ལོ་རིམ་བདུན་པའི་སློབ་གཉེར་བ། ཚེ་བརྟན་རྡོ་རྗེ།
བདག་ཅག་གི་སྟོན་པ་དེ་ཉིད་གདུལ་བྱ་རྣམས་ངེས་དོན་ཆོས་ཉིད་ཐར་པའི་གནས་སུ་འདྲེན་པ་ལ་ཐབས་གྲུབ་མཐའ་བཞིའི་ངོ་མཚར་རྨད་དུ་བྱུང་བའི་སྐས་བཟང་འཛུགས་པ་ལ་མཁས་ཤིང་། དེའི་རྒྱུ་ཐུགས་བརྩེ་བ་དང་ལྡན་པ་སྟེ། ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན་བི་ཤྭ་ཀརྨའི་རྒྱལ་པོ་དེ་ལ། སྒོ་གསུམ་གུས་པ་དང་བཅས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གིས་དེང་འདིར་རྩོམ་པའི་བྱ་བ་ལ་བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་དུ་འགྲུབ་ཅིང། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབ་པར་མཛད་དུ་གསོལ། ཞེས་ཐོག་མར་གང་འདོད་པའི་དོན་བདེ་ལེགས་སུ་ཡོང་ཕྱིར་སངས་རྒྱས་དཀོན་མཆོག་ལ་ཕྱག་འཚལ་བ་སྔོན་དུ་བཏང་ནས། དངོས་གཞི་བར་དུ་དགེ་བར་ཚུལ་བཞིན་འཇུག་པ་ལ། དང་པོ་མཚམས་སྦྱོར་བ་ནི། དེ་ཡང་བྱུང་ཟིན་པ་ལས་ལྷག་པ་དང་། འབྱུང་བཞིན་པ་ལ་དོ་ཟླ་ནུས་ཤིང་། འབྱུང་འགྱུར་གྱི་མིག་དཔེ་འོས་པའི་ཚད་ལྡན་གྱི་རྩོམ་ཞིག་བྲི་བར་བྱ་བའི་ཤེས་ཡོན་མེད་མོད། རང་གི་དབང་པོའི་སྙོབ་ཚད་དང་མཐུན་པར་དགེ་བའི་ཕྱོགས་ལ་གོམས་འདྲིས་ཡོང་ཕྱིར་དགག་གཞག་སྤོང་གསུམ་གྱི་རྣམ་གཞག་ཆེར་མེད་པར་གྲུབ་མཐའ་བཞིའི་སྐོར་སོ་སོའི་གོ་བའི་སྙིང་པོ་ཙམ་གཞུང་ཚད་ལྡན་རྣམས་ཀྱི་ལུང་རྒྱབ་རྟེན་དུ་བྱས་ཏེ་མདོར་བསྡུས་ངག་གིས་བརྗོད་པ་ལ།
ལོ་རྒྱུས་ཀྱི་སྒོ་ནས་གྲུབ་མཐའ་བཞིའི་བྱུང་རིམ་རོབ་ཙམ་བརྗོད་པ་དང་། གཙོ་བོ་རྫས་སུ་ཡོད་མེད་ཀྱི་གཞི་ལས་བརྩམས་ཏེ་གྲུབ་མཐའི་རིམ་པ་མཐར་ཆགས་སུ་བསྟན་པ་དང་། གནད་དོན་བསྡུས་བའི་སྒོ་ནས་མཇུག་གི་རིམ་པ་བརྗོད་པ་བཅས་གསུམ་ལས། དང་པོ་ནི།
དེའང་སྤྱིར་མདོ་དང་རྒྱུད་རྣམས་ལས་གྲུབ་མཐའ་བཞིའི་ཐ་སྙད་ཅི་རིགས་པར་བྱུང་སྟེ། «ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྡོམ་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་»ལེའུ་བདུན་པ་འདུལ་བའི་ལེའུ་ལས།1བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་སོགས་ནས། དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་ལ་དབུ་མ་བསྟན། །ཞེས་གྲུབ་མཐའ་བཞིའི་ཐ་སྙད་གསལ་པོར་བྱུང་བ་དང་། དེ་བཞིན་དུ་བྱེ་མདོ་གཉིས་ཀྱི་ཐ་སྙད་ནི། «མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པའི་མདོ་»ལས།2བཅོམ་ལྡན་འདས་ཀྱིས་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཻ་དཱུརྱ་ཡའི་ཁང་པ་བརྩེགས་པའི་ནང་དུ་འདུག་ནས་འོང་བ་འདི་ཡིན་ནོ། །ཞེས་གསལ་ལོ། །དེས་ན་མཁས་པ་རྣམས་ཀྱིས་གྲུབ་མཐའ་བཞི་ཀའི་བདག་མེད་ཕྲ་རགས་འདོད་ཚུལ་གྱི་རིམ་པ་དང་། མདོ་སྡེའི་དགོངས་པ་ལེན་ཚུལ་སོགས་སངས་རྒྱས་ཞལ་བཞུགས་དུས་ནས་ཡོད་པར་གསུངས་པའང་ལུང་དེ་དག་ལ་བརྟེན་ནས་འཐད་ལྡན་དུ་དཔོག་ནུས་ཤིང་། འདིར་གཙོ་བོ་སློབ་དཔོན་རྣམས་ཀྱིས་གྲུབ་མཐའ་སོ་སོའི་འདོད་པ་ཕྲ་མོ་ནས་ཕྱེ་ཞིང་བསྟན་བཅོས་མཛད་པར་འགོ་བརྩམས་པ་ནས་བཟུང་འབུར་དུ་དོད་དེ་སོ་སོར་བྱུང་བའི་དབང་དུ་བྱས་ནས་གྲུབ་མཐའ་བཞིའི་བྱུང་རིམ་ཅུང་ཟད་ཅིག་བརྗོད་ན།
སྟོན་པ་མྱ་ངན་ལས་འདས་ནས་རིམ་བཞིན་སྟོན་པ་ཉིད་དང་མཛད་པ་ཕྱོགས་མཚུངས་པའི་དགྲ་བཅོམ་པ་འོད་སྲུང་དང་། ཀུན་དགའ་བོ་དང་། མཚན་མེད་སངས་རྒྱས་སུ་ལུང་བསྟན་ཐོབ་པའི་འཕགས་པ་ཉེར་སྦས་སོགས་གཏད་རབས་བདུན་ནམ་བརྒྱད་པོས་བསྟན་པ་རྫོགས་པར་སྐྱོང་བའི་ཚེ་དགེ་འདུན་རྣམས་ནང་ཕན་ཚུན་མི་མཐུན་པ་མེད་ཅིང་སྡེ་པ་སོ་སོར་གྱེས་པའང་མེད་ལ། དེ་དག་གི་རྗེས་སུའང་བསྟན་པ་སྐྱོང་བའི་དགྲ་བཅོམ་པ་མང་དུ་བྱོན་མོད་ཀྱི་སྟོན་པ་དང་མཛད་པ་མཚུངས་པ་འདི་དག་དང་མཉམ་པ་མ་བྱུང་བས། རིམ་བཞིན་རྟོགས་པའི་གདེང་དང་བྲལ་བའི་དགེ་སློང་དབང་པོ་རྣོན་པོ་འགའ་ཞིག་གིས་རང་ཉིད་ཀྱིས་རྟོག་བཟོ་བྱས་པའི་ཚིག་རྣམས་མདོ་ཚིག་ཡིན་ཞེས་སྤེལ་བའི་འགོ་བརྩམས་པ་ནས་བཟུང་ཕན་ཚུན་རྩོད་པ་བྱུང་ཞིང་རྒྱལ་པོ་ཀ་ནིཥྐའི་དུས་ཙམ་ན་སྡེ་པ་བཅོ་བརྒྱད་དུ་གྱེས་ཤིང་། རེ་ཞིག་ཕན་ཚུན་རྩོད་པ་མེད་པར་གནས་པར་གྲགས། «རྒྱ་གར་ཆོས་འབྱུང་»ལས།3དུས་དེ་ཙམ་ན་ཁ་ཆེའི་ཡུལ་དུ་བྲམ་ཟེ་སུ་ཏྲ་ཞེས་བྱ་བ་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞིག་ཡོད་པ་དེས། བྱེ་བྲག་ཏུ་སྨྲ་བའི་བཙུན་པ་ཆོས་སྐྱོབ་འཁོར་བཅས་དང་། མདོ་སྡེ་པའི་ཐོག་མ་ཁ་ཆེའི་བཙུན་པ་ཆེན་པོ་གནས་བརྟན་འཁོར་དགེ་སློང་ལྔ་སྟོང་དང་བཅས་པ་རྟག་ཏུ་མཆོད་པར་བྱེད་ཅིང་། སྡེ་སྣོད་གསུམ་ལྷག་པར་རྒྱས་པར་བྱས་སོ། །ཞེས་གསུངས་པས། བྱེ་མདོ་གཉིས་ཀྱི་ལྟ་གྲུབ་སྨྲ་བའི་སློབ་དཔོན་རྣམས་ཀྱང་དུས་འདི་ཙམ་ནས་བྱུང་བར་མངོན། དེའང་རྒྱལ་པོ་པདྨ་ཆེན་པོའི་དུས་སུ་བྲམ་ཟེ་མཆོག་སྲེད་ཅེས་བྱ་བས་བྱེ་བྲག་ཏུ་བཤད་པའི་གླེགས་བམ་མང་དུ་བྲིས་ཏེ་སྤེལ་བར་བཤད་པས་མདོ་སྡེ་པ་ལས་བྱེ་བྲག་སྨྲ་བའི་གྲུབ་མཐའ་ཅུང་ཟད་སྔོན་དུ་བྱུང་ངམ་སྙམ་མོ།།
སྡེ་པ་བཅོ་བརྒྱད་པོ་དེ་རྣམས་ཀྱང་གྲུབ་མཐའི་དབང་དུ་བྱས་ན་བྱེ་མདོ་གཉིས་སུ་འདུ་མི་འདུ་ལ་མཁས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་སྣང་སྟེ། རེད་མདའ་བ་དང་། ས་སྐྱ་པཎ་ཆེན་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱིས་མང་བཀུར་བའི་སྡེ་པ་རྣམས་གང་ཟག་གི་བདག་ཡོད་པར་འདོད་པས་གྲུབ་མཐའ་གཉིས་སུ་མི་འདུ་བར་གསུངས་ཤིང་། དུང་དཀར་བས་ནི་«དུང་དཀར་གྲུབ་མཐའ་»ལས།4བྱེ་བྲག་སྨྲ་བར་རྩ་བའི་སྡེ་པ་བཅོ་བརྒྱད་ཡོད། སྡེ་པ་བཅོ་བརྒྱད་དེ་ལས་མང་པོས་བཀུར་བའི་སྡེ་པས་གང་ཟག་གི་བདག་ཡོད་པར་འདོད་པ་དང་། དེ་མིན་སྡེ་པ་བཅུ་བདུན་གྱིས་གང་ཟག་གི་བདག་མེད་པར་འདོད་པ་ཡིན། ཞེས་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བྱེ་བྲག་སྨྲ་བ་ཡིན་པར་གསུངས། རང་ལུགས་ཀུན་མཁྱེན་ཆེན་པོས་ནི།5དེ་དག་ལ་གནས་བརྟན་པ་རྣམས་ནི་གྲུབ་མཐའ་བྱེ་བྲག་ཏུ་སྨྲ་བར་འདུ་ལ། ཕལ་ཆེན་པ་རྣམས་མདོ་སྡེ་པར་འདུས་པར་བཤད་དོ། །ཞེས་སྡེ་པ་བཅོ་བརྒྱད་པོ་ཚང་མ་གྲུབ་མཐའ་གཉིས་སུ་འདུ་བར་གསུངས་སོ།།
ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་རྣམས་ནི། ཐོག་མར་སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་སློབ་དཔོན་ལྔ་བརྒྱ་དང་། དེ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་དབུ་མ་པའི་སློབ་དཔོན་རྣམས་རིམ་བཞིན་བྱོན་པར་བཤད་པས། དང་པོ་སེམས་ཙམ་པ་དང་དེ་ནས་དབུ་མ་པའི་གྲུབ་མཐའ་བྱུང་བ་ཡིན་ཞིང་། སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་པོས་སོ་སོའི་ཐུགས་ལ་མངའ་བ་རྣམས་དང་། འཕགས་པ་ཕལ་པོ་ཆེའི་མདོ་དང་ལང་ཀར་གཤེགས་པའི་མདོ་སོགས་མི་མ་ཡིན་པའི་ཡུལ་ནས་བྱུང་བ་རྣམས། རྒྱལ་པོ་ལཀྵ་ཨ་ཤྭས་སྦྱིན་བདག་བྱས་ཏེ་གླེགས་བམ་དུ་བཀོད་པ་ཕྱིས་ནལེནྜར་སྤྱན་དྲངས་ནས་ཆོས་གཞི་རྒྱས་པར་མཛད་པ་ལོ་རྒྱུས་རྣམས་སུ་གསལ་བས་སེམས་ཙམ་པའི་གྲུབ་མཐའ་དབུ་མ་པ་ལས་སྔོན་དུ་བྱུང་བར་མངོན་ལ། སློབ་དཔོན་ཐོགས་མེད་ཞབས་ཀྱིས་མདོ་དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་བྱམས་པ་མགོན་པོ་ནས་གསན་པ་མི་ཡུལ་དུ་དར་བར་མཛད་པ་མ་ཟད། བསྟན་བཅོས་རང་རྐང་ཚུགས་པའང་མང་དུ་མཛད་དེ་སེམས་ཙམ་པའི་གྲུབ་མཐའ་ཉི་མ་ལྟར་གསལ་བར་མཛད་པས་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་དུ་གསུངས་པ་ལས། ཁ་ཅིག་སེམས་ཙམ་པའི་གྲུབ་མཐའ་དབུ་མ་པའི་གྲུབ་མཐའི་ཕྱིས་སུ་བྱུང་བར་གསུངས་པ་ནི་མི་འཐད་སྙམ་མོ། །འོན་ཀྱང་དབུ་མ་པ་དང་སེམས་ཙམ་པའི་གྲུབ་མཐའ་གཉིས་ཀྱི་རྩོད་པ་སོགས་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་སློབ་དཔོན་ལེགས་ལྡན་འབྱེད་གཉིས་བྱོན་པའི་རྗེས་སུ་བྱུང་བར་ལོ་རྒྱུས་རྣམས་སུ་གསལ་ཞིང་། དེའི་སྔོན་ཐེག་པ་ཆེན་པོའི་བསྟན་པ་གཅིག་ཏུ་གནས་པར་གསུངས་སོ།།
གཉིས་པ་རྫས་བཏགས་ཀྱི་སྒོ་ནས་གྲུབ་མཐའི་རིམ་པ་བསྟན་པ་ལ་ཉན་ཐོས་ཀྱི་གྲུབ་མཐའ་གཉིས་མཐར་ཆགས་སུ་བསྟན་པ་དང་། དེ་གཉིས་ཀྱི་ཁྱད་པར་བསྟན་པ། ཐེག་ཆེན་སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐའ་བསྟན་པ་དང་། དེ་གཉིས་ཀྱི་ཁྱད་པར་བསྟན་པ་བཅས་བཞི་ལས། དང་པོ་ནི།
དེ་ཡང་གཞན་གཞུང་དང་རང་གཞུང་ཅི་རིགས་རྣམས་སུ་བྱེ་བྲག་སྨྲ་བའི་ལུགས་ལ་རྫས་ཡོད་དང་བཏགས་ཡོད་གཉིས་སུ་ཕྱེ་བ་དང་། རྫས་གྲུབ་དང་རྫས་ཡོད་ལ་ཁྱད་པར་འབྱེད་པ་སོགས་ཀྱི་རྣམ་གཞག་མཛད་པ་ཡོད་ཅིང་། དེའི་དབང་དུ་ན་བྱེ་མདོ་གཉིས་ལ་བདེན་གཉིས་འཇོག་ཚུལ་ཁྱད་པར་ཡོད་པའང་འོག་ནས་འཆད་པར་འགྱུར་ལ། རང་ལུགས་ཀུན་མཁྱེན་རོང་ཀློང་འཇུ་གསུམ་གྱི་གཞུང་རྣམས་སུ་ཁུངས་བཅོལ་ནས་བཤད་ན། བྱེ་བྲག་སྨྲ་བ་རྣམས་ཀྱིས་ཤེས་བྱ་གཞི་ལྔས་བསྡུས་པའི་ཆོས་ཇི་སྙེད་པ་ཐམས་ཅད་ཡུལ་རང་ངོས་ནས་གྲུབ་པའི་རྫས་ཡོད་དུ་འདོད་པས། བྱེ་བྲག་སྨྲ་བའི་ལུགས་ལ་གཞི་གྲུབ་ན་བཏགས་ཡོད་མ་ཡིན་པས་ཁྱབ་པ་དང་། རྫས་ཡོད་དང་རྫས་གྲུབ་ལའང་ཁྱད་པར་མི་བཞེད་དེ། ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས།6 བྱེ་བྲག་ཏུ་སྨྲ་བ་ནི་ལུང་བྱེ་བྲག་བཤད་མཛོད་ཆེན་པོ་ཞེས་བྱ་བ་ལ་བརྟེན་ནས་ཆོས་ཐམས་ཅད་ལ་རྫས་སུ་ཡོད་པར་སྨྲ་བ་པ་ཞེས་བྱ་སྟེ། ཞེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ (༡༣༠༨-༡༣༦༣) ཀྱི་ཞལ་སྔ་ནས།7ཉན་ཐོས་བྱེ་བྲག་སྨྲ་བ་དག་ནི། རྫས་ཐ་དད་པའི་ཤེས་བྱ་གཞི་ལྔ་ཁས་ལེན་ཏོ། །ཞེས་དང་། ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ (༡༨༤༦-༡༩༡༢) ཡི་ཞལ་སྔ་ནས།8བྱེ་བྲག་སྨྲ་བས་ཤེས་བྱ་གཞི་ལྔ་དང་དུས་གསུམ་སོགས་རྫས་ཡོད་དུ་འདོད་དེ་གཞི་གྲུབ་པ་རྣམས་དེ་དང་དེའི་ཆོས་སུ་ཡོད་པས་ཐམས་ཅད་ཡོད་པར་འདོད་དོ། །ཞེས་དང་། ཀུན་རྫོབ་དོན་དམ་དུ་ཡོད་པ་གཉིས་ཀ་ཡང་ཆོས་རང་རང་གི་ངོ་བོ་རྫས་སུ་ཡོད་པས་མི་སྟོང་པར་འདོད། ཅེས་གསུངས་པ་ལྟར་རོ།།
དེའི་ནང་ནས་ཀྱང་ཐོབ་པ་དང་། དུས་གསུམ་རྫས་གྲུབ། རིག་བྱེད་མ་ཡིན་པའི་གཟུགས་སོགས་ཡུལ་རང་ངོས་ནས་གྲུབ་པར་རྟོག་པས་སྒྲོ་བཏགས་ནས་བརྗོད་པ་ཤིན་ཏུ་མང་ཞིང་། དེ་དག་གི་སྒྲུབ་བྱེད་དུ་བཀོད་པའི་དྲང་དོན་སྒྲ་ཇི་བཞིན་མ་ཡིན་པའི་དགོངས་ལྡེམ་དགོངས་ཀྱི་ལུང་དང། རིགས་པ་ཇི་སྙེད་བཀོད་པ་ཐམས་ཅད་ཀྱང་། གྲུབ་མཐའ་གོང་མ་རྣམས་ཀྱི་ཐ་སྙད་རིགས་པའི་དཔྱད་བཟོད་དུ་མ་གྲུབ་པས་རྟོག་བཏགས་ཀྱི་རྣམ་གཞག་གང་ཇི་སྙེད་ཀུན་ཐ་སྙད་དུའང་རི་རྭའི་སྤུན་དུ་ཐལ་ཞིང་བཏགས་ཡོད་ཙམ་དུ་མདོ་སྡེ་པས་བསྒྲུབས་པ་ཡིན་ཏེ། ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས།9འདུས་མ་བྱས་རྣམས་ཀྱང་མོ་གཤམ་གྱི་བུ་དང་འདྲ་བར་འདོད་ཅིང་། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་པས་རྫས་སུ་འདོད་པའི་ཆོས་ཕལ་ལ་རྫས་མེད་པར་རྟོགས་སོ་ཞེས་འབྱུང་ངོ་། །ཞེས་དང་། ཀུན་མཁྱེན་མི་ཕམ་རིན་པོ་ཆེས།10སྐྱེ་འཇིག་ལ་སོགས་པ་ལྡན་མིན་འདུ་བྱེད་རྣམས་ནི་གཟུགས་དང་སེམས་སེམས་བྱུང་ལས་དེ་ཉིད་དང་གཞན་དུ་མ་གྲུབ་པས་ཀུན་བཏགས་ཡིན་ཏེ་རི་རྭ་བཞིན་མིང་ཙམ་དུ་ཟད་པས་སོ། །ཞེས་གསུངས་པ་ལྟར་རོ།།
དེ་ལྟར་མདོ་སྡེ་པས་ཤེས་བྱ་ཐམས་ཅད་རྫས་ཡོད་དུ་འདོད་པའི་ལུགས་སུན་ཕྱུང་ནས་རང་ལུགས་རྫས་བཏགས་གཉིས་སུ་ཕྱེ་ཞིང། གཟུགས་སོགས་ཐ་སྙད་རང་ངོས་ནས་གྲུབ་པ་རྫས་ཡོད་དང་། རང་ངོས་ནས་གྲུབ་པ་མ་ཡིན་པ་དབྱིབས་ཁ་དོག་ལ་བཏགས་ནས་བཞག་པ་ལྟ་བུ་རྟོག་པས་བཏགས་པ་ལ་བཏགས་ཡོད་དུ་འདོད་དེ། ཀུན་མཁྱེན་མི་ཕམ་པའི་ཞལ་སྔ་ནས།11དངོས་པོའི་རྫས་དང་ལྡོག་པས་བཏགས། །རྣམ་པ་གཉིས་ཀྱི་ཚུལ་ལས་ནི། །ཤེས་བྱ་རྣམས་ཀྱང་རྟོགས་བྱ་སྟེ། །དེ་ལས་སྤྲོས་པའི་རྣམ་གཞག་མང་། །ཞེས་གསུངས་པ་ལྟར་རོ། །དེ་ལ་རྫས་ཡོད་བཏགས་ཡོད་ཀྱི་ངོ་བོ་དང་། དབྱེ་བ། རྫས་གྲུབ་དང་རྫས་ཡོད་ལ་མུ་རྩི་ཚུལ་རྣམས་ནི་ཡོངས་སུ་གྲགས་པ་ལྟར་ཡིན་པས་འདིར་མ་སྤྲོས་སོ། །དེ་ལྟར་མདོ་སྡེ་པས་རྫས་བཏགས་གཉིས་སུ་ཕྱེ་བས་བྱེ་བྲག་སྨྲ་བ་ལ་ངང་གིས་སུན་འབྱིན་དུ་སོང་ཞིང་། དེའི་དབང་གིས་རྫས་གྲུབ་དང་རྫས་ཡོད་ལའང་ཁྱད་པར་ཡོད་པ་ཡིན་ནོ།།
གཉིས་པ་བྱེ་མདོ་གཉིས་ཀྱི་ཁྱད་པར་ནི།
རང་ལུགས་བྱེ་མདོ་གཉིས་ཀྱི་ཁྱད་པར་ཡང་རྫས་བཏགས་སོགས་ཐ་སྙད་ཀྱི་བཞེད་ཚུལ་མི་འདྲ་བ་ཙམ་གྱི་སྒོ་ནས་གཞག་དགོས་ཏེ། «མན་ངག་ལྟ་བའི་ཕྲེང་བ་»ལས།12དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་བཞུགས་པ་རྣམས་ཀྱི་ལྟ་བ་ནི་སོགས་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སྩོགས་པའི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང། རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་ལྟ་ཞིང་། འཕགས་པའི་བདེན་བཞི་བསྒོམས་པས་རིམ་གྱིས་འབྲས་བུ་རྣམ་པ་བཞི་འགྲུབ་པ་ཡིན་ནོ། །ཞེས་དང་། ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས།13 དེ་ཡང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་པ་དང། མདོ་སྡེ་པའི་ལྟ་བ་རྣམ་པ་གཉིས་ཀྱི་བྱེ་བྲག་མི་མཐུན་པ་རྣམས་ཀྱང་མདོར་བསྡུས་ན། བྱེ་བྲག་པས་དབང་པོ་དང་དོན་དུ་ཕྲད་པའི་བློ་རྣམ་པ་མྱེད་པར་སྐྱེ་ཞིང་། ཞེས་པ་ནས། གཞན་ཡང་དབྱིབས་དང་རིག་བྱེད་མ་ཡིན་པའི་གཟུགས་དང་མི་ལྡན་པའི་འདུ་བྱེད་ལ་སྩོགས་པ་ཁ་ཅིག་རྫས་སུ་འདོད་མི་འདོད་ཀྱི་བྱེ་བྲག་ཡོད་དོ་ཞེས་འབྱུང་ངོ་། །ཞེས་དང་། དེ་བཞིན་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཞལ་སྔ་ནས།14ཉན་ཐོས་དེའི་གྲུབ་པའི་མཐའ་བདེན་བཞི་དང་གང་ཟག་གི་བདག་མེད་འདོད་པ་དང་ཆ་མེད་གཉིས་དོན་དམ་པར་གྲུབ་པར་འདོད་པ་འདྲ་ཡང་། ལྡན་མིན་འདུ་བྱེད་དང་འདུས་མ་བྱས་རྣམས་བྱེ་སྨྲ་ལྟར་རྫས་སུ་མི་འདོད་པར་བཏགས་པ་ཙམ་དུ་འདོད་པ་དང་། ཕྱི་དོན་གྱི་རྣམ་པ་ཤེས་པ་ལ་ཤར་བ་ཉིད་ཀྱི་སྒོ་ནས་ཡུལ་རིག་པ་ལས་ཕྱི་དོན་དངོས་ལྐོག་ན་མོའི་ཚུལ་དུ་འདོད་པ་སོགས་ཐ་སྙད་ཀྱི་ཚུལ་ལ་དངོས་སྟོབས་ཀྱི་རིགས་པ་དང་མཐུན་པའི་ཁས་ལེན་འགའ་ཞིག་གིས་འཕགས་པ་ལས་མདོ་སྡེ་པའི་གྲུབ་མཐའ་ཞེས་ལོགས་སུ་བརྗོད་ཀྱི། ལྟ་སྒོམ་སྤྱོད་འབྲས་རྣམས་ཉན་ཐོས་དང་ཁྱད་པར་མེད་པའོ། །ཞེས་དང་། དེ་བཞིན་དུ་དབུ་མ་རྒྱན་གྱི་སྤྱི་དོན་ལས།15དོན་སྨྲ་སྡེ་གཉིས་པོ་ལ་བྱེ་བྲག་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། དོན་དུ་འདི་ལྟར་འདོད་དེ། བཅོམ་ཞིང་གཞན་གསལ་བར་གྱུར་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་རགས་པ་རྣམས་ཀུན་རྫོབ། མི་འདོར་བ་ཤེས་པ་སྐད་ཅིག་ཆ་མེད་ཙམ་དང་། བེམ་པོ་རྡུལ་ཕྲན་ཆ་མེད་ཙམ་དོན་དམ་དུ་ཡོད་དགོས་ཏེ། དེ་མེད་ན་བེམ་ཤེས་རགས་པ་འདི་ཀུན་རྩོམ་གཞི་མེད་པས་ན་འདི་ལྟར་སྣང་བར་ཡང་མི་འཐད་དེ་སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་པའོ། །ཞེས་ཐ་སྙད་ཀྱི་འདོད་ཚུལ་མི་འདྲ་བ་འགའ་ལས་བདེན་གཉིས་ཀྱི་རྣམ་གཞག་བྱེད་ཚུལ་ཁྱད་མེད་པར་གསལ་པོར་གསུངས་སོ། །འོ་ན་«དབུ་མ་རྒྱན་འགྲེལ་»ལས།16བདེན་གཉིས་ཟུང་དུ་ཆུད་ཚུལ་གྱི་རྟོག་པའི་རྩལ་འཕངས་ལས་དོན་དམ་པ་གཏན་ལ་འབེབས་ཚུལ་ལ་ཁྱད་ཡོད་པ་ལས། ཐ་སྙད་བཞེད་ཚུལ་ཙམ་གྱིས་གྲུབ་མཐའི་མཐོ་དམན་མི་རུང་ངོ་། །ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། དེ་ནི་ཐ་སྙད་བཞེད་ཚུལ་ཙམ་གྱིས་དབུ་མ་ཐལ་རང་གི་གྲུབ་མཐའི་མཐོ་དམན་མི་རུང་བར་གསུངས་པ་ཡིན་པའི་ཕྱིར་རོ།།
དེས་ན་རང་ལུགས་ལ་གོང་དུ་དྲངས་པའི་ལུང་དང་མཐུན་པར་བྱེ་མདོ་གཉིས་ལ་རྫས་བཏགས་སོགས་ཐ་སྙད་ཀྱི་བཞེད་ཚུལ་མི་འདྲ་བའི་ཁྱད་པར་ཙམ་ལས་བདེན་གཉིས་འཇོག་ཚུལ་ལ་ཁྱད་མེད་པར་འདོད། གཞན་གཞུང་རྣམས་སུ་ནི་མདོ་སྡེ་པ་ལའང་རིགས་པའི་རྗེས་འབྲང་དང་ལུང་གི་རྗེས་འབྲང་གཉིས་སུ་དབྱེ་བ་དང་། ལུང་གི་རྗེས་འབྲང་རྣམས་ཀྱི་བདེན་གཉིས་འཇོག་ཚུལ་བྱེ་སྨྲ་དང་མཐུན་ཞིང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་བདེན་གཉིས་ནི། ཚད་མ་རྣམ་འགྲེལ་གྱི། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པའི་ཤོ་ལོ་ཀ་འདི་ཉིད་ཀྱིས་བསྟན་པར་འདོད། རང་ཕྱོགས་ཀུན་མཁྱེན་འཇིགས་མེད་གླིང་པ་དང་། ཕྱིས་བྱུང་མཁས་པ་རྣམས་ཀྱི་གཞུང་འགའ་ཞིག་ནའང་དེ་ལྟར་གསལ་མོད། རང་ཕྱོགས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་གཞན་རྣམས་ཀྱི་གཞུང་དུ་དབྱེ་བ་དེ་ལྟར་ཕྱེ་བ་མ་མཐོང་ཞིང་། བདེན་གཉིས་འཇོག་ཚུལ་ལ་དེ་ལྟར་ཁྱད་པར་ཕྱེ་བ་དེ་རིགས་པའི་དབང་དུ་བྱས་ནའང་འཐད་ལྡན་དུ་མ་མཐོང་སྟེ། གྲུབ་མཐའ་འོག་མ་ལས་གོང་མ་བདེན་གཉིས་ཀྱི་རྣམ་གཞག་བྱེད་པ་ལ་རིམ་བཞིན་ཁྱད་པར་དུ་འཕགས་པའམ་གནས་ཚུལ་དང་ཇེ་ཉེར་འགྲོ་དགོས་པ་གང་ཞིག འདིར་རིགས་པའི་རྗེས་སུ་འབྲང་པའི་མདོ་སྡེ་པའི་བདེན་གཉིས་དེ་གྲུབ་མཐའ་རང་ལས་དམན་པའི་བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་མདོ་སྡེ་པའི་བདེན་གཉིས་དང་དོ་ཟླར་མི་ནུས་པའི་ཕྱིར་ཏེ། བྱེ་བྲག་སྨྲ་བས་ཀུན་རྫོབ་ཏུ་གཏན་ལ་ཕབ་པའི་བུམ་པ་དེ་རིགས་པའི་རྗེས་འབྲང་གི་མདོ་སྡེ་པས་དོན་དམ་བདེན་པར་འདོད་པའི་ཕྱིར་ཤིན་ཏུ་ཡ་མཚན་ནོ།།
གསུམ་པ་དབུ་སེམས་གཉིས་ཀྱི་གྲུབ་མཐའ་མཐར་ཆགས་སུ་བསྟན་པ་ནི།
སེམས་ཙམ་པའི་ལུགས་ལ། གོང་དུ་མདོ་སྡེ་པས་སུན་ཕྱུང་མ་ནུས་པའི་གཟུགས་དང་། ཤེས་པ་སོགས་རྫས་སུ་ཡོད་པར་འདོད་པའི་ཆོས་ལས་ཕྱི་རོལ་དོན་དུ་སྣང་བའི་རི་ར་བ་དང་ཚ་གྲང་སོགས་གང་ཇི་སྙེད་པ་དེ་དག་ཕྱི་དོན་འགོག་པའི་རིགས་པས་ཕྱི་རོལ་རྫས་སུ་ཡོད་པར་སུན་ཕྱུང་ནས། ལྷན་ཅིག་དམིགས་ངེས་ཀྱི་རིགས་པས་ཤེས་པ་ལ་དངོས་སུ་སྣང་བ་ཐམས་ཅད་དེའི་བདག་ཉིད་དུ་སྒྲུབ་པར་བྱེད་པས་སྣང་བ་ཐམས་ཅད་སེམས་ཙམ་དུ་ལེགས་པར་གཏན་ལ་ཕབ་པ་ཡིན་ཞིང་། ཚུར་མཐོང་ཐ་སྙད་ཀྱི་གནས་ཚུལ་ལ་འདི་ལས་ཕྲ་བ་ཞིག་གྲུབ་མཐའ་གོང་མ་གང་ལའང་གཏན་ལ་འབེབས་པའི་རིགས་པ་མེད་པས་ཐ་སྙད་ཀྱི་རྩེ་མོར་གྲགས་ཤིང་གྲུབ་པ་ཡིན་ནོ། །དེས་ན་སེམས་ཙམ་པས་ཡིད་དམ་ཤེས་པ་འབའ་ཞིག་རྫས་སུ་གྲུབ་པར་འདོད་པ་ཡིན་ཏེ། ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས།17 རྣལ་འབྱོར་སྤྱོད་པ་བ་ནི་འབྱུང་བ་ཆེན་པོ་བཞི་ཡང་རྫས་སུ་མེད་དེ། ཡིད་འབའ་ཞིག་རྫས་སུ་ཡོད་དོ་ཞེས་འདོད་དོ། །ཞེས་དང་། དེ་ལས་ཅུང་ཟད་ཞིབ་པར། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས།18རྫས་ཡོད་བཏགས་ཡོད་ཀྱི་སྒོ་ནས་བཞག་ན། གཟུགས་སེམས་སེམས་བྱུང་རེག་པ་ལ་སོགས་པ་ཉི་ཤུ་རྩ་གསུམ་དང་། དེ་བཞིན་ཉིད་ནི་རྫས་ཡོད་དེ་སེམས་བྱུང་བག་ཡོད་ལ་སོགས་ཉི་ཤུ་རྩ་དགུ་དང། མི་ལྡན་པའི་འདུ་བྱེད་ཐམས་ཅད་དང་ནམ་མཁའ་དང་འགོག་པ་བཞི་བཏགས་ཡོད་དོ། །ཞེས་གསུངས་པ་ལྟར་རོ། །གཟུགས་ནི་ཕྱི་དོན་བེམ་པོའི་ངོ་བོར་གྲུབ་པར་འདོད་པ་མིན་ཏེ། མི་ཕམ་རིན་པོ་ཆེའི་ཞལ་སྔ་ནས།19གཟུགས་ནི་ཕྱི་དོན་བེམ་པོར་དངོས་སུ་མེད་ཀྱང་ཀུན་གཞི་ལ་དོན་སྣང་གི་བག་ཆགས་སྨིན་པའི་དབང་གིས་ཕྱི་རོལ་གྱི་གཟུགས་སུ་སྣང་བ་སྟེ་རྨི་ལམ་གྱི་རྟ་གླང་བཞིན་དུ་འདོད། ཅེས་གསུངས་པ་ལྟར་གོ་བར་བྱའོ།།
དབུ་མ་པས་ནི་ཆོས་ཐམས་ཅད་དང་། ཁྱད་པར་སེམས་ཙམ་པས་དོན་དམ་པར་བདེན་པར་འདོད་པའི་གཉིས་སྟོང་གི་ཤེས་པ་དེའང་ཡེ་ནས་མ་སྐྱེས་པ་སྤྲོས་པ་ཀུན་དང་བྲལ་བར་གཏན་ལ་ཕབ་སྟེ། རྫས་སུ་ཡོད་པའི་ཆོས་རྡུལ་ཙམ་ཡང་མི་འདོད་ཅིང་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་རྟོག་པས་བཏགས་པའམ་བཏགས་ཡོད་ཙམ་དུ་འདོད་པ་ཡིན་ཏེ། ལང་ཀར་གཤེགས་པ་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པ་དངོས་པོའི་ངོ་བོ་ནི། །རྟོག་གེ་བ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་པ་དང་། མན་ངག་ལྟ་ཕྲེང་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དེ། ཞེས་དང་། ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས།20དབུ་མ་པ་ནི་ཡིད་ཀྱང་དོན་དམ་པར་རྫས་སུ་མེད་དེ་སོགས་གསུངས་པ་བཞིན་ནོ།།
བཞི་པ་དབུ་སེམས་གཉིས་ཀྱི་ཁྱད་པར་བསྟན་པ།
དབུ་མ་པ་དང་སེམས་ཙམ་པ་གཉིས་ཀྱི་ཁྱད་པར་ནི་གཉིས་སྟོང་གི་ཤེས་པ་རང་གསལ་དོན་དམ་དུ་འདོད་མི་འདོད་ཀྱི་གནད་ཕྲ་མོ་ཙམ་ལ་ཐུག་པ་ཡིན་ཏེ། ཀུན་མཁྱེན་མི་ཕམ་རིན་པོ་ཆེས།21འོན་ཀྱང་བརྗོད་མེད་ཀྱི་ཤེས་པ་དེ་ཡི་ངོ་བོ་ལ་བདེན་གྲུབ་ཏུ་འཇོག་ཚུལ་གྱི་གྲུབ་མཐའ་ཕྲ་མོ་ཙམ་ཞིག་ལྷག་མར་ལུས་པ་དེ་ཉིད་རིགས་པས་སུན་ཕྱུངས་ཏེ། གཟུང་འཛིན་མེད་པའི་ཤེས་པ་ཉིད་ཀྱང་བདེན་པ་མེད་པ་སྟོང་པ་དང་ཟུང་དུ་ཞུགས་པའི་རང་སེམས་གདོད་ནས་དག་པའི་འོད་གསལ་ཉིད་དུ་འདོད་ན་དབུ་མ་ཡང་དག་པ་ཡིན་ཏེ། དེས་ན་ཐེག་ཆེན་དབུ་སེམས་འདི་གཉིས་ཞེན་པའི་གནད་ཕྲ་མོ་ཞིག་ཆོད་མ་ཆོད་ཀྱི་ཁྱད་པར་ལས། ཞེས་གསུངས་པ་ལྟར་རོ།།
གསུམ་པ་གནད་དོན་བསྡུས་བའི་སྒོ་ནས་མཇུག་གི་རིམ་པ་བརྗོད་པ་ནི།
དེ་ལྟར་བྱེ་བྲག་སྨྲ་བས་འདོད་པའི་ཤེས་བྱ་ཇི་སྙེད་པ་ལས་མདོ་སྡེ་པས་སུན་ཕྱུང་བས་རྫས་སུ་ཡོད་པའི་ཆོས་གཟུགས་ཤེས་ཙམ་ཞིག་ལྷག དེ་ཡང་ཕྱི་དོན་རྣམས་སེམས་ཙམ་པས་སུན་ཕྱུང་ནས་སྣང་བ་ཤེས་པར་གཏན་ལ་ཕབ་པས་སྣང་བ་ཀུན་ཤེས་པའི་བདག་ཉིད་ཙམ་དུ་གྲུབ་པ་ཡིན། དེ་ཡང་གཟུང་འཛིན་གཉིས་སུ་སྣང་བའི་སྣང་བ་ཐམས་ཅད་ཀུན་བཏགས་ཡིན་པས། མཐར་རྫས་སུ་གྲུབ་པ་ནི་གཉིས་སྟོང་གི་ཤེས་པ་ཙམ་ལྷག་པ་ཡིན་ཞིང་། གྲུབ་མཐའ་རིམ་གྱིས་པའི་དབང་དུ་བྱས་ན་དབུ་མའི་བགོ་སྐལ་ལ་རིགས་པའི་དགག་བྱ་བདེན་པར་གྲུབ་པའི་ཆོས་འདི་ཙམ་ལས་མེད་པས་དབུ་མ་པའི་ཐུན་མིན་གྱི་དགག་བྱར་གནས་ཤིང་། དེ་ཉིད་དབུ་མ་པས་གཞི་མེད་དུ་གཏན་ལ་ཕབ་པས། མཐར་ཆོས་ཐམས་ཅད་དབུ་མའམ་སྟོང་པ་ཉིད་དུ་ལེགས་པར་གཏན་ལ་ཕབ་པ་ཡིན་ཞིང་། དབུ་མའི་ལུགས་ལ་ཆོས་ཐམས་ཅད་རྟོག་བཏགས་ཙམ་དུ་དོན་གྱིས་གྲུབ་པ་ཡིན་ནོ།།
དེ་ལྟར་གྲུབ་མཐའ་བཞིར་རིམ་གྱིས་ཞུགས་ཏེ། དང་པོ་ཐ་སྙད་ཀྱི་གནས་ཚུལ་གང་ཡིན་པ་ལ་ངེས་པ་རྙེད་པར་བྱས་ནས། མཐར་གནས་ལུགས་དངོས་སེམས་ཉིད་ཀྱི་རང་བཞིན་དུ་གཏན་ལ་ཕབ་ཅིང་རྟོགས་དགོས་པར་སེམས་ཏེ། སྤྱིར་ཆོས་ཉིད་ཅེས་པའང་ཐ་སྙད་དུ་ཡོད་པའི་སེམས་ཀྱི་རང་བཞིན་ཏུ་གཏན་ལ་ཕབ་ཅིང་། དེའི་རང་བཞིན་དུ་རྟོགས་དགོས་པ་ལས་ཕྱི་དོན་གཟུགས་སོགས་ནི་ཐ་སྙད་དུའང་མེད་པས་དེའི་སྟེང་དུ་ཇི་ལྟར་རུང་། རྒྱུ་མཚན་དེས་ན་རྣམ་གྲངས་མ་ཡིན་པའི་དོན་དམ་སོགས་ཇི་ལྟར་བརྗོད་ཀྱང་འཛིན་པ་ཀུན་དང་བྲལ་བའི་སེམས་ཀྱི་ལྡོག་ཆ་ནས་བརྗོད་པ་ལས་ལོགས་སུ་ཡུལ་ཞིག་གི་སྟེང་དུ་གྲུབ་པ་ནི་གང་ཡང་མེད་ཅིང་། མཉམ་བཞག་དུ་ཆོས་ཉིད་རྟོགས་ཞེས་པའང་སོ་སོའི་སེམས་ཀྱི་མཐའ་བཞིར་འཛིན་པའི་རྣམ་རྟོག་བྲལ་ཙམ་ལས་གཞན་དུ་གང་ཞིག་ཡོད་དེ། དཔལ་རང་བྱུང་ཞབས་ཀྱིས། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག།།ཅེས་གསུངས་པ་ལྟར་རོ། །དེས་ན་དང་པོ་ཆོས་ཐམས་ཅད་སེམས་ཀྱི་བག་ཆགས་ཀྱི་ཆོ་འཕྲུལ་ཙམ་དུ་གཏན་ལ་ཕབ་ནས་རིམ་བཞིན་སེམས་དེ་ཉིད་ཀྱང་གཟུང་འཛིན་གྱི་རྣམ་རྟོག་ཀུན་བྲལ་གྱི་ཡེ་ཤེས་ངོ་བོ་སྟོང་པའི་རང་བཞིན་དུ་ཤེས་ན་དབུ་མ་ཡང་དག་པ་ཡིན་པས་དབུ་མ་པའི་གཏན་ལ་ཕབ་པའི་ཆོས་ཉིད་ཅེས་པའང་དེ་ལས་ལྷག་པ་ཞིག་གང་ཞིག་ཡོད་སྙམ་མོ། །དེ་ཡང་། «དབུ་མ་རྒྱན་»ལས།22 སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང་། །ཤིན་ཏུ་དངོས་མེད་ཤེས་པར་བྱ། །ཞེས་དང་«རྒྱལ་སྲས་ལག་ལེན་སོ་བདུན་མ་»ལས།23 ཇི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་རོ།།
དེ་ལྟར་རིམ་བཞིན་ཐ་སྙད་ཀྱི་ཆོས་ཀུན་སེམས་ཉིད་ཀྱི་རང་བཞིན་དུ་རྟོགས་ཤིང་དེ་ཡང་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡེ་ཤེས་ངོ་བོ་སྟོང་པར་རྟོགས་ན་དེ་ཙམ་གྱིས་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་རྟོགས་པའི་གོ་ཆོད་པས། «བཞི་བརྒྱ་པ་»ལས། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་གསུངས་པའང་ལེགས་པར་གནད་དང་ལྡན་པ་ཤེས་པར་སེམས་སོ།།
དེས་ན་བྱེ་བྲག་སྨྲ་བས་ཆོས་ཐམས་ཅད་རྫས་ཡོད་དུ་འདོད་པ་དང་། དེ་ནས་རིམ་བཞིན་དབུ་མ་པས་ཆོས་ཐམས་ཅད་རྟོག་བཏགས་ཙམ་དུ་གཏན་ལ་ཕབ་པའི་བར་གྱི་གྲུབ་མཐའ་བཞིའི་སྐས་ཀྱི་གདང་བུ་རེ་རེར་གོམ་པ་སྤོས་ནས་ཐེག་པ་ཆེན་པོའི་ཐ་སྙད་དང་དོན་དམ་པའི་ཚུལ་ལ་རིམ་བཞིན་འཇུག་ན་བདེ་བར་སེམས། དེ་ལས་གཞན་དུ་ཐེག་དམན་གྱི་གྲུབ་མཐའ་ལ་གཤེ་གཤེ་སྨད་སྨད་དང་། ཐེག་ཆེན་གྱི་གྲུབ་མཐའ་ཞེས་མ་གོ་ནའང་གོ་མདོག་གིས་བཟང་བར་བཟུང་ནས་མ་བསྙབས་སྙོབ་མདོག་བྱེད་པས་ནི་སྐེད་ཚིགས་དང་། ལག་ཚིགས་ན་བ་ཙམ་ལས་གྲུབ་མཐའི་གོ་རིམ་གྱི་གནད་གང་ཡིན་པ་རྟོགས་པར་དཀའ་སྙམ་མོ།།
སླར་སྨོན་པ།
དགེ་དང་ལེགས་ཆ་ཇི་ཙམ་ཡོད་ཀྱང་ཉུང་།།
ཉེས་དང་སྐྱོན་ཆ་གཅིག་ལས་མེད་ཀྱང་མང་།།
དེ་ཕྱིར་དགེ་ལེགས་ཡོན་ཏན་འཕེལ་ཕྱིར་དང་།།
ཉེས་སྐྱོན་དྲི་མ་དག་ཕྱིར་ཡོངས་སུ་བསྔོའོ།།
ཞེས་པའང་ཕྱི་ལོ་ (༠༩/༢༧/༢༠༢༤) བོད་ཚེས་ཉེར་ལྔའི་ཉིན་མཇུག་ཡོངས་སུ་རྫོགས་པར་བྲིས་པ་དགེའོ།། དགེའོ།།
- «ཀྱེའི་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ།» (D,fol. 27a7-b1) པེ་ཅིན་དང་ཏོག་བཀའ་འགྱུར་ནང་བཞུགས་མི་འདུག་ཅེས་«ཞང་ཡེ་ཤེས་སྡེའི་ལྟ་བའི་ཁྱད་པར་ལ་དཔྱད་པ་»ཞེས་པའི་ཞིབ་འཇུག་དེབ་ཏུ་གསལ།
- ཡེ་ཤེས་སྡེ་པར་མ། པོད། ༩༥ ཤོག་ངོས་ ༦༣༢ པར་གསལ།
- «དུང་དཀར་གྲུབ་མཐའ།» སེར་སྨད་པར་མ། ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༥༡ པར་གསལ།
- «ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༥ པར་གསལ།
- «ལྟ་བའི་བརྗེད་བྱང་།» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས་ ༨ པར་གསལ།
- «གྲུབ་མཐའ་མཛོད།» དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་ངོས་ ༦༡ པར་གསལ།
- «མཁས་འཇུག» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། ཤོག་ངོས་ ༥༡ པར་གསལ།
- «དཀོན་ཅོག་འགྲེལ།» སི་ཁྲོན་པར་མ། ཤོག་ངོས་ ༤༥ པར་གསལ།
- «ཡིད་བཞིན་མཛོད་གྲུབ་བསྡུས།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩ པར་གསལ།
- «དོན་རྣམ་ངེས་ཤེས་རབ་རལ་གྲི།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༢༨ པར་གསལ།
- སི་ཁྲོན་པར་མ། ཤོག་ངོས་ ༢༩༣ པར་གསལ།
- «མན་ངག་ལྟ་ཕྲེང་གི་འགྲེལ་པ།» སི་ཁྲོན་པར་མ། ཤོག་ངོས་ ༣༡༤ པར་གསལ།
- «བཀའ་བརྒྱད་རྣམ་བཤད།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༢༣ པར་གསལ།
- «འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༡༨ པར་གསལ།
- «འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་སྤྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས ༢༤ པར་གསལ།
- «ལྟ་བའི་བརྗེད་བྱང་།» སི་ཁྲོན་པར་མ། ཤོག་ངོས་ ༩ པར་གསལ།
- «ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། སྨད་ཆ། ༨༢ པར་གསལ།
- «ཡིད་བཞིན་མཛོད་གྲུབ་བསྡུས།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ། ཤོག་ངོས་ ༣༤ པར་གསལ།
- «ལྟ་བའི་བརྗེད་བྱང་།» སི་ཁྲོན་པར་མ། ཤོག་ངོས་ ༩ པར་གསལ།
- «ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ཡེ་ཤེས་སྣང་བ་རྣམ་འབྱེད།» སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༦༤ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༠༠ པར་གསལ།
- ཐཱའི་ཝན་པར་མ། ཕྱི་ལོ་ ༢༠༠༤ དེབ་གཟུགས། ཤོག་ངོས་ ༥ པར་གསལ།
