ལོ་རིམ་བདུན་པའི་སློབ་གཉེར་བ། ཨོ་རྒྱན་བསྟན་འཛིན།
ངེས་པའི་དོན་དུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་དང་གཉིས་སུ་མེད།།
སྣང་ཚུལ་རྟེན་འབྲེལ་སྒྱུ་མའི་གྲོང་ན་དགེ་བའི་བཤེས་གཉེན་རྣམ་པར་རོལ།།
བསྟན་འགྲོར་སྨན་པའི་མཛད་བཟང་དཀར་པོ་ཉི་ཟླའི་སྣང་བས་ས་ཆེན་ཁྱབ།།
ལྷག་པའི་ལྷ་མཆོག་གྲུབ་དབང་ཆོས་རྗེས་ཚེ་རབས་ཕྲེང་བར་ཤིས་པར་སྩོལ།།
ཅེས་ཡབ་རྗེ་༸གྲུབ་དབང་བླ་མ་ལ་མཆོད་པར་བརྗོད་ཅིང་དད་པའི་འདབ་མ་ཀུན་ནས་རྒྱས་ཏེ་འདིར་དབུ་མ་ཐལ་འགྱུར་བའི་ཤིང་རྟ་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པ་ནས་བསྟན་པའི་ཟླ་བའི་ཐལ་ཆེན་གསུམ་དབུ་མ་རང་རྒྱུད་པར་འཇུག་པའི་ཚུལ་ལ་མདོ་ཙམ་དཔྱད་པར་བྱ་སྟེ། དེ་ལ་རྩ་བའི་ས་བཅད་བདུན་གྱི་སྒོ་ནས་རིམ་བཞིན་འཆད་པ་ལ།
དང་པོ། སྔོན་དུ་འགྲོ་བའི་གཏམ།
བོད་ཀྱི་ཁ་དཔེ་ལ། མི་སུམ་ཅུ་ལ་བསམ་པ་སུམ་ཅུ། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ། ཞེས་པའི་དཔེ་ལྟར་སྤྱིར་ཐལ་ཆེན་གསུམ་པོ་འདི་དབུ་མ་རང་རྒྱུད་པར་འཇུག་མིན་དང་དེ་ལ་འཇུག་སྟངས་སོགས་འདོད་ཚུལ་མི་འདྲ་བར་ཡོད་ཆོག་ཅིང་དེ་དག་ལའང་། དཀར་པོས་བཤད་ན་དཀར་པོ་བདེན། ནག་པོས་བཤད་ན་ནག་པོ་བདེན། ཞེས་པ་ལྟར་སྒྲུབ་བྱེད་ཀྱི་རྒྱུ་མཚན་རེ་དང་། རྒྱབ་ལྗོངས་རེ་ལོས་ཡོད། དེ་ལ་ཁོ་བོས་སྐབས་འདིར་འཆད་འགྱུར་ལྟར་གླེང་བ་ནི་སྤྱིར་རང་རེའི་སྤྱི་ཚོགས་འདི་ལ་གྲུབ་མཐའ་གོང་མ་དང་། ལྟ་བའི་ཡང་རྩེ་ཟེར་དུས་དེ་རང་བཞིན་གྱིས་བདེན་ཞེན་ལྟ་བུའི་མཐོ་སྙོབ་ཀྱི་བསམ་པའི་འཁྱེར་སོ་ཞིག་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།1དེ་ལྟར་རང་གི་སྡེ་པ་དེ་དག་ལ་བློའི་རྩལ་ཆེ་ཆུང་གིས་སྟོང་པར་རྟོགས་ཚུལ་ལ་ཁྱབ་ཆེ་ཆུང་ཡོད་པས་བདེན་གཉིས་ཀྱི་ཡིན་ལུགས་དང་ཇེ་ཉེར་སོང་བས་གོང་ནས་གོང་དུ་ཁྱད་ཞུགས་ཀྱང་། ཞེས་གསུངས་པ་བཞིན་ཉན་རང་ནས་ཐལ་འགྱུར་བའི་བར་གྲུབ་མཐའ་འོག་མ་དག་ལས་གོང་མ་རྣམས་རིམ་བཞིན་ཁྱད་དུ་འཕགས་ན་འོག་མས་བརྒལ་མ་ནུས་པའི་ཆུ་བོ་རེ་གོང་མས་བརྒལ་ལུགས་ཀྱི་ཁྱད་ཆོས་རེ་ནི་རྩལ་དུ་གདོན་རྒྱུ་ཡོད་དགོས་པའི་གནད་ཀྱིས་རང་རྒྱུད་པས་བརྟོལ་མ་ནུས་པའི་བདེན་གཉིས་སོ་སོར་ཞེན་པའི་འཛིན་སྟངས་ཕྲ་མོ་དེ་ཐལ་འགྱུར་བས་རིགས་ཆེན་གསུམ་གྱི་རྡོ་རྗེའི་ཐོག་མདས་རྨང་མེད་དུ་བཤིག་པ་འདི་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དབུ་མ་རྒྱན་འགྲེལ་ལས།2དེ་ལྟར་བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་ཐལ་འགྱུར་བའི་དགག་བྱ་ཐུན་མོང་མིན་པ་ཡིན་ཏེ། གལ་ཏེ་རང་རྒྱུད་པ་དག་བདེན་གཉིས་སོ་སོར་ཞེན་པའི་དགག་བྱ་དང་བྲལ་བར་གྱུར་ན། ཐལ་འགྱུར་བ་སོགས་ལའང་ལྟ་བ་དེ་ལས་སྐྱེད་ཅུང་ཟད་ཀྱང་འདོན་རྒྱུ་མེད་པར་ཤེས་པར་བྱ་སྟེ། ཞེས་ཐལ་འགྱུར་བའི་ཐུན་མིན་གྱི་ཁྱད་ཆོས་སུ་གྲུབ་པ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དགོངས་བཞེད་ཡིན་ན་དེ་ལ་ཕ་རྗེས་བུ་འཇུག་གི་ཚུལ་དུ་སྤྲོ་བས་སོ།།
