རྩོམ་སྒྲིག་པ།
བསྟན་བཅོས་བརྒྱད་པོ་དེ་གང་དང་གང་ཡིན་ངོས་བཟུང་བ་ནི།
སྤྱིར་བོད་དུ་བྱམས་པའི་ཆོས་སྡེ་ཉི་ཤུ་ཞེས་ཡོངས་སུ་གྲགས་ཡོད་ལ། དེ་ཡང་། རྗེ་བཙུན་གྱི་བྱམས་ཆོས་སྡེ་ལྔ། ཐོགས་མེད་ཀྱི་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས། དབྱིག་གཉེན་གྱི་པྲ་ཀཱ་ར་ཎ་སྡེ་བརྒྱད་ཅེས་ཉི་ཤུར་བགྲངས། དེ་ལ་ད་རེས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས་པྲ་ཀཱ་ར་ཎ་སྡེ་བརྒྱད་དུ་གྲགས་པ་ད་ལྟ་བསྟན་འགྱུར་དུ་བཞུགས་པ་འདི་དག་ལ་ངོ་སྤྲོད་བསྡུས་ཙམ་རེ་བྱ་རྒྱུ་དང་། དེ་དག་ངོས་བཟུང་བ་ལ། ༡༽ ཉི་ཤུ་པའི་ཚིག་ལེའུར་བྱས་པ། ༢༽ སུམ་ཅུ་པའི་ཚིག་ལེའུར་བྱས་པ། ༣༽ ལས་གྲུབ་པའི་རབ་ཏུ་བྱེད་པ། ༤༽ ཕུང་པོ་ལྔའི་རབ་ཏུ་བྱེད་པ། ༥༽ མདོ་སྡེ་རྒྱན་གྱི་བཤད་པ། ༦༽ དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ། ༧༽ རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་རྣམ་པར་དབྱེ་བ་བཤད་པ། ༨༽ རྣམ་བཤད་རིགས་པ་བཅས་བརྒྱད་དུ་ངོས་འཛིན་སྲོལ་ཡོད། ཡང་དེང་སང་གི་ཡིག་ཆ་དག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་བཤད་ཀྱི་ཚབ་ཏུ་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་བརྩིས་ནས་བརྒྱད་དུ་ངོས་བཟུང་བའང་ཡོད།
དེ་ངོས་བཟུང་ནས་འདི་བརྒྱད་པོ་ཅི་ཞིག་ཡིན་པ་དང་། དབྱིག་གཉེན་གྱི་ཆོས་ཚན་འདི་ལས་ཀྱང་མང་དུ་ཡོད་ཀྱང་འདི་བརྒྱད་ལ་པྲ་ཀཱ་ར་ཎ་སྡེ་བརྒྱད་ཅེས་ཚན་པ་གཅིག་དུ་སྒྲིལ་དགོས་དོན་ཅི་ཡིན་པ་དང། འདི་བརྒྱད་པོ་ཐོག་མར་སློབ་དཔོན་གྱིས་རྒྱ་གར་སྐད་དུ་བརྩམས་ན་ད་ལྟའི་ཆར་འགྱུར་གཞན་དུ་ཡོད་མེད་དང་། འདི་བརྒྱད་པོའི་བརྗོད་བྱ་གང་ཡིན་མིན་དང་། བསྟན་བཅོས་འདི་དག་གི་རྩ་བའི་སྒྲོམ་གྲུབ་མཐའ་གང་གི་དབང་དུ་བྱས་ནས་བརྩམས་ཡོད་མེད་དང་། བསྟན་བཅོས་འདི་བརྒྱད་པོའི་ལུས་ཀྱི་རྣམ་པ་ཇི་ལྟར་གནས་ཡོད་མེད་དང་། བསྟན་བཅོས་འདི་དག་ལ་འགྲེལ་པ་གཞན་ཡོད་མེད་ལ་སོགས་པའི་དོགས་འདྲི་མང་པོ་ཞིག་ཁྱེད་ཀྱི་སེམས་ལ་འཁོར་ཡོང་སྲིད་པས་གནད་དོན་དེ་དག་ལ་ཕྱོགས་ཙམ་རེ་ངོ་སྤྲོད་ཀྱི་སྒོ་ནས་གསལ་བཤད་བྱ་རྒྱུ་ནི་སྐབས་འདིར་བླངས་པའི་ས་མིག་གི་དོན་སྙིང་ཡིན།
པྲ་ཀཱ་ར་ཎ་སྡེ་བརྒྱད་ཅེས་མིང་ཇི་ལྟར་ཐོགས་ཚུལ་ནི།
པྲ་ཀཱ་ར་ཎ་སྡེ་བརྒྱད་ཅེས་མིང་འདི་ཐོག་མར་རྒྱ་གར་དུ་ཡོད་མེད་དང་། མེད་ན་བོད་དུ་ཐོག་མར་སུས་བེད་སྤྱོད་བཏང་མིན་སོགས་ནི་ཁ་གསལ་གོ་བདེ་ཞིག་སུ་ལའང་བརྗོད་རྒྱུ་མེད་པ་ལྟ་བུར་གྱུར་ཡོད། འོན་ཀྱང་ཡིག་ཆ་རྙིང་པ་དག་ལ་འཚོལ་ཞིབ་བྱས་ན། བོད་འདིར་ཉང་རལ་ཉི་མ་འོད་ཟེར་ (༡༡༢༤-༡༡༩༢) གྱི་«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་»ལས་དབྱིག་གཉེན་གྱི་རབ་ཏུ་བྱེད་པ་སྡེ་བརྒྱད་ཅེས་པའི་མིང་འདི་ཡོང་བ་ཡིན་ཞེས་ཟེར། དུས་རབས་བཅུ་གསུམ་ནང་དུ་བྱོན་པའི་མཁས་པ་ལྡེའུས་མཛད་པའི་«རྒྱ་བོད་ཆོས་འབྱུང་»ལས། “དེ་ནས་སྔར་གྱི་ཐེག་པ་ཆུང་ངུའི་འགྲེལ་པ་དེ་རྣམས་ངན་པ་དང་། ནོར་བར་གཟིགས་ནས། ཐེག་པ་ཆེན་པོའི་མདོ་འགྲེལ་ལྔ་བརྒྱ་མཛད། བྱམས་པའི་ཆོས་བཞི་ལ་འབྲེལ་པ་བཏགས། པྲ་ཀཱ་ར་ཎ་སྡེ་བརྒྱད་བརྩམས།” ཞེས་འབྱུང་བ་ཡིན། དེ་དང་དུས་མཚུངས་པ་བུ་སྟོན་ཆོས་འབྱུང་དུའང་། “དབྱིག་གཉེན་གྱིས་མཛད་པའི་པྲ་ཀཱ་ར་ཎ་སྡེ་བརྒྱད་ལ་སོགས་པའོ། །”ཞེས་གསུངས། གཞན་ཡང་དུས་རབས་བཅུ་དྲུག་པའི་ནང་དུ་བྱོན་པའི་རྗེ་བཙུན་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལས། “དགོངས་འགྲེལ་གྱི་བསྟན་བཅོས་སོགས་ལ་གཞན་འགྲེལ་དུ་བརྩམས་པ་ལྔ་བཅུ་ཙམ་དང་། རང་རྐང་དུ་པྲ་ཀཱ་ར་ཎ་སྡེ་བརྒྱད་མཛད།” ཅེས་གསུངས་པ་ལྟར་བོད་ཀྱི་ཡིག་ཆ་དག་ལས་ཡོང་བ་ཡིན།
པྲ་ཀཱ་ར་ཎ་སྡེ་བརྒྱད་ཀྱི་གོ་རིམ་དང་གྲངས་ངེས་ཚུལ།
དེ་དག་གི་གོ་རིམ་ལ་བསམས་ན་དང་པོ་«སུམ་ཅུ་པའི་ཚིག་ལེའུར་བྱས་པ་»ནི། སེམས་ཙམ་པའི་ལྟ་བ་གཙོ་བོར་སྟོན་པའི་ཆ་ནས་མཛད་པ་དང་། དེ་ཡི་སྒྲུབ་བྱེད་དུ་«ཉི་ཤུ་པའི་ཚིག་ལེའུར་བྱས་པ་»དེ་མཛད། དེ་ནས་དེའི་རྩོད་སྤོང་གི་ཆ་ལ་གལ་ཏེ་སྣང་བ་ཐམས་ཅད་སེམས་ཡིན་ན་ཕུང་པོ་ལྔ་ཡི་རྣམ་གཞག་ཇི་ལྟར་འཐད་ཅེས་པའི་རྩོད་པའི་ལན་དུ། «ཕུང་པོ་ལྔའི་རབ་ཏུ་བྱེད་པ་»དེ་བརྩམས་པར་བཤད། གལ་ཏེ་སྣང་བ་འདི་ཀུན་སེམས་ཡིན་ན་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཇི་ལྟར་འཐད་ཅེས་པའི་ལན་དུ་«ལས་གྲུབ་པའི་རབ་ཏུ་བྱེད་པ་»དེ་བརྩམས། དེ་བཞིན་དུ་ཆོས་འཆད་ཉན་ཀྱང་མི་འཐད་པར་རྩོད་པའི་ལན་དུ་«རྣམ་བཤད་རིགས་པ་»དེ་ཉིད་བརྩམས། དེ་ལྔ་ལ་སློབ་དཔོན་གྱིས་རང་སྟོབས་ཀྱིས་བརྩམས་པའི་བསྟན་བཅོས་ལྔར་བཤད། དེ་ནས་རྟེན་འབྲེལ་གྱི་རྣམ་གཞག་མི་འཐད་པར་རྩོད་པ་ལ་«རྟེན་འབྲེལ་མདོ་འགྲེལ་»བརྩམས། མཚན་ཉིད་གསུམ་གྱི་རྣམ་གཞག་མི་འཐད་པར་རྩོད་པའི་ལན་དུ་«དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་»བརྩམས། ཕར་ཕྱིན་དང་བསྡུ་དངོས་ལ་སོགས་པ་ཡང་མི་འཐད་པར་རྩོད་པའི་ལན་དུ་«མདོ་སྡེ་རྒྱན་གྱི་འགྲེལ་པ་»བརྩམས། དེ་གསུམ་སློབ་དཔོན་གྱིས་གཞན་གྱི་བསྟན་བཅོས་ལ་འགྲེལ་པ་བརྩམས་པས་གཞན་སྟོབས་ཀྱིས་བརྩམས་པ་ཡིན་ཞེས་སྔོན་གྱི་མཁས་པ་ཚོས་གསུང་འགྲོས་ཡོད་པར་སྣང་། འདི་ཡི་ལུགས་ལ་དབྱིག་གཉེན་གྱིས་བརྩམས་པའི་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་འདི་ཉིད་མི་ཚུད་པའི་རྒྱུ་མཚན་འཚོལ་དུ་ཡོད་ཅིང་བསམ་པར་བྱ་དགོས་སོ།།
ཡང་འགའ་ཞིག་གིས་རྟེན་འབྲེལ་མདོ་འགྲེལ་ཕུད་དེ་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་དེ་རྩི་བར་འདུག་ཀྱང་དེའི་རྒྱུ་མཚན་ཅི་ཞེས་དཔྱད་གཞིར་མཆིས། འོན་ཀྱང་ལུགས་གཞན་ཞིག་ནས་བསམས་ན། རྒྱ་གར་སྐད་དུ་པྲ་ཀཱ་ར་ཎ་ཞེས་པ་ནི་རབ་ཏུ་བྱེད་པ་ཞེས་གོ་དགོས་ལ། དེ་ཡང་སློབ་དཔོན་གྱིས་རང་རྐང་དུ་བརྩམས་པ་ལ་གོ་དགོས་པ་ལས། གཞན་འགྲེལ་དང་རྣམ་བཤད་རིགས་པ་ལྟ་བུ་ལ་རབ་ཏུ་བྱེད་པའི་དོན་མ་ཚང་བས་མི་འཐད་ཅེས་མཁས་པ་དག་གསུང་བ་ཡིན། དེ་ཡང་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལས། “སློབ་དཔོན་འདིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་སོགས་གཞན་འགྲེལ་གསུམ་པོ་པྲ་ཀཱ་ར་ཎ་སྡེ་བརྒྱད་ལ་བགྲང་བ་ཕྱོགས་འདིར་སྤྱི་ཁྱབ་ཏུ་གྲགས་ཀྱང་། ཚིག་འགྲེལ་ལ་རབ་ཏུ་བྱེད་པའི་ཐ་སྙད་མི་སྦྱོར་ཞིང་། རྣམ་བཤད་རིགས་པ་ལའང་རབ་ཏུ་བྱེད་པའི་ཐ་སྙད་འཇུག་དཀའོ། །དེ་ལ་རབ་ཏུ་བྱེད་པ་ནི་དོན་ཚན་གཙོ་ཆེ་བ་རེ་རེ་སྟོན་པའི་བསྟན་བཅོས་ཐོར་བུའི་མིང་ཡིན་པས། མདོ་སྡེ་རྒྱན་ལྟ་བུའི་གཞུང་ཆེན་པོ་ལའང་མི་ཟེར་ན། དེའི་ཚིག་འགྲེལ་ལ་ཟེར་བ་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ལ་ལ་རབ་ཏུ་བྱེད་པའི་མིང་ཡོད་ལ། འགའ་ཞིག་ལ་མེད་པའང་མི་རིགས་སོ། །”ཞེས་དང་། མཁས་པ་ལྡེའུས་རྒྱ་བོད་ཆོས་འབྱུང་དུ། “བྱམས་པའི་ཆོས་བཞི་ལ་འགྲེལ་པ་བཏགས། པྲ་ཀཱ་ར་ཎ་སྡེ་བརྒྱད་བརྩམས།” ཞེས་བྱམས་ཆོས་ཀྱི་འགྲེལ་པ་དག་གཞན་དུ་བགྲངས་པས་ཀྱང་ཤེས་ནུས་པ་ཡིན། དེས་ན་རབ་ཏུ་བྱེད་པ་དང་པོ་བཞི་ལས་གཞན་རྣམས་བོད་འགྱུར་མེད་པར་འདོད་དགོས་སམ། ཡང་ན་ཟུར་གཞན་ཞིག་ནས་གཏམ་གླེང་བྱ་དགོས་ཚུལ་སོགས་དཔྱད་པའི་གཞི་ཙམ་ཡིན་པ་ལས། སྐབས་འདིའི་སྤྲོ་བྱ་མ་ཡིན། ད་ནི་བསྟན་བཅོས་བརྒྱད་པོ་རིམ་བཞིན་ངོ་སྤྲོད་པར་བྱ་བ་ལ།
༡༽ སུམ་ཅུ་པའི་ཚིག་ལེའུར་བྱས་པ།
དང་པོ་«སུམ་ཅུ་པའི་ཚིག་ལེའུར་བྱས་པ་»ནི། བསྟན་བཅོས་འདིའི་ལུས་ནི་ཤོ་ལོ་ཀ་སུམ་ཅུའི་བདག་ཉིད་དུ་བརྩམས་ཡོད་པས་སུམ་ཅུ་པ་ཞེས་མཚན་ཐོགས་པ་ཡིན། འདི་ལ་མཆོད་བརྗོད་དང་བརྩམ་པར་དམ་བཅའ་བའི་ཚིག་གང་ཡང་མེད། བོད་དུ་ཞང་ཡེ་ཤེས་སྡེས་བསྒྱུར་པས་ད་ལྟ་བསྟན་འགྱུར་དུ་བཞུགས་ཡོད། བསྟན་བཅོས་འདིའི་བརྗོད་བྱ་ནི་གཞུང་དངོས་བསྟན་གྱི་ཐ་སྙད་ལྟར་བྱས་ན་གྱུར་པ་རྣམ་པ་གསུམ་ཡིན། གྱུར་པ་རྣམ་པ་གསུམ་ནི་རྣམ་པར་སྨིན་པ་དང་། ངར་སེམས་པ་དང་། ཡུལ་ལ་རྣམ་པར་རིག་པ་ཞེས་རིམ་བཞིན་སེམས་དང་། ཡིད་དང་། རྣམ་ཤེས་གསུམ་པོ་འདི་དག་ཡིན། སེམས་ནི་ཀུན་གཞི་རྣམ་ཤེས། ཡིད་ནི་ཉོན་ཡིད། རྣམ་ཤེས་ནི་གཞན་ཚོགས་དྲུག་པོ་དག་ཡིན་ནོ།།
འདི་གསུམ་འཕྲོས་དོན་དང་བཅས་པ་ལ་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་ཡིན། འདི་ལ་འགྲེལ་པ་རྒྱ་གར་དུ་སློ་དཔོན་བློ་གྲོས་བརྟན་པས་མཛད་པའི་«སུམ་ཅུ་པའི་བཤད་པ་»ཞེས་པ་དང་། སློབ་དཔོན་དུལ་བ་ལྷས་མཛད་པའི་«སུམ་ཅུ་པའི་འགྲེལ་བཤད་»དང་། བོད་དུ་འཇམ་མགོན་མི་ཕམ་པས་མཛད་པའི་«སུམ་ཅུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ་»དང་། བསྟན་བཅོས་འདིར་བསྟན་གྱི་བརྗོད་དོན་གཙོ་བོ་ནི་གོང་བཤད་ལྟར་གྱུར་པ་རྣམ་པ་གསུམ་དེ་ཡིན་ཞིང་། དེའི་སྟེང་དུ་ཡང་དག་མ་ཡིན་པའི་ཀུན་རྟོག་དེས་ཀུན་དུ་བརྟགས་པའི་ཆོས་རྣམས་ཇི་ལྟར་བཏགས་ཚུལ་ལས་བརྩམས་ཏེ་རང་བཞིན་གསུམ་གྱི་རྣམ་གཞག་ལ་སོགས་པའང་བརྗོད་པར་བྱ་བའི་ཚུལ་དུ་མཆིས།
༢༽ ཉི་ཤུ་པའི་ཚིག་ལེའུར་བྱས་པ།
གཉིས་པ་«ཉི་ཤུ་པའི་ཚིག་ལེའུར་བྱས་པ་»ནི་བསྟན་བཅོས་འདི་སློབ་དཔོན་གྱིས་ཚིགས་བཅད་ཤོ་ལོ་ཀ་ཉི་ཤུའི་བདག་ཉིད་ཅན་དུ་བརྩམས་ཡོད་པས་མཚན་ཡང་དེ་ལྟར་ཐོགས་པ་ཡིན། བསྟན་བཅོས་འདི་ལ་དམིགས་བསལ་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བ་གང་ཡང་མེད། འདིའི་བརྗོད་བྱ་གཙོ་བོ་ནི་མདོ་སྡེ་ས་བཅུ་པར་ཁམས་གསུམ་པོ་འདི་དག་སེམས་ཙམ་དུ་གསུངས་པའི་ལུང་གི་དོན་རིགས་པས་རྒྱས་པར་བསྒྲུབས་པའི་གཞུང་དུ་གནས། མདོ་སྡེ་ས་བཅུ་པའི་ལུང་དེ་ཉིད་བསྟན་བཅོས་འདིར་རིགས་པའི་སྙིང་པོ་གསུམ་གྱི་སྒོ་ནས་བསྒྲུབས་ཡོད།
ཐུན་མོང་གི་བལྟ་བྱ་མེད་པས་སྣང་བ་སེམས་སུ་སྒྲུབ་པ་དང་། རགས་པ་རྩོམ་ཚུལ་ལ་དཔྱད་དེ་ཕྱི་དོན་མེད་པར་སྒྲུབ་པ། མཐུན་དཔེ་རྨི་ལམ་ལ་དཔྱད་དེ་ཕྱི་དོན་མེད་པར་སྒྲུབ་པ་བཅས་གཙོ་བོ་འདི་གསུམ་ཡིན། འདི་དག་གི་དོན་རྒྱས་པར་ཤེས་འདོད་ན་བསྟན་བཅོས་ཀྱི་རྩ་འགྲེལ་དག་ལ་ཞིབ་གཟིགས་བྱ་དགོས། བོད་དུ་ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་ད་ལྟ་བསྟན་འགྱུར་དུ་བཞུགས་ཡོད། བསྟན་བཅོས་འདི་ལ་འགྲེལ་པ་རྒྱ་གར་དུ་སློབ་དཔོན་རང་གི་«ཉི་ཤུ་པའི་འགྲེལ་པ་»དང་། སློབ་དཔོན་དུལ་བ་ལྷས་མཛད་པའི་«རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་བཤད་»དང་། བོད་དུ་འཇམ་མགོན་མི་ཕམ་པས་མཛད་པ་«ཉི་ཤུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ་»ལ་སོགས་པ་ཡོད།
༣༽ ཕུང་པོ་ལྔའི་རབ་ཏུ་བྱེད་པ།
གསུམ་པ་«ཕུང་པོ་ལྔའི་རབ་ཏུ་བྱེད་པ་»ནི། བསྟན་བཅོས་འདི་ཡི་ལུས་ནི་ལྷུག་གི་རྣམ་པར་གནས་ཡོད་ཅིང་། བརྗོད་བྱ་ནི་ཕུང་པོ་ལྔ་ཉིད་དེ། དེ་ཉིད་ལས། ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །ཞེས་གསུངས་པ་ལས་བརྩམས་ཏེ་ཕུང་པོ་ལྔ་པོ་རིམ་བཞིན་ནང་གསེས་དབྱེ་བ་དང་བཅས་རྒྱས་བཤད་དུ་གསུངས་ཡོད། འདི་སེམས་ཙམ་རང་གཞུང་དུ་གནས་ཡོད་པ་ནི་འཇིག་ལྟ་དང་མཐར་ལྟ་གཉིས་ཀྱི་ལྷན་སྐྱེས་ཡོད་པར་གསུངས་པ་དང་། འདུས་མ་བྱས་བཞི་རུ་གསུངས་པ་ལས་ཤེས་ནུས་པ་ཡིན། བོད་དུ་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར། འདི་རྒྱ་གར་དུ་འགྲེལ་པ་སློབ་དཔོན་བློ་གྲོས་བརྟན་པས་མཛད་པའི་«ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་»ཞེས་དང་། བོད་དུ་འགྲེལ་པ་ད་བར་མ་མཇལ་ཞིང་ཡོད་མེད་མ་ཤེས།
༤༽ ལས་གྲུབ་པའི་རབ་ཏུ་བྱེད་པ།
བཞི་པ་«ལས་གྲུབ་པའི་རབ་ཏུ་བྱེད་པ་»ནི། བསྟན་བཅོས་འདིའི་ལུས་ནི་ལྷུག་རྩོམ་དུ་གནས་ཡོད་ཅིང་། བརྗོད་བྱ་ནི་བྱེ་བྲག་ཏུ་སྨྲ་བས་ལུས་ངག་གི་ལས་རྣམས་ལས་མཚན་ཉིད་པར་འདོད་པ་དེ་ཉིད་དགག་པའི་བསྟན་བཅོས་སུ་བཞུགས། བསྟན་བཅོས་འདི་ཉིད་ལས། “མདོ་ལས། ལས་ནི་གསུམ་སྟེ། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་སོ། །ཞེས་བྱུང་བ་དེ་ལ་ཁ་ཅིག་ན་རེ་ལུས་ཀྱིས་བྱས་པའི་ལས་ནི་ལུས་ཀྱི་ལས་ཡིན་ལ། ངག་ཉིད་ནི་ངག་གི་ལས་ཡིན་ཏེ། སོ་སོར་གཉིས་ཀ་ཡང་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ནོ། །ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་ཏེ་སེམས་པ་ཡིན་ནོ་ཞེས་ཟེར་རོ། །”ཞེས་གསུངས་པ་འདི་ལས་བརྩམས་ཏེ་འདོད་པ་འདི་བྱེ་སྨྲའི་འདོད་པར་སྣང་ཞིང་། འདི་དག་དགག་པའི་སྒོ་ནས་རང་ལུགས་ཀྱི་ལས་ནི་སེམས་པ་ཡིད་ཀྱི་ལས་དང་། བསམ་པ་ལུས་ངག་གི་ལས་གཉིས་ཀ་ཡང་ནང་སེམས་སུ་འདོད་པ་ལས་ཕྱི་ཡི་རིག་བྱེད་དུ་མི་བཞེད་ལ། ལས་ཡིན་ན་སེམས་བྱུང་སེམས་པ་ཡིན་དགོས་ཚུལ་ལྟ་བུར་གསུངས་ཡོད། བོད་དུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར། མདོར་ན་བསྟན་བཅོས་འདི་ནི་སེམས་ཙམ་པའི་ལས་ཀྱི་རྣམ་གཞག་ཇི་ལྟར་འདོད་པའི་གཞུང་དུ་ངོས་བཟུང་ན་མི་འགྲིག་པ་ཆེར་མ་མཐོང་། བསྟན་བཅོས་འདི་ལ་རྒྱ་གར་དུ་དགེ་སློང་བློ་བཟང་ངང་ཚུལ་གྱིས་མཛད་པའི་«ལས་གྲུབ་པའི་བཤད་པ་»ཞེས་པ་ཞིག་ཡོད་པ་ད་ལྟ་བསྟན་འགྱུར་དུ་མཇལ་དུ་ཡོད། བོད་འགྲེལ་ནི་མ་མཇལ་ལོ།།
༥༽ རྣམ་བཤད་རིགས་པ།
ལྔ་པ་«རྣམ་བཤད་རིགས་པ་»ནི། རྣམ་བཤད་རིགས་པའི་བསྟན་བཅོས་འདི་ལུས་ཀྱི་རྣམ་པ་ཕལ་ཆེར་ལྷུག་ཏུ་གནས་པ་ལ་བར་སྐབས་སུ་ཚིགས་སུ་བཅད་པ་དག་ཀྱང་མང་པོ་ཡོད། ལུས་ཀྱི་ཚད་ནི་ལེའུ་ལྔ་དང་བམ་པོ་བཅུ་ཡི་བདག་ཉིད་དུ་བཞུགས། དེ་ཡང་བརྗོད་བྱ་ནི་དེ་ཉིད་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། །ཞེས་གསུངས་པ་ལྟར་མདོ་འཆད་ཐབས་ཀྱི་མན་ངག་རྣམ་པ་ལྔ་འདི་ཉིད་རྒྱས་བཤད་དུ་གསུངས་པ་དེ་ཡིན། དེ་ཡང་དགོས་པ། བསྡུས་དོན། ཚིག་དོན། མཚམས་སྦྱོར། བརྒལ་ལན་བཅས་ལྔ་པོ་འདི་ཁ་ཅིག་གིས་རྗེ་བཙུན་བྱམས་པའི་མན་ངག་ཡིན་ཞེས་ཀྱང་ཟེར། གང་ལྟར་བསྟན་བཅོས་འདིར་དེ་ལྔས་མདོ་དང་བསྟན་བཅོས་ཇི་ལྟར་འཆད་དགོས་ཚུལ་ཤིན་ཏུ་སྤྲོས་ནས་གསུངས་ཡོད། བོད་དུ་ལོ་ཙཱ་བ་བན་དེ་གཙང་དེ་བཎྡྲ་རཀྴི་ཏས་བསྒྱུར། བསྟན་བཅོས་འདི་ལ་འགྲེལ་པ་རྒྱ་གར་དུ་«རྣམ་བཤད་རིགས་པའི་བཤད་པ་»ཞེས་པ་མཛད་བྱང་གསལ་ཁ་མེད་པ་ཞིག་བསྟན་འགྱུར་དུ་བཞུགས་ཡོད། འདི་ལ་བོད་འགྲེལ་མེད་པར་སྣང་།
༦༽ རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་བཤད།
དྲུག་པ་«རྟེན་ཅིང་འབྲེལ་བར་བྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ་»ནི། «རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོའི་རྣམ་པར་དབྱེ་བ་ཞེས་བྱ་བའི་མདོ་»ཡི་འགྲེལ་པ་ཡིན་ཞིང་། བོད་དུ་ལོ་ཙཱ་བ་དགེ་སློང་ནམ་མཁས་བསྒྱུར། གཙོ་བོ་རྟེན་འབྲེལ་གྱི་རྣམ་གཞག་མི་འཐད་པར་རྩོད་པའི་རྒོལ་བ་བཟློག་པའི་སླད་དུ་བརྩམས། དེ་ཡང་སྤྱིར་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཙམ་དང་། དབུ་མ་ནས་བཤད་པ་ལྟར་ལྟོས་གྲུབ་ཀྱི་རྟེན་འབྲེལ་གཉིས་སུ་མཆིས་པ་ལས། འདིར་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག་ལས་བརྩམས་ཏེ་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཙམ་ཞིག་གསུངས་ཡོད། དེས་ན་གྲུབ་མཐའ་སེམས་ཙམ་དུ་གཏོགས་པ་ཡིན། འདི་ལ་རྒྱ་གར་དུ་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པའི་«རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ་»ཞེས་པ་ཞིག་ཡོད། བོད་འགྲེལ་ནི་མེད་པར་སྣང་།
༧༽ དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ།
འདི་ནི་སློབ་དཔོན་གྱིས་གཞན་འགྲེལ་དུ་བརྩམས་པའི་བསྟན་བཅོས་ཏེ། གཙོ་བོ་མཚན་ཉིད་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་བྱེད་དུ་བརྩམས། བོད་དུ་ཞང་ཡེ་ཤེས་སྡེས་བསྒྱུར། བརྗོད་བྱ་ནི་གཞུང་རྩ་བ་ལྟར། མཚན་ཉིད་སྒྲིབ་པ་དེ་ཁོ་ན། །གཉེན་པོ་དག་ནི་བསྒོམ་པ་དང་། །དེ་ཡི་གནས་དང་འབྲས་བུ་འཐོབ། །ཐེག་པ་བླ་ན་མེད་པ་འོ། །ཞེས་གསུངས་པ་ལྟར་དབུ་ཞབས་ཀྱི་བསྡུས་དོན་ལ་དོན་རྣམ་པ་བདུན་པོ་རྩ་གཞུང་ནས་གསལ་པ་ལྟར། འགྲེལ་པས་ཀྱང་དེ་བཞིན་དུ་བཀྲལ་ཡོད། གྲུབ་མཐའ་སེམས་ཙམ་དུ་གཏོགས། ལེའུ་ལྔ་ཡི་བདག་ཉིད་དུ་བཞུགས། འདི་ལ་བསྐྱར་འགྲེལ་བྱེད་མཁན་རྒྱ་བོད་གཉིས་ཀ་ན་མེད་པར་སྣང་། དབུས་མཐའི་རྩ་བ་ལ་བོད་འགྲེལ་གཞན་ཡོད་པ་དག་གི་གཞི་བཅོལ་ས་ལྟ་བུ་འདི་ཡིན།
༨༽ མདོ་སྡེ་རྒྱན་གྱི་བཤད་པ།
འདི་ནི་སློབ་དཔོན་གྱི་བསྡུ་དངོས་དང་ཕར་ཕྱིན་ལ་སོགས་རྣམ་གཞག་འཐད་པར་བསྟན་པའི་དོན་དུ་མཛད་པར་གསུངས། བོད་དུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར། བསྟན་བཅོས་ཀྱི་ལུས་ནི་རྩ་བ་ཇི་བཞིན་དུ་ལེའུ་ཉེར་གཅིག་གི་བདག་ཉིད་དུ་བཞུགས་ཡོད། བརྗོད་བྱ་ནི་བསྟན་བཅོས་རྩ་བ་ལས། གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པ་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟར། །ཆོས་དེ་འདིར་བཤད་པ་ཡང་དགའ་བའི་མཆོག་བསྐྱེད་དོ། །ཞེས་གསུངས་པ་ལྟར། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་བཅས་དོན་རྣམ་པ་ལྔ་ཡིས་དབུ་ཞབས་ཀྱི་དོན་ཡོངས་སུ་བསྡུས་པ་ཡིན། གྲུབ་མཐའ་ནི་སེམས་ཙམ་དུ་གཏོགས་པ་ཡིན། དེ་ཡིས་དབྱིག་གཉེན་གྱི་རབ་ཏུ་བྱེད་པ་སྡེ་བརྒྱད་དུ་གྲགས་པའི་ངོ་སྤྲོད་མདོ་ཙམ་སྤྲོས་ཟིན་པས། ལོག་བཤད་དུ་སོང་བའི་ཆ་རེ་ཡང་ཡོད་སྲིད་པས་དགོངས་སེལ་ཞུ།
གསལ་བཤད། ལོ་རྒྱུས་དང་ཐ་སྙད་ཀྱི་རྣམ་གཞག་རྣམས་གོང་དུ་དྲངས་པ་བཞིན། རྒྱ་བོད་ཀྱི་ཆོས་འབྱུང་རྙིང་གྲས་དག་ལས་བཏུས། གཞན་ངོ་སྤྲོད་དངོས་ལ་ཁུངས་གཏུག་སའི་ཡིག་ཆ་དམིགས་བསལ་གང་ཡང་མེད་ལ། བསྟན་བཅོས་བརྒྱད་ཀ་སྔ་འགྱུར་གྱི་དུས་སུ་ཡོད་པ་དཀར་ཆག་ལྡན་དཀར་མ་སོགས་སུ་གསལ་བ་བཞིན། གཙོ་བོ་སྡེ་དགེ་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་བརྒྱད་པོའི་མགོ་མཇུག་བར་གསུམ་ལ་དངོས་སུ་བལྟས་ནས་ངོ་སྤྲོད་བྱས་པ་ཡིན།
