རྩོམ་སྒྲིག་པ།
ཐོག་མའི་མཚམས་སྦྱོར།
དེ་ཡང་ཀརྨ་མི་འགྱུར་དབང་གི་རྒྱལ་པོས་བཀོད་པའི་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་རྣམ་ཐར་ལས། བདེ་གཤེགས་བསྟན་པའི་ཆོས་མཛད་ཨ་ནནྟ། །ས་བཅུའི་དབང་ཕྱུག་པ་གོར་བཻ་རོ་རྗེ། །བདེ་ཆེན་མངོན་གྱུར་པྲཛྙ་རསྨིའི་ཞབས། །རྨད་བྱུང་སྐྱེས་རབས་འཛིན་དེར་གུས་ཕྱག་འཚལ། །ཞེས་པ་སྔོན་དུ་བཀོད་ནས། དུས་ངན་གྱི་རྒུད་པ་རླུང་ལྟར་འཚུབ་ཅིང་། སྐྱེ་འགྲོ་རྣམས་བསོད་ནམས་ཀྱིས་ཕོངས་པས་སྐལ་མེད་འཁོར་བའི་ས་བོན་ཇེ་མང་དུ་འདེབས་པ་དང་། ཆོས་པའི་གཟུགས་བརྙན་ཙམ་དང་ཆོས་ལྟར་བཅོས་པའི་མུན་སྤྲུལ་གྱིས་འཛམ་གླིང་གནམ་ས་ཁེངས་ཤིང་། དམ་ཆོས་རྣལ་མའི་དྲི་ཙམ་ཡང་མྱོང་བའི་གོ་སྐལ་ཆད་ལ་ཉེ་བའི་དུས་རབས་ཉེར་གཅིག་འདིར། བྱོན་ཟིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བསྟན་པ་ལ་ཞབས་འདེགས་དང་། སྐུ་ངལ་འོ་བརྒྱལ་ཇི་ཙམ་གནང་བའི་ཆོས་ཀྱི་ལོ་རྒྱུས་སོགས་མདོ་ཙམ་རེ་བརྗོད་ནའང་། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པའི་རྒྱུར་འགྲོ་བ་དང་། དེ་ཉིད་ཐོས་པའི་གང་ཟག་གཞན་རྣམས་ལའང་ཆོས་ལ་སྐུལ་མ་དང་། དཀར་པོ་རྣམ་པར་སྨིན་པའི་ས་བོན་ཐེབས་པ་སོགས་ལ་དམིགས་ནས། ད་རེས་རང་རེ་སྔ་འགྱུར་བ་རྣམས་ཀྱིས་སྲོག་ལྟར་གཅེས་འཛིན་བྱ་དགོས་པའི་མདོ་སྒྱུ་སེམས་གསུམ། བཀའ་གཏེར་དག་སྣང་དང་བཅས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་པ་ལ་དབང་ཐོབ་པའི་སྐྱེས་ཆེན། སྔ་འགྱུར་གྱི་ལོ་ཙཱ་བ་ཆེན་པོ་སྒྲ་སྒྱུར་བཻ་རོའི་རྣམ་འཕྲུལ། གཏེར་སྟོན་བརྒྱ་རྩ་བརྒྱད་ཀྱི་ནང་གསེས། མདོ་རྒྱུད་བསྟན་བཅོས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པ་འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་རྣམ་ཐར་མདོ་ཙམ་ཞིག་དགོད་པ་ལ།
སྔ་འགྱུར་རྙིང་མའི་རྗེས་འཇུག་པ་རྣམས་ཀྱིས་འཕྲེང་པོ་གཏེར་སྟོན་ལ་དོ་སྣང་བྱ་དགོས་པའི་རྒྱུ་མཚན་ལྔ།
རྒྱུ་མཚན་དང་པོ། སྔ་འགྱུར་བའི་གཏེར་སྟོན་བརྒྱ་རྩའི་ཁོངས་སུ་གཏོགས་པ་དང་། སྔ་འགྱུར་བའི་གཏེར་ཆོས་ལས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྐོར་ཤིན་ཏུ་རྒྱས་པ་འདི་ཉིད་ཀྱི་གཏེར་སྟོན་དང་། འབྱུང་ཁུངས་ལྟ་བུ་ཡིན་པའི་ཕྱིར་དང་། རྒྱུ་མཚན་གཉིས་པ། སྔ་འགྱུར་བའི་བརྡ་སྤྲོད་སྨྲ་བ་ཞིག་ལ་མཚོན་ན། སྔ་འགྱུར་བའི་བརྡ་སྤྲོད་པའི་བསྟན་བཅོས་གྲགས་ཆེ་བ་དག་ལ་ཐུགས་སྣང་བྱ་དགོས་ཤིང་། དེ་དག་ལས་གཏེར་སྟོན་འདིས་བརྩམས་པའི་«བོད་ཀྱི་བརྡ་དག་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མ་»ཞེས་པ་འདི་ཉིད་ཁུངས་བཙན་ལ། ཚད་ཐུབ་ཡོངས་གྲགས་ཀྱི་བསྟན་བཅོས་ཡིན་པའི་ཕྱིར་དང་། རྒྱུ་མཚན་གསུམ་པ། རྙིང་མ་བའི་མདོ་ཕྱོགས་ལ་ཤེར་ཕྱིན་གྱི་ཡིག་ཆ་ཤིན་ཏུ་དཀོན་པ་ལ། དམ་པ་འདིས་བརྩམས་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་ལ་བསྡུས་དོན་ས་བཅད་དང་། འགྲེལ་བཤད་འཐད་པའི་འོད་འབར། དགེ་འདུན་ཉི་ཤུའི་ཟུར་བཀོལ་ལ་སོགས་པའི་ཡིག་ཆ་མཇལ་དུ་ཡོད་པའི་ཕྱིར་དང་། རྒྱུ་མཚན་བཞི་པ། བསོད་ནམས་ཀྱི་ཚོགས་གསོག་པ་ལ་དད་པ་དང་སྨོན་ལམ་གྱིས་མཚམས་སྦྱར་དགོས་པ་ལས། རང་རེ་སྔ་འགྱུར་བའི་གདན་ས་ཆེན་མོ་རྣམས་སུ་ཞལ་འདོན་གནང་རྒྱུའི་མདོ་སྨོན་དང་སྔགས་སྨོན་ཞེས་སྨོན་ལམ་ཤིན་ཏུ་བྱིན་ཅན་འདི་གཉིས་ཀྱི་མཛད་པ་པོ་ཡིན་པའི་ཕྱིར་དང་། རྒྱུ་མཚན་ལྔ་པ། དམ་པ་འདི་ཡི་གསུང་འབུམ་ལ་གསང་ཆེན་སྔ་འགྱུར་བའི་བསྟན་པ་དང་དངོས་སུ་འབྲེལ་བའི་ཡིག་ཆ་པོད་བདུན་དུ་བཞུགས་ཡོད་ཅིང་། དེ་དག་ལ་གཟིགས་དགོས་པ་སྔ་འགྱུར་བའི་རྗེས་འཇུག་རྣམས་ཀྱི་འགན་འཁྲི་ཡིན་པའི་ཕྱིར་རོ།།
སྐུ་བལྟམས་ཤིང་ཐེག་པ་ཆེན་པོའི་རིགས་སད་པའི་ཚུལ།
གཏེར་སྟོན་འགྲོ་འདུལ་གླིང་པའམ་གཏེར་ཆེན་ཤེས་རབ་འོད་ཟེར་འདི་ཉིད་ནི། བྱང་ངོམ་ཆེན་གྱི་སའི་ཆར་ཁྲི་བསམ་གཉིས་ཀྱི་ཆོ་འབྲང་ལས་ས་ཕོ་སྟག་ཕྱི་ལོ་ ༡༥༡༨ ཆུ་སྟོད་ཟླ་བའི་ཚེས་བཅུར་སྐུ་བལྟམས། སྐུ་ཆུང་ངུ་ནས་བཅོས་མིན་གྱི་ངེས་འབྱུང་དང་སྙིང་རྗེ། ཤེས་རབ་ཀྱི་རྩལ་ཆེ་བ་སོགས་ཐེག་པ་ཆེན་པོའི་རིགས་སད། དགུང་ལོ་བརྒྱད་པར་སློབ་དཔོན་ཚུལ་ཁྲིམས་འོད་ཟེར་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ཤེས་རབ་འོད་ཟེར་དུ་གྲགས། གསེར་མདོག་པཎ་ཆེན་གྱི་སློབ་མ་རྡོར་རྒྱལ་བ་ལས་རབ་ཏུ་བྱུང་ངོ་།།
ཀློག་པ་ཐོས་བསམ་གྱི་འཁོར་ལོས་གསན་བསམ་རྒྱ་ཆེར་མཛད་ཚུལ།
དགའ་ལྡན་ཁྲི་ཆེན་བསྟན་དར་བ་བསྟེན་ནས་མཚན་ཉིད་ཀྱི་གཞུང་རྣམས་དང་འདུས་པ་སོགས་ལོ་དྲུག་ཏུ་སྦྱངས། རྡོར་རྒྱལ་བ་ལས་ས་ལུགས་ཀྱི་རྒྱུད་སྡེ་དང་དུས་འཁོར་ལ་སོགས་གསན་བསམ་ཕུལ་དུ་ཕྱིན་པས་མཚན་ཉིད་པའི་གྲས་སུ་ལུང་རིགས་ཀྱི་མགྲིན་རྔ་ལྡིར་བ་ན་སུས་ཀྱང་ལན་ལྡོན་པར་མི་ནུས་པས་དགེ་བཤེས་ཆེན་པོའི་མཚན་དུ་གྲགས། དགུང་ལོ་བཅོ་བརྒྱད་པར་འབྲི་གུང་རིན་ཆེན་ཕུན་ཚོགས་མཇལ་བས་དཔོན་སློབ་ཏུ་གྱུར། དེ་ལྟར་འགྱུར་ཚུལ་ཡང་། རྟོག་གེའི་རིགས་པ་ལ་ཚེར་མ་ལྟ་བུའི་བློ་གྲོས་མངའ་ཡང་། དེ་ཙམ་ལ་བརྟེན་ནས་གྲགས་པ་དང་རྙེད་པ་བསྒྲུབ་པའི་སྟ་གོན་རྩོམ་པ་ཡིན་པས། སྐྱོ་ཤས་དང་ངེས་འབྱུང་དྲག་པོས་རྒྱུད་བརླན་ནས་སྒྲུབ་པ་ནན་ཏན་གྱི་འཁོར་ལོ་ཡིད་ལ་སེམས་ཤིང་། དེའི་ངང་ཚུལ་སློབ་དཔོན་ཞི་བ་ལྷ་དང་ཇོ་བོ་རྗེའི་རྣམ་ཐར་སྙིང་ཐག་པ་ནས་སྨོན་ཞིང་དད་པའི་སྐབས་ཤིག་ན། འབྲི་གུང་པ་རིན་ཆེན་ཕུན་ཚོགས་ལྷོ་རྒྱུད་ལ་ཕེབས་པའི་ཨེ་ཝམ་དང་ཧ་ཅང་མི་རིང་བའི་ས་ཐང་སྐྱར་སྒར་ཕེབས་པ་གཟིགས་སུ་བྱོན་པས། སྒར་གྲྭ་ཚང་སུམ་བརྒྱ་ཙམ་ལ་སྤྱི་ཆོས་སུ་སྤྱོད་འཇུག་གསུང་བ་དང་ཐུག ཤེས་རབ་ལེའུའི་དོན་དམ་བློ་ཡི་སྤྱོད་ཡུལ་མིན། ཞེས་པ་ནས་ཤླཽ་ཀ་གསུམ་ལ་ཇོ་འབྲེལ་གཙོ་བོ་བཏོན། འགྲེལ་པ་གྲགས་ཆེ་བ་ཁ་ཡར་ན་ཡམས་སུ་བྱས། རིགས་ལམ་གྱི་སྦྱོར་བས་ཀྱང་བརྒྱན། བཀའ་བརྒྱུད་པའི་ཉམས་ལེན་དང་ཡང་བསྟུན་གྱིན་བཤད་པ་ཡམས་པ་ཞིག་གསུངས་པ་མཐོང་པས། རྗེ་བཙུན་དམ་པ་འདིའི་ཐུགས་རྗེའི་ཆོམ་རྐུན་གྱིས་སྙིང་བཏབ། ཟང་ཟིང་གི་ཉེ་བར་དཔྱད་པ་སླེ་མོའི་ཁུང་ན་ཤོང་བ་ཙམ་ཞིག་ཡོད་པ་ཁང་ཐོག་ནས་བསྐྱུར། ཆས་པར་བརྩམས་པ་ན། གྲོགས་མཆེད་སྨན་དཔྱད་ཤེས་པ་ཞིག་ཡོད་པས་རེ་ཞིག་བཀག་ཀྱང་། ལར་སྐྱེས་བུ་དམ་པའི་སྙིང་སྟོབས་དང་སྨོན་ལམ་གྱི་མཐུ་ནི་གཞན་དབང་གིས་བརྫུ་བར་ནུས་པ་མ་ཡིན་པས་སྲབ་མེད་པའི་སེངྒེ་ནམ་མཁའ་ལ་འཕྱོ་བ་བཞིན་དུ། གྲྭ་ས་བསྐྱུར། གྲོགས་མཆེད་སྤངས། དཀོར་ལ་བརྐམ་ཆགས་བྱེད་པ་བཏང་ནས། ངེས་དོན་སྟོན་པའི་བླ་མ་དང་། དབེན་པ་འབའ་ཞིག་ཡིད་ལ་བསམས་ནས་རི་དྭགས་རྒྱ་ནང་ནས་ཤོར་བ་བཞིན་དུ་བྲོས། མཚན་ཉིད་པའི་རིགས་ལམ་ཟེར་དུས་དགག་སྒྲུབ་ཁོ་ནའི་ཨ་འཐས་སྦྲུལ་གྱི་ཤུན་པ་བཞིན་དུ་དོར། དེ་ནས་འབྲི་གུང་པའི་མདུན་ནས་གསར་རྙིང་གི་རྒྱུད་འབུམ་ཡོངས་སུ་རྫོགས་པར་གསན། བླ་མའི་བཀའ་བཞིན་ཚོགས་པ་རྒྱ་མཚོའི་དབུས་སུ་ལྔ་ལྡན་ལ་རྩ་བ་བྱས། རྡོ་རྗེའི་གསུང་བརྒྱ་བཅུ་པ་ཆོས་ཚོམས་སུ་བཅད། དགོངས་གཅིག་གི་གྲུབ་མཐའི་རྐང་བཟུང་ནས་མདོ་སྔགས་ཀྱི་ཆོས་འཁོར་བསྟན་པ་ཡོངས་རྫོགས་ཚུལ་བཞིན་དུ་བཤད་པས་བླ་མའི་དགོངས་པ་རྫོགས་ཤིང་འདུས་པ་རྣམས་སྔ་ན་མེད་པའི་ངོ་མཚར་ཀྱི་གནས་སུ་བཀོད།
ཁྱད་པར་སྔ་འགྱུར་གྱི་གྲུབ་མཐའི་གཞུང་བསྲངས་ཚུལ་ནི། བླ་མའི་ཞལ་ནས། ཁྱོད་གུ་རུ་པདྨ་ལ་དད་པ་ཡོད་དམ་ཞེས་དྲིས། སློབ་དཔོན་པདྨ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱིས་དུས་ནས་ཡོད་ཅེས་ཞུས་པས། འོ་ན་གསོལ་བ་ཐོབ། སྐུའི་སྣང་བ་དང་ལུང་བསྟན་པ་ཐག་ཆོད་ཅེས་གསུངས། རྗེ་དེ་ཉིད་ཀྱི་དྲུང་ནས་རྙིང་མའི་བཀའ་གཏེར་དག་སྣང་དང་བཅས་ཡོངས་རྫོགས་གསན། བསྐྱེད་པ་མ་ཧཱ་ཡོ་ག་ལས་སྒྱུ་འཕྲུལ་གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ་རྩལ་འདོན་གནང་། ཨ་ནུ་ལ་དགོངས་འདུས་མདོ་འགྲེལ་ཆེན་མོའི་དགོངས་པ་དང་། ཨ་ཏི་ལ་ཀུན་བྱེད་རྒྱལ་པོ་ལ་སོགས་པའི་མན་ངག་དངོས་སྟོབས་ཀྱི་འགྲེལ་པས་བཀྲལ་ནས་བཤད། རྒྱལ་དབང་ཀློང་ཆེན་པའི་ངལ་གསོ་སྐོར་གསུམ། མཛོད་བདུན། སྙིང་ཐིག་ཡ་བཞི། བི་མ་ལའི་ཊཱིཀ་དང་བཅས་པ་ཞུས། གཞན་ཡང་། བཀའ་གཏེར་གཤིན་རྗེ་རིགས་ལྔ། དགོངས་པ་ཡང་ཟབ། མཁའ་འགྲོ་སྙིང་ཏིག་གི་བརྒྱུད་པ་གཞན་ལས་ཆེས་འཕགས་པ། བྱང་གཏེར་མཛོད་ལྔ། པད་གླིང་ཆོས་སྐོར་ལ་སོགས་པ་ཆོས་ཚན་གྲངས་ཀྱིས་མི་ལོན་པ་ཞུས། མདོར་ན་སྐུ་ཚེ་སྟོད་ལ་གསན་བསམ་རྣམས་གཙོ་བོ་ས་དགེ་གཉིས་ཀྱི་མདོ་སྔགས་ཡོངས་སུ་རྫོགས་པ་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་བྱུང་། ཕྱིས་སུ་གསང་སྔགས་གསར་རྙིང་གི་གདམས་པ་རྣམས་ཞུས། ཁྱད་པར་དུ་སྔ་འགྱུར་རྡོ་རྗེ་སྙིང་པོའི་བསྟན་པ་ལ་རང་རྐང་ཚུགས་པ་བྱུང་བས། མཐར་ཐུག་གི་ཉམས་བཞེས་ནི་འོད་གསལ་སྙིང་པོ་ལྟར་མཛད་དོ།།
ཐོས་བསམ་གྱི་འབྲས་བུ་སྤོང་བ་བསམ་གཏན་གྱི་འཁོར་ལོས་རྩེ་གཅིག་སྒྲུབ་ལ་གཞོལ་ཚུལ།
དེ་ནས་གྲུབ་པའི་མཚན་མ་ཞིག་མ་རྙེད་བར་ལ། འཇིག་རྟེན་ཆོས་བརྒྱད་དོར། གང་དབེན་གྱི་གཉན་ཁྲོད་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་པས་མཆོག་གི་དངོས་གྲུབ་བསྒྲུབ་པར་དགོངས། ཆོས་གོས་གསུམ་དང་། ལྷུང་བཟེད། ཞལ་སྐྱོགས་ཙམ་ལས་ཡོ་བྱད་ཅི་ཡང་མ་བཟུང་། འཚོ་བ་བསོད་སྙོམས་ཀྱང་གཡེང་བའི་རྒྱུར་དགོངས་ནས། སྲན་ཁལ་བཞི་ལ་བཟའ་བ་དང་། དེ་བཙོས་པའི་ཁུ་བ་ལ་བཏུང་བར་བྱས་ནས་གྲོགས་རི་རིན་ཆེན་སྤུངས་པའི་མགུལ་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་ཏུ། རི་ནས་མི་འབབ་པའི་དམ་བཅའ་སྔོན་དུ་འགྲོ་བས་མན་ངག་མཁའ་འགྲོ་སྙིང་ཐིག་གི་བསྐྱེད་རྫོགས། རྩ་རླུང་གི་ལམ་འབྲས་བུ་དང་བཅས་པ་ལ་ལག་ཁྲིད་དུ་འདེབས་པའི་གདམས་པ་འབྲི་གུང་པས་བླ་མ་ལྔ་ལ་གསན་པས་མན་ངག་ཡོངས་སུ་རྫོགས་པའི་ཆིག་བརྒྱུད་དམ་པ་འདི་ལ་གདམས་པ་གང་གི་མནོག་ཆོས་སུ་མཛད་ནས་ལོ་གསུམ་གྱི་རིང་སྟན་ཐོག་གཅིག་ཏུ་བསྒྲུབས་པས། མངོན་རྟགས་བསམ་གྱིས་མི་ཁྱབ་པ་ཤར། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་བརྙེས། དེ་ནས་དགོན་གནས་ཀྱི་བཀའ་བཀོད་ཇི་ལྟ་བུ་ཕེབས་ཀྱང་། རྣམ་གཡེང་གི་དབང་དུ་འགྱུར་བར་དོགས་ནས་རང་ས་རང་སར་དགོངས་པ་གཡེལ་ནས་གནས་གང་དབེན་དང་། དབེན་པ་འབའ་ཞིག་ཏུ་ལོ་བརྒྱད་བཞུགས།
གཏེར་ཁ་སྣ་ཚོགས་བཞེས་ཚུལ།
དེ་ནས་དགུང་ལོ་སུམ་ཅུ་ལ་བྱོན་པའི་ཚེ། མེ་མོ་ལུག་ཆུ་སྟོད་ཟླ་བའི་ཚེས་བཅུར་མཁའ་འགྲོ་མོན་མོའི་ཆས་ཅན་ཞིག་གིས་ཆང་ཕོར་གང་བྱིན་པ་གསོལ་པའི་རྐྱེན་གྱིས་འོད་དཀར་པོའི་དབུས་སུ་གུ་རུ་པདྨ་རྒྱལ་པོས་ཞལ་གཟིགས་ཏེ་བཀའ་བསྩལ་པ་ལྟར། དེ་ཉིད་ནས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྐོར། སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པ་སོགས། སྔ་རྗེས་གཏེར་གནས་དྲུག་ནས་ཟབ་གཏེར་ཅི་རིགས་པ་སྤྱན་དྲངས། དེ་རྗེས་ལྷ་གདན་ནས་ཀྱང་དེ་བཞིན་གཤེགས་པའི་རིང་བསྲེལ། མཚོ་རྒྱལ་གྱི་ཚེམས། ལོ་རྒྱུས་ཤོག་སེར། མྱང་གྲོལ་ཨ་རྒྱ་ཅན་སོགས་རྟེན་དང་དམ་རྫས་ཁྱད་པར་ཅན་གཏེར་དུ་བཞེས་པས་མཚོན། འབྲི་གུང་རིན་པོ་ཆེ་དང་ལྷན་ཅིག་ཤོག་སེར་ལ་གཏན་ལ་ཕབས། ཟིང་བ་སྟག་མགོར་གཏེར་སྒྲུབ་མཛད་པའི་སྐབས་དག་པའི་སྣང་བར་པདྨ་འོད་དུ་ཕེབས་ནས་སློབ་དཔོན་ཡབ་ཡུམ་གུ་རུ་བདེ་བ་ཆེན་པོའི་རྣམ་པས་དབང་བསྐུར་ཞིང་ཞལ་གདམས་བསླབ་བྱ་བསྩལ། ཟླ་བ་གཅིག་ཏུ་བཞུགས་པའི་སྣང་བ་བྱུང་། ད་སྟེ་སྔོན་གྱི་སྨོན་ལམ་གྱི་དབང་ལས་བོད་ཡུལ་གྱི་གདུལ་བྱ་རྣམས་དྲན་པར་གྱིས་ཞེས་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བས། རྨི་ལམ་སད་པ་བཞིན་སོང་། སྔར་ཐོས་བསམ་གྱི་དཔྱད་གཞི་བྱས་པའི་གོ་མྱོང་རྟོགས་པའི་ཐོག་ཏུ་འབྱོར་བས་བསྟོད་པ་སྙན་པའི་སྒྲ་དབྱངས་ལྷའི་རོལ་མོར་གྲགས་པ་དེ་མཛད།
བྱ་བ་ལས་ཀྱི་འཁོར་ལོས་འགྲོ་དོན་མཛད་ཚུལ།
འཕྲེང་པོའི་ཡུལ་དུ་དགོངས་འདུས་ཆོས་བདག་ཉི་མ་རྒྱལ་མཚན་ལས་འབྲི་གུང་པ་དང་ལྷན་ཅིག་བླ་མ་དགོངས་འདུས་སོགས་ཆོས་བཀའ་མང་དུ་གསན། འཕྲེང་པོ་བ་རྣམས་ཀྱིས་གསོལ་བ་བཏབ་པ་ལྟར་དེའི་གདན་སའང་མཛད། རྡོ་རྗེ་བྲག་ཏུ་ལོ་གསུམ་བཅད་རྒྱར་བཞུགས་སྐབས་ཨོ་རྒྱན་རིན་པོ་ཆེས་ཞལ་གཟིགས་ཏེ། དེང་སང་འདི་ན་ལྟ་བ་མ་འཁྲུལ་བའི་ཁྱད་པར་འབྱེད་ཤེས་པ་ཁྱོད་ལས་མི་འདུག་པས། དེའི་གནད་གསལ་བར་སྟོན་ཅིག་གསུངས་པས་ཞལ་ལུང་གསལ་སྒྲོན་ཞེས་པའི་དོན་ཟབ་ལ་ཚིག་ཉུང་བའི་བསྟན་བཅོས་མཛད། དུས་དེ་ཙམ་ན་མཁས་པ་དང་གྲུབ་པར་གྲགས་པ་ཐམས་ཅད་ཀྱིས་མངོན་པར་བསྔགས་ཤིང་ཟབ་ཆོས་ཀྱི་བདུད་རྩི་བཞེས། མཁའ་འགྲོ་སྙིང་ཐིག།རིག་པ་རང་ཤར་གྱི་རྒྱུད་དོན་ལ་བྱེ་བྲག་ཏུ་འཇུག་པ་དགོངས་པ་ཡང་ཟབ། བླ་མ་དགོངས་འདུས་ཀྱི་གྲོལ་ཏིག་རྣམས་ཀྱི་སྒྲུབ་པ་དང་དབང་ཁྲིད་མཛད་པས་གྲོལ་དབང་ལ་མི་སྟོང་ཕྲག་བདུན་རེ་ཚོགས་པ་ཤ་སྟག་དང་། དེ་དག་རྣམས་སུ་འཇའ་འོད་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་མང་། ཆོས་ཀྱི་སྤྱན་མངའ་ཞིང་མངོན་ཤེས་ལ་ཆགས་ཐོགས་མེད། ཧོར་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་གནང་ནས་འཕྱོང་རྒྱས་དཔལ་རི་ཐེག་ཆེན་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་ཕྱག་བཏབ། ཆོས་ཀྱི་ཕྲིན་ལས་དབུས་གཙང་ཁམས་གསུམ་དུ་ཁྱབ།
ཚོགས་པ་འཛོམས་ཆེ་སར། ཁྱེད་རང་རྣམས་ཀྱི་སྐུ་ཚེའི་སྨད་ལ་གློ་བུར་གྱི་རྒྱལ་པོ་སྟོབས་ཅན་ཞིག་གིས་དབུས་གཙང་ཐམས་ཅད་ལ་དབང་བསྒྱུར་བ་འོང་། དེ་ནས་རིམ་པས་སེམས་ཅན་གྱི་བདེ་སྐྱིད་དམན་པ་ཡིན། ཞེས་སྡེ་སྲིད་གཙང་པའི་ལས་དོན་རྒྱུག་པ་དང་། དེ་བཞིན་དུ་སྡེ་པ་འཕྱོང་རྒྱས་པ་ཉིད་ཀྱི་སྲིད་ལ་ཐལ་བ་བྱུགས་པ་དང་། སོག་པོ་གུ་ཤྲིའི་དམག་གིས་དབུས་གཙང་ཁམས་གསུམ་བཅུ་པ་ལ་སོགས་མི་རབས་མང་པོའི་རྗེས་ཀྱི་གཏེར་ཐིག་ཁེགས་པ། ལྔ་པ་ཆེན་པོས་ཀྱང་རྣམ་ཐར་ལ་འདྲེན་པར་མཛད། གང་ཉིད་ཀྱི་གསུང་རྩོམ་ལ་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བཤད་འཐད་པའི་འོད་འབར་སོགས། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས་ཤིང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བའི་གསུང་འབུམ་པོད་བདུན་ཡོད།
མཐར་དགོངས་པ་ཆོས་དབྱིངས་སུ་བསྡུས་ཚུལ།
དེ་ལྟར་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས་འགྲོ་བ་ཚད་མེད་པ་སྨིན་གྲོལ་དུ་བཀོད་ནས། དེ་བཞིན་གཤེགས་པ་ལ་བདུད་སྡིག་ཏོ་ཅན་གྱིས་བསྐུལ་བ་བཞིན་དུ་སྐུ་མྱ་ངན་ལས་འདའ་བར་བཞེད་ནས་རྗེས་འཇུག་རྣམས་ལ་ཞལ་ཆེམས་སུ། ངེད་ཀྱི་ཕུང་པོ་འདི་ས་འབུམ་ཞིག་ཏུ་བཞག་ན་མཐར་ནོར་བུ་དབྱིག་ཏུ་འགྱུར་ཞིང་། བོད་འབངས་བདེ་བ་དང་། མཐའ་དམག་ཟློག་པའི་རྟེན་འབྲེལ་ཡོད་དེ་དུས་དབང་གིས་ཅིར་འགྱུར་ཆ་མེད། དེ་བས་དུམ་བུ་བྱས་ཏེ་ཡར་རྒྱབ་གཙང་པོའི་ཆུ་ལ་སྦྱངས་ན་ཀོང་པོ་རྒྱ་ལ་ཡན་ཆོད་ཀྱི་སེམས་ཅན་ལ་ཕན་ཏེ། དེ་ཡང་མི་ནུས། དུས་ཀྱི་དབང་ལས་བསྟན་པ་འཕེལ་རྒྱས་ཡོང་བ་གཤིས་ཀྱིས་དཀའ། དགེ་འདུན་རང་རང་གི་བསྟན་པ་སྒོ་དྲུང་ནས་མ་ནུབ་པར་གྱིས་ལ་སྐྱེ་བེམ་རེ་གྱོན། གཙོ་བོ་ཐོས་བསམ་ལ་འབད་འབུངས་ཐོན། འཕྲལ་གྱི་བྱ་བ་གང་ཐངས་གྱིས། ང་དང་འཕྲད་པར་འདོད་པ་རྣམས་གྲོལ་ཏིག་དགོངས་པ་རང་གྲོལ་དང་། བེ་བུམ་གྱི་མན་ངག་རྣམས་ལ་ཉམས་ལེན་མཛོད། ཅེས་གདམས། དགུང་ལོ་དྲུག་ཅུ་རྩ་བདུན་པ་ཆུ་ཤིང་སྤྲེལ་ཕྱི་ལོ་ ༡༥༨༤ ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་སྐུ་གཤེགས་པར་བཞེད་པ་ལ། སྐུའི་སྲས་ཀརྨ་ཀུན་བཟང་ཡུམ་སྲས་སོགས་ཀྱིས་གསོལ་བ་བཏབ་པའི་ངོར་ཞག་གསུམ་བཞུགས། དེ་ནས་ཚེས་བཅུ་གསུམ་གྱི་ཞོགས་པར་བདེ་ཆེན་ཤནྟ་པུ་རིའི་གྲོང་ཁྱེར་དུ་དཔའ་བོ་ཆེན་པོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་ཀར་སྤྲུལ་པའི་བཀོད་པ་བསྡུས་སོ།།
ཁུངས་གཏུག་སའི་ཡིག་ཆ།
འཇམ་མགོན་ཀོང་སྤྲུལ་གྱི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར། རིག་འཛིན་འཇིགས་མེད་གླིང་པའི་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན། ཀརྨ་མི་འགྱུར་དབང་གི་རྒྱལ་པོས་བཀོད་པའི་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་རྣམ་ཐར་བཅས་གསུམ་ལས་གནས་ཚུལ་གནད་ཆེ་བ་རྣམས་བཏུས་ཤིང་། མགོ་མཇུག་བར་གསུམ་གྱི་མཚམས་སྦྱོར་དང་ས་བཅད་ཀྱིས་བརྒྱན་ཏེ་མདོར་བསྡུས་སུ་ཕྱོགས་བསྒྲིགས་བྱས་ཡོད།