གཉིས་པ། ཐལ་ཆེན་གསུམ་གྱི་བྱུང་རིམ་རགས་ཙམ་བརྗོད་པ།
དེ་ལ་མཉམ་མེད་སྟོན་པ་ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བའི་བཀའ་འཁོར་ལོ་བར་པའི་དངོས་བསྟན་སྟོང་ཉིད་ཀྱི་དོན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རབ་ཏུ་གསལ་བར་བྱེད་པ་དབུ་མ་རིགས་པའི་ཚོགས་དྲུག་གི་ཡ་གྱལ་དབུ་མ་རྩ་བ་ཤེས་རབ་ཀྱིས་མཐའ་བཞིའི་སྐྱེ་བ་མེད་པར་རིགས་པས་གཏན་ལ་ཕབ་པ་དེ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་ལྟར་དུ་བཀྲལ་ཞིང་། དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པ་ལ་སོགས་པའི་སྒོ་ནས་མདོར་ན་རྩ་ཤེས་ཀྱི་དགོངས་པ་རང་རྒྱུད་ལྟར་དུ་བཀྲལ་བས། དེ་ལ་དཔལ་ལྡན་ཟླ་བས་མི་འཐད་པའི་ཚུལ་དུ་དབུ་མ་རྩ་བའི་ཚིག་གི་འགྲེལ་པ་ཚིག་གསལ་དང་། དོན་གྱི་འགྲེལ་པ་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་དེ་འཇུག་པའི་སེམས་བསྐྱེད་དྲུག་པར་མཐའ་བཞིའི་སྐྱེ་བ་མེད་པར་བསྟན་པའི་སྒོ་ནས་ཆོས་ཀྱི་བདག་མེད་རིགས་པས་གཏན་ལ་ཕབ་ཅིང་གཞན་སྐྱེ་དགག་པ་ལས་འཕྲོས་ནས། གལ་ཏེ་ཐ་སྙད་དུའང་རང་བཞིན་གྱིས་སྐྱེ་བ་ཡོད་པར་ཁས་བླངས་ན་འདིར་བསྟན་ཟླ་བའི་ཐལ་ཆེན་གསུམ་གྱི་གནོད་པ་བཟློག་མེད་དུ་འཇུག་ཚུལ་བསྟན་པ་ལས་ཟླ་བའི་ཐལ་ཆེན་གསུམ་ཞེས་ཡོངས་སུ་གྲགས་པའོ།།
གསུམ་པ། སྤྱིར་ཐལ་ཆེན་གསུམ་གྱི་སྔ་རྒོལ་ལ་བཞེད་ཚུལ་མི་འདྲ་བ་ཡོད་མེད་བསྟན་པ།
གཞན་གྱི་འདོད་པ་འགོད་པ་དང་། རང་ལུགས་བཞག་པ་གཉིས་ལས། དང་པོ་ནི། ཀརྨ་པ་མི་བསྐྱོད་རྡོ་རྗེས་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས།3འོན་ཀྱང་འདི་ལའང་ཡུལ་སེམས་ཀྱི་སྣང་བ་ཐ་སྙད་དུ་ཐེག་ཆེན་འཕགས་པའི་མཉམ་གཞག་ལ་སྣང་ན་སྣང་བ་དེ་རིགས་པས་དཔྱད་བཟོད་པའམ། དོན་དམ་དུ་འགྱུར་བའམ། ཡང་ན་མཉམ་གཞག་འཁྲུལ་པར་ཡང་འགྱུར་ཞིང་། མི་སྣང་ན་ཆོས་རྣམས་ཐ་སྙད་དུ་སྟོང་ཉིད་མ་ཡིན་པ་ལ་མཉམ་གཞག་གིས་སྟོང་ཉིད་དུ་བྱས་པའི་ཕྱིར་མཉམ་གཞག་ཐ་སྙད་དུ་ཆོས་རྣམས་ལ་སྐུར་འདེབས་སུ་འགྱུར་བའི་སྐྱོན་ཡོད་ཅིང་། ཞེས་པ་ནས། སངས་རྒྱས་ཀྱི་ཡེ་ཤེས་རྣམས་ཐ་སྙད་དུ་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། དེ་ནི་མི་རིགས་ཤིང་ཁས་བླངས་དང་ཡང་འགལ་ལོ། །ཞེས་པའི་བར་དང་། དེ་ཉིད་ལས།4དེ་ལྟར་ནའང་རྟེན་འབྲེལ་སྟོང་ཉིད་དུ་རྟོགས་ཤིང་། ཤེས་བྱ་རྟེན་འབྲེལ་རང་རྒྱུད་དམ་རང་ལུགས་ཀྱིས་གྲུབ་པར་སྨྲ་བའི་གང་ཟག་དེ་ནི་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་རང་ལུགས་ཀྱིས་གྲུབ་པས་འཇོག་པ་འཐད་ལྡན་དུ་ཡང་མི་རུང་ལ། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་རང་ལུགས་ཀྱིས་ཐ་སྙད་དུ་གྲུབ་པར་སྨྲ་བའི་དབུ་མ་པ་འཐད་ལྡན་ཀྱང་མ་བྱུང་ཞེས་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་གྲགས་ཀྱིས་སློབ་དཔོན་ཆེན་པོ་ལེགས་ལྡན་བྱེད་དང་། དེའི་རྗེས་འབྲངས་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་སོགས་ལ་དགག་པ་རྒྱ་ཆེར་མཛད་པའང་གནད་འདིར་ཐུག་པ་ཡིན