགྱུར་གཏོང་བའི་ནུས་པ་ལྡན།།
མཆིལ་མ་ས་ལ་གཏོར་བཞིན་གནས་ཚུལ་གླེང་།།
མི་ཚེ་འོད་སྣང་འགེང་བའི་དངོས་པོ་ཅི།།
མགྱོགས་དང་མི་མགྱོགས་འདོ་བ་རྟ་ལས་མགྱོགས།།
ལེ་དབར་མང་པོ་ཧྲིབ་ཙམ་བགྲོད་རེ་ཆེ།།
འོན་ཀྱང་དུས་བཞིར་འགྱུར་ལྡོག་ཐེབས་ན་ཡང་།།
ཁོ་ཡི་གནས་ལ་འགྱུར་བ་མེད་པ་ཅི།།
ཀུན་ཀྱིས་རང་སྲོག་ལས་ཀྱང་གཅེས་སྐྱོང་ཞིང་།།
བཟུང་ན་མཛུབ་སེན་ཚད་ལས་མ་འདས་པ།།
བཏང་ན་ལུང་པའི་ཕུ་མདོ་ཡོངས་ལ་ཁྱབ།།
ཕྲ་ཆུང་མུ་ཏིག་རིན་ཐང་ལྡན་པ་ཅི།།