་ལ། ཞེས་རང་རྒྱུད་པ་སྔ་རྒོལ་དུ་འདོད་པར་སེམས་སོ། །ཀུན་མཁྱེན་གོ་རམས་པས་ལྟ་བ་ངན་སེལ་ལས།5སེམས་ཙམ་པས་འཕགས་པའི་མཉམ་བཞག་གིས་དངོས་པོ་རང་བཞིན་གྱིས་སྟོང་པར་མཐོང་བར་ཁས་མི་ལེན་ཅེས་པ་ཡང་གནད་མ་གོ་བ་སྟེ། དེས་འཕགས་ལམ་མཉམ་བཞག་གིས་གཞན་དབང་དང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་ནམ་མཁའ་ལྟ་བུ་ཁོ་ན་མཐོང་བར་འདོད་པ་ལ། དབུ་མ་པས་ཡུལ་གྱི་གནས་ཚུལ་དང་། བློའི་འཛིན་སྟངས་མི་མཐུན་པའི་སྐྱོན་བསྟན་པའི་སྐབས་ཡིན་པའི་ཕྱིར་རོ། །ཞེས་སེམས་ཙམ་པར་འདོད། རྗེ་རིན་པོ་ཆེས་དྲང་ངེས་ལེགས་བཤད་སྙིང་པོ་ལས།6འདི་ནི་དབུ་མ་པ་དོན་དམ་པར་མི་སྐྱེ་ཡང་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཡོད་པར་འདོད་པ་ལ་སྒྲུབ་ཀྱི་དངོས་པོར་སྨྲ་བ་ལ་མིན་པས། ཞེས་དབུ་མ་རང་རྒྱུད་པ་སྔ་རྒོལ་དུ་འདོད།
གཉིས་པ་རང་ལུགས་ནི། དཔལ་ལྡན་ཟླ་བས་དབུ་མ་ལ་འཇུག་པ་ལས།7གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །ཞེས་དང་། འཇུག་པའི་རང་འགྲེལ་ཕྱོགས་སྔའི་འདོད་པ་བརྗོད་པ་ལས།8དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེས་པ་དགག་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཞེས་སྤྱིར་ཐལ་བ་གསུམ་པོ་འདིའི་སྔ་རྒོལ་ལ་དོན་དམ་པར་སྐྱེ་བ་མེད་པས་ཆོས་རྣམས་སྟོང་པ་ཉིད་དང་། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིེས་གྲུབ་པའི་སྐྱེ་བ་སོགས་ཡོད་པར་ཁས་ལེན་མཁན་ཞིག་དགོས་པས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།9དེས་ན་ཚུལ་འདི་ཡང་སྒྲོ་བཏགས་ཀྱི་གཟེབ་ལས་མ་འདས་པས་སྣང་བར་གྲུབ། དོན་ལ་མ་གྲུབ་ཅེས་པས་རྟག་ཆད་ལས་མ་འདས་པ་ཉིད་དེ་སྣང་སྟོང་ལ་བདེན་ཞེན་གྱི་ཆ་མ་བྲལ་བའི་ཕྱིར་རོ། །ཞེས་པ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བ་ལས། 10དེ་དག་ཀུན་རྫོབ་ཏུ་བློ་དང་སྒྲ་སྣ་ཚོགས་ཀྱི་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་དང་། ཞེས་དང་།11དེ་ལ་ཀུན་རྫོབ་ཏུ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། མཚན་ཉིད་རྣམ་པར་གཞག་པ་ཡང་མཛད་ལ། ཞེས་པ་ལྟར་ཀུན་མཁྱེན་མི་ཕམ་རྒྱ་མཚོས་འཇུག་འགྲེལ་ཟླ་བའི་ཞལ་ལུང་ལས།12དེ་ལ་ཐལ་རང་གི་ཁྱད་པར་ཡང་དག་ཀུན་རྫོབ་ཙམ་དུ་ཡང་རང་མཚན་གྱིས་གྲུབ་པར་འདོད་མི་འདོད་ལ་རག་ལས་པ་ཡིན་ལ། ཀུན་རྫོབ་ཏུ་རང་མཚན་གྱིས་གྲུབ་པར་འཛིན་ན་དེའི་དབང་གིས་བདེན་གཉིས་ཕྱོགས་སུ་ལྷུང་བ་དང་། སྟོང་རྟེན་འབྱུང་རོ་གཅིག་ཏུ་འདྲེ་བ་མེད་པས་ན་འདི་འགོག་པ་ནི་ཐལ་འགྱུར་ཐུན་མིན་གྱི་ལུགས་ཡིན་ལ། དེ་ལ་གོང་འོག་གི་རིགས་པ་སྤྱི་དང་། ཁྱད་པར་རིགས་པའི་རྒྱལ་པོ་གསུམ་པོ་འདི་ཆེས་གལ་ཆེ་བ་ཡིན་པས་འདི་ཁོ་ནས་ཐལ་རང་གི་ཁྱད་པར་གྱི་གནད་རྣམས་རྟོགས་པར་འགྱུར་རོ། །ཞེས་སློབ་དཔོན་ལེགས་ལྡན་འབྱེད་གཙོས་པའི་དབུ་མ་རང་རྒྱུད་པ་རྣམས་འདིའི་སྔ་རྒོལ་དུ་བཞེད།
བཞི་པ། ཐལ་ཆེན་གསུམ་རྣམ་གྲངས་པའི་དོན་དམ་གཏན་འབེབས་སྐབས་མི་འཇུག་ཚུལ།
དེ་ལ་ཟླ་བའི་ཐལ་ཆེན་གསུམ་པོ་འདི་དབུ་མ་རང་རྒྱུད་པས་རྣམ་གྲངས་པའི་དོན་དམ་གཏན་འབེབས་སྐབས་མི་འཇུག་པའི་ཚུལ་རིགས་པའི་དབང་དུ་བྱེད་ན། ཐལ་བ་གསུམ་པོ་འདི་ཆོས་ཅན། དབུ་མ་རང་རྒྱུད་པས་རྣམ་གྲངས་པའི་དོན་དམ་གཏན་འབེབས་སྐབས་མི་འཇུག་སྟེ། དཔལ་ལྡན་ཟླ་བས་དེའི་སྐབས་སུ་གནོད་བྱེད་དུ་མ་འཕངས་པའི་ཕྱིར། གང་དེ་ལ་གནོད་བྱེད་མ་འཕངས་བཞིན་དུ་འཇུག་ཚུལ་སྨྲ་བ་ནི་སྐྱེས་མ་མྱོང་པའི་ཕ་ཚ་བུ་རབས་དང་ཡོད་མ་མྱོང་བའི་བདག་ཆེན་པོའི་ཁྱད་ཆོས་བཤད་པ་དང་གཅིག་ཏུ་མཚུངས་པས་མི་འཐད་པའི་ཕྱིར།
འོ་ན་ཟླ་བས་རྣམ་གྲངས་པའི་དོན་དམ་བདེན་མེད་ཙམ་བསྒྲུབས་པ་ལ་གནོད་བྱེད་དུ་མ་འཕངས་པར་གང་ལས་ཤེས་སྙམ་ན། ཚིག་གསལ་ལས།13གཞན་ཡང་རྟོག་གེ་པ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་བསྟན་པར་འདོད་པས། དབུ་མ་པའི་ལྟ་བ་ཁས་ལེན་བཞིན་དུ་ཡང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། ཞེས་པའི་གཞུང་ལས་ཤེས་ཏེ་ཟླ་བས་དབུ་མ་པའི་ལྟ་བ་ཁས་ལེན་བཞིན་དུ་ཞེས་པའི་དབུ་མའི་ལྟ་བ་དེ་སྟོང་ཉིད་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཇི་བཞིན་ངེས་པའི་འཕགས་པའི་མཉམ་རྗེས་ཀྱི་ཡེ་ཤེས་གང་ཞིག་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེ་ཁས་ལེན་བཞིན་དུ་ཡང་ལྟ་བའི་ཡུལ་སྤྲོས་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་འབེབས་སྐབས་སུ་ཡང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཞེས་དངོས་སུ་གསལ་ཞིང་། གལ་ཏེ་དེ་ལྟར་མ་ཡིན་པར་རང་རྒྱུད་པས་རྣམ་གྲངས་པའི་དོན་དམ་གཏན་ཚིགས་རང་རྒྱུད་ཀྱིས་གཏན་ལ་ཕབ་པ་དེ་ལ་ཉེས་པའི་ཚོགས་སུ་རྟོགས་ཞེས་གསུངས་ན། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱན་གྱི་སྤྱི་དོན་ལས།14རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སུ་ཕྱེ་བ་ནི་ཆེས་མཆོག་ཏུ་གྱུར་པའི་ལུགས་སྲོལ་བཟང་པོ་སྟེ། ཞེས་པ་སོགས་རང་རྒྱུད་པས་ཐོག་མར་རྣམ་གྲངས་པའི་དོན་དམ་བདེན་མེད་ཙམ་སྒྲུབ་པ་ལ་ཆེས་འོས་ཤིང་འཚམ་པའི་ཡོན་ཏན་དུ་མའི་བསྔགས་བརྗོད་གནང་བ་ཡང་མི་འཐད་པའི་ཕྱིར་དང་། རང་རྒྱུད་པས་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཏན་ཚིགས་ཐལ་འགྱུར་དང་། ཁས་ལེན་ཀུན་བྲལ་གྱི་སྒོ་ནས་གཏན་ལ་ཕབ་པ་དབུ་མ་ཐལ་འགྱུར་བ་དང་གཉིས་སུ་མེད་པ་ཡིན་ན་དཔལ་ལྡན་ཟླ་བས་རང་རྒྱུད་པས་གནས་སྐབས་རྣམ་གྲངས་པའི་དོན་དམ་བདེན་མེད་ཙམ་བསྒྲུབས་པ་ལ་སྐྱོན་ཆེས་ཆེར་བརྗོད་པ་ལ་དེ་ཙམ་དགོས་པ་མ་མཐོང་ཞིང་།
ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱན་གྱི་སྤྱི་དོན་ལས།15དེ་ལྟར་ན་བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་ཐལ་འགྱུར་བའི་དགག་བྱ་ཐུན་མོང་མིན་པ་ཡིན་ཏེ། ཞེས་པའི་བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་ཐལ་འགྱུར་བའི་ཐུན་མིན་གྱི་དགག་བྱར་འགྲོ་དཀའ་ཞིང་། གལ་ཏེ་ཐལ་འགྱུར་བས་དེ་དང་པོ་ཉིད་ནས་བཀག་པས་སོ་ཟེར་ན། འོ་ན་ཐལ་འགྱུར་བའི་དགག་བྱ་ཡིན་ན་ཐལ་འགྱུར་ཐུན་མིན་གྱི་དགག་བྱ་ཡིན་པས་ཁྱབ་པ་དང་། དེ་ལྟར་ན་ཐལ་རང་ཐུན་མོང་གི་དགག་བྱ་གཞི་མ་གྲུབ་པར་འདོད་དགོས་པ་སོགས་སྐྱོན་གཞན་ཡང་ཡོད་ཅིང་། ཀུན་མཁྱེན་ཆོོས་ཀྱི་རྒྱལ་པོས་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།16ད་ནི་ནང་པ་སངས་རྒྱས་པ་དག་གི་མཚན་ཉིད་ཐེག་པ་ཆེན་པོའི་རྩེ་མོ་དབུ་མ་ཐལ་འགྱུར་བའི་ལུགས་རྣམ་པར་གཞག་པ་ནི། ཞེས་གསུངས་ན་ཐལ་འགྱུར་བ་མཚན་ཉིད་ཐེག་པའི་རྩེ་མོར་གྱུར་བ་ཅི་ལ་དགོངས་པ་དང་། གཞན་ཡང་རང་རྒྱུད་པས་བདེན་སྟོང་མེད་དགག་ཙམ་གྱི་སྟོང་ཉིད་རྣམ་གྲངས་པའི་དོན་དམ་གཏན་ཚིགས་རང་རྒྱུད་ཀྱིས་གཏན་ལ་འབེབས་ནུས་ཤིང་དེ་དེའི་རྙེད་དོན་ཀྱང་ཡིན་ན་དེ་ལ་ཉེས་པ་འཇུག་དཀའ་ཞིང་མཐར་རང་རྒྱུད་པས་ཀྱང་རྣམ་གྲངས་མ་ཡིན་པའི་དོན་དམ་ལ་ལྟོས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མའི་སྙིང་པོ་ལས།17 ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་དང་། མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་ལས།18དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཞེས་མཐུན་པའི་དོན་དམ་ཙམ་དུ་འདོད་ཅིང་། དེའི་ཕྱིར་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་གསལ་བརྒལ་ལན་ལས།19རྣམ་གྲངས་པའི་བདེན་མེད་ཙམ་སྒྲུབ་པའི་ཁས་ལེན་ཡོད་ན་ཚུལ་གསུམ་གྱི་གཏན་ཚིགས་རང་རྒྱུད་པའི་རྗེས་དཔག་མི་རིགས་པའི་སྐྱོན་ཅི་ཡང་མི་འཇུག་གོ །ཞེས་དང་། དབུ་མ་རྒྱན་འགྲེལ་ལས།20 རང་རང་གིས་ཇི་ལྟར་བཅད་པ་ལས་ལྡོག་ཕྱོགས་ནམ་ཡང་མི་སྒྲུབ་པས། སོ་སོའི་སྒྲུབ་བྱེད་གཏན་ཚིགས་རང་རྒྱུད་དུ་འགོད་པའང་དེ་ལྟར་འཐད་དོ། །ཞེས་ལུང་གིས་ཀྱང་གྲུབ་པའི་གནད་ཀྱིས་སོ།།
ལྔ་པ། ཐལ་ཆེན་གསུམ་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་འབེབས་སྐབས་འཇུག་ཚུལ།
དེས་ན་ཐལ་ཆེན་གསུམ་པོ་འདི་རང་རྒྱུད་པས་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་འབེབས་སྐབས་འཇུག་པའི་ཚུལ་ལས་འོས་མེད་པས་དེ་ལ་འཇུག་སྟངས་ཡོད་དེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མའི་དོན་བསྡུས་ལས།21དམ་པའི་དོན་ནི་སྤྲོས་བྲལ་ཏེ། །དེ་ཡང་རྣམ་པ་གཉིས་སུ་བྱ། །རྣམ་གྲངས་ཀྱི་ནི་དོན་དམ་དང་། །རྣམ་གྲངས་མ་ཡིན་དོན་དམ་མོ། །ཞེས་རང་རྒྱུད་པས་གནས་སྐབས་དོན་དམ་གཉིས་གང་ཞིག་རིགས་པས་གཏན་ལ་འབེབས་པའི་སྐབས་སུ་ཡང་ཟླ་བས་ཚིག་གསལ་ལས།22 དབུ་མ་པའི་ལྟ་བ་ཁས་ལེན་བཞིན་དུ་ཡང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། ཞེས་པ་ལྟར་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དབུ་མ་རྒྱན་འགྲེལ་ལས།23འདི་པས་མཐའ་བཞི་ཀ་དགག་ཀྱང་། དོན་དམ་པའམ་རང་བཞིན་གྱིས་ཞེས་སམ། བདེན་གྲུབ་ལྟ་བུའི་ཁྱད་པར་མ་སྦྱར་བར་དགག་པ་མིན་ལ། བདེན་གཉིས་ཕྱེས་ནས་ཡོད་མེད་ཀྱི་མཐའ་སེལ་ཚུལ་སོགས་ཤན་ཕྱེ་སྟེ་སྨྲའོ། །ཞེས་དང་།24དེས་ན་ཐལ་འགྱུར་པ་རྣམ་གྲངས་པའི་དོན་དམ་ལ་གནས་ནས་བདེན་གཉིས་སོ་སོའི་ཁས་ལེན་དང་བཅས་པ་ཞིག་རྣམ་པ་ཀུན་ཏུ་ཡིན་ན། རང་རྒྱུད་པ་དང་ཁྱད་ཕྱེ་མི་ནུས་ཏེ། ཞེས་དང་། རྣམ་བཤད་ནོར་བུ་ཀེ་ཏ་ཀ་ལས།25 སངས་རྒྱས་བསྐྱངས་ཀྱི་གཞུང་ལ་ལེགས་ལྡན་གྱིས་དགག་བྱ་ལ་དོན་དམ་པའི་ཁྱད་པར་མ་སྦྱར་བའི་སྐྱོན་བརྗོད་པ་ཟླ་བས་སུན་ཕྱུང་བ་ལྟ་བུའོ། །ཞེས་གསུངས་པ་བཞིན་དོན་དམ་ལ་དགག་སྒྲའི་ཁྱད་པར་མ་སྦྱར་བར་སྟོང་གཞི་ཆོས་ཅན་གང་ཞིག་རང་གི་ངོ་བོ་ཐད་ཀར་གཞི་མེད་སྤྲོས་བྲལ་དུ་བསྟན་མི་ནུས་ཤིང་དེའི་གནད་ཀྱང་བདེན་གཉིས་སོ་སོར་ཞེན་པའི་འཛིན་པ་དེ་འདོར་མ་ཐུབ་པའི་དོན་ལ་ཐུག་ཅིང་། འདི་པས་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་འབེབས་སྐབས་སུ་ཡང་དགག་སྒྲའི་ཁྱད་པར་སྦྱར་བ་ཡིན་ཏེ། ཟླ་བས་ཚིག་གསལ་ལས།26དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་པ་ལྟར་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་གསལ་བརྒལ་ལན་ལས།27ལེགས་ལྡན་དང་ཟླ་བའི་རྩོད་པ་ནི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་མི་དགོས་ཀྱི་སྟེང་ནས་ཡིན་པ་ཚིག་གསལ་དང་འཇུག་པ་རྩ་འགྲེལ་ལས་དངོས་སུ་གསལ་ན། ཞེས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་མི་དགོས་ཀྱི་སྟེང་ནས་རྩོད་ན་དཔལ་ལྡན་ཟླ་བ་སོགས་ཐལ་འགྱུར་བའི་སློབ་དཔོན་ཚོས་ཀྱང་གནས་སྐབས་སུ་རང་རྒྱུད་པའི་གདུལ་བྱའི་རིགས་ཅན་རྣམས་ལ་བདེན་སྟོང་མེད་དགག་ཙམ་བསྟན་དགོས་པའི་ཕྱིར་དེ་ཙམ་གྱིས་བརྩད་ན་ནི་ཟླ་གྲགས་རང་ལའང་འཇུག་པར་མཚུངས་པའི་ཕྱིར་མི་འཐད་ཅིང་། དེས་ན་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་ལས།28ཐ་སྙད་ཀྱི་སྐྱེ་བ་འདི་རང་རྒྱུད་པས་ཚད་གྲུབ་ཏུ་འདོད་ཅིང་དོན་དམ་དཔྱོད་པས་དཔྱད་ཀྱང་དེ་ལ་གནོད་པ་མེད་དེ། ཞེས་པ་ལྟར་རང་རྒྱུད་པས་རྣམ་གྲངས་མ་ཡིན་པའི་དོན་དམ་དཔྱོད་པའི་རིགས་ངོ་ནའང་གཞི་གང་ཞིག་གི་སྟེང་དུ་མི་ཁེགས་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཤིག་ཡོད་པར་ཁས་བླངས་ཤིང་། རིགས་པ་དེས་དྲངས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོ་ན་རང་མཚན་གྱིས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་འདོད་པས། རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་ལས།29ཐ་སྙད་དུ་སྐྱེ་བ་ཞེས་བྱ་བ་དོན་དམ་དཔྱོད་བྱེད་ཀྱིས་མ་ཁེགས་པ་ཞིག་ཡོད་ན་དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ་དང་། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང་། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་གསུམ་བསྟན་ཏེ།
ཞེས་པ་ལྟར་དེ་ལ་དཔལ་ལྡན་ཟླ་བས་དབུ་མ་ལ་འཇུག་པ་ལས།30གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་སྟོང་ཉིད་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཆོས་ཅན། ཁྱོད་དངོས་པོ་རྣམས་འཇིག་པའི་རྒྱུ་ཡིན་པར་ཐལ། དོན་དཔྱོད་རིགས་པས་དཔྱད་པའི་ཚེ་ནའང་མི་ཁེགས་ཤིང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ་ཡོད་པ་དེ། ཁྱོད་ཀྱིས་མེད་པར་རྟོགས་པའི་ཕྱིར། དཔེར་ན་སྔར་ཡོད་ཀྱི་བུམ་པ་ཕྱིས་ཐོ་བས་བཅོམ་པ་བཞིན། ཞེས་ཡུལ་གྱི་གནས་ཚུལ་དང་བློའི་འཛིན་སྟངས་མི་མཐུན་པར་བསྟན་པའི་སྒོ་ནས་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བའི་གནོད་པ་བསྟན། དེ་ལ་སྟོང་པ་ཉིད་དང་འཕགས་པའི་མཉམ་བཞག་ཡེ་ཤེས་དངོས་པོ་རྣམས་འཇིག་པའི་རྒྱུ་རུ་གྱུར་ན་དེ་མི་འཐད་དེ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས།31འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་མཚན་མ་མེད་པ་དང་། ཞེས་སོགས་རྒྱ་ཆེར་གསུངས་པས་སོ་ཞེས་དང་། འཕགས་པའི་མཉམ་བཞག་གི་ངོ་ན་རང་མཚན་གྱིས་གྲུབ་པའི་ཆོས་ཤིག་མེད་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་ཁས་བླངས་ཏེ། ཟླ་བས་ཚིག་གསལ་ལས།32འདི་ལྟར་གང་གི་ཚེ་འདིར་སྐྱེ་བ་བཀག་པ་བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པའི་དེའི་ཚེ་དེ་ཁོ་ནར་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་འགྱུར་བར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ།།
ཞེས་པས་གྲུབ་ཅིང་དེ་ལྟར་ཐལ་བ་དང་པོ་དབུ་མ་རང་རྒྱུད་པའི་ཞེ་འདོད་ལྟར་འདོད་པའི་རྟགས་སུ་བཀོད་ཅིང་མི་འདོད་པར་ཐལ་བ་འཕངས་པའི་བརྒལ་རྟགས་རྣམ་དག་ཏུ་སོང་བའི་སྟོབས་ཀྱིས་དཔལ་ལྡན་ཟླ་བས་དབུ་མ་ལ་འཇུག་པ་ལས།33གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གཟུགས་སོགས་ཐ་སྙད་ཀྱི་དངོས་པོ་རྣམས་ཆོས་ཅན། དོན་དམ་རིགས་པས་དཔྱད་བཟོད་དུ་གྲུབ་པར་ཐལ། མཐའ་བཞི་གང་དུ་དཔྱད་ནའང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། ཞེས་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང་།34དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་གཟུགས་སོགས་ཐ་སྙད་ཀྱི་དངོས་པོ་རྣམས་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་དོན་དམ་པར་མི་ཁེགས་བར་ཐལ། དོན་དམ་རིགས་པས་དཔྱད་པའི་ཚེ་ནའང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་ཡོད་པའི་ཕྱིར། ཞེས་དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ་བཅས་ཐལ་བ་གསུམ་རིམ་བཞིན་བསྟན་པའི་སྒོ་ནས་ཟླ་བས་དབུ་མ་རང་རྒྱུད་པས་བདེན་གྲུབ་ཀྱི་དངོས་པོ་ཞིག་ཁས་མི་ལེན་ཀྱང་ཐལ་འགྱུར་བའི་རིགས་པའི་འཕུལ་མཚམས་ཀྱི་སྒོ་ནས་བདེན་གྲུབ་ཏུ་ཐལ་བར་འགྱུར་བའི་བརྒལ་རྟགས་ཀྱིས་རང་རྒྱུད་པའི་བདེན་གཉིས་སོ་སོར་ཞེན་པའི་འཛིན་པ་དེ་རིགས་ཆེན་གསུམ་གྱི་རྡོ་རྗེའི་ཐོག་མདས་བཀག་པའོ།།
རང་རྒྱུད་བདེན་གཉིས་སོ་སོར་བར། །ཞེན་པའི་འཛིན་སྟངས་ཕྲ་མོ་དེ།།
ཐལ་འགྱུར་ཐུན་མིན་དགག་བྱ་ལས། །མ་འདས་རིགས་ཆེན་གསུམ་གྱིས་བཀག།།
དྲུག་པ། ཐལ་རང་གཉིས་མཐར་ཐུག་དགོངས་པ་གཅིག་ཡིན་མིན་སྐོར་ལ་རང་གི་ལྟ་ཚུལ་བརྗོད་པ།
འོ་ན་དབུ་མ་རང་རྒྱུད་པས་མཐའ་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་པར་སྐྱོན་དང་བཅས་པས་ཐལ་རང་གཉིས་མཐར་ཐུག་དགོངས་པ་གཅིག་ཚུལ་དཀའ་ཞིང་། དེ་ལྟར་ན་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱན་གྱི་སྤྱི་དོན་དུ་ཐལ་རང་གཉིས་རིམ་དང་ཅིག་ཅར་གྱི་ཚུལ་ཙམ་ལས་མཐར་ཐུག་དགོངས་པ་གཅིག་ཚུལ་གསུངས་པས་མི་འཐད་པའི་ཕྱིར་སྙམ་ན། དེ་ལ་དབུ་མ་ཐལ་རང་གཉིས་མཐར་དགོངས་པ་གཅིག་ཡིན་མིན་གྱི་དོན་ལ་བསམ་པ་ནི། རང་རྒྱུད་པ་ཐལ་འགྱུར་བ་དང་དགོངས་བཞེད་གཅིག་མིན་དང་། རང་རྒྱུད་པ་ཐལ་འགྱུར་བའི་གོ་སར་སླེབས་ཐུབ་མིན་གྱི་དོན་དུ་སོང་ཞིང་། རང་རྒྱུད་པ་ཐལ་འགྱུར་བའི་གོ་སར་སླེབས་མིན་དེ་རང་རྒྱུད་པའི་བློ་གྲོས་ཀྱི་འཇུག་པའི་རྩལ་ལས་ཐལ་འགྱུར་བའི་རྗེས་སུ་བསྙེག་ཐུབ་མིན་ལ་རག་ལས་ཤིང་། དེས་ན་ཐོགས་པ་དང་བཅས་པའི་ཤ་ཡི་མིག་གིས་ཐང་དཀར་རྒོད་པོའི་མཁའ་དབྱིངས་ཀྱི་འཕུར་རྗེས་མི་རྙེད་པ་བཞིན་ཁས་ལེན་དང་བཅས་པས་རང་རྒྱུད་པའི་བློ་གྲོས་ཀྱི་འཇུག་པ་ཇི་ཙམ་ཡངས་ཀྱང་། ཁས་ལེན་ཀུན་དང་བྲལ་བའི་ཐལ་འགྱུར་བའི་མཁྱེན་དཔྱོད་བཟང་པོའི་རྩལ་འཕང་མཐོན་པོ་ལ་ནམ་ཡང་འགྲན་དུ་མེད་པས་རང་རྒྱུད་པ་རང་གི་ལྟ་བ་ལ་གནས་བཞིན་དུ་ལྟ་བའི་ཆ་ནས་ཐལ་འགྱུར་བ་དང་དགོངས་པ་གཅིག་ཚུལ་མེད་ལ། གལ་ཏེ་རང་རྒྱུད་པ་ལྟ་བའི་ཆ་ནས་ཁྱད་མེད་པར་དབུ་མ་ཐལ་འགྱུར་བ་དང་དགོངས་པ་གཅིག་ཏུ་གནས་ན་དཔལ་ལྡན་ཟླ་བས་དབུ་མ་པའི་ལྟ་བ་ཁས་ལེན་བཞིན་དུ་ཡང་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཞེས་སྐྱོན་བརྗོད་པ་སོགས་ཀྱང་རང་རྒྱུད་པའི་དགོངས་པ་མ་ལོན་པའི་སྐྱོན་དུ་ཐལ་བ་སོགས་དོན་མེད་དུ་འགྱུར་བས་མི་འཐད་ཅིང་། འོན་ཀྱང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱན་གྱི་སྤྱི་དོན་དུ་དེ་ལྟར་གསུངས་པ་དང་ཡང་མི་འགལ་ཏེ། དབུ་མ་རྒྱན་སྤྱི་དོན་ལས།35 མཁན་པོའི་གཞུང་འདིར་ནི། ཐོག་མར་བདེན་གཉིས་སོ་སོར་འཇལ་བའི་ཤེས་རབ་དྲི་མ་མེད་པས་ཚུལ་གཉིས་བསྒྲུབས་ནས། མཐར་རྣམ་གྲངས་མ་ཡིན་པའི་དོན་དམ་ཆེན་པོར་བདེན་གཉིས་སོ་སོར་ཞེན་པའང་བཀག་ནས། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་ཁས་ལེན་ཐམས་ཅད་དང་བྲལ་བར་གཏན་ལ་ཕབ་པས་གཞུང་དེ་གཉིས་མཐར་ཐུག་གི་དགོངས་པ་ལ་དབྱེ་བསལ་མེད་པར་མཉམ་པ་ཉིད་དོ།།
ཞེས་པས་ཐ་སྙད་དུ་རང་རྒྱུད་པའི་ཚུལ་བཟུང་ཞིང་ཚུལ་གཉིས་ཟུང་དུ་འཇུག་པའི་ལམ་སྲོལ་རྨད་དུ་བྱུང་བའི་སྒོ་འཕར་ཕྱེ་ཞིང་རང་རྒྱུད་པའི་སློབ་དཔོན་དུ་གྲགས་ཀྱང་། དོན་ལ་དཔལ་ལྡན་ཟླ་བ་གྲགས་པ་དང་རྟོགས་པ་མཐོ་དམན་རྡུལ་ཙམ་ཡང་མེད་ཅིང་ཐལ་འགྱུར་བའི་བཙན་ས་ཟིན་པའི་མཁན་ཆེན་ཞི་བ་འཚོ་ཉིད་དབུ་མ་ཐལ་འགྱུར་བ་དང་དགོངས་པ་མཉམ་ཚུལ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱན་གྱི་སྤྱི་དོན་ལས།36གཞུང་འདིར་ཡང་། དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲང་བར། །ཞེས་པ་ནས། ཀུན་རྫོབ་ཏུ་གྱུར་ཡང་དག་མིན། །ཞེས་པའི་བར་གྱི་དོན་དཔལ་ལྡན་ཟླ་བ་དང་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་གྱུར་པ་ཡིན་ནོ། །ཞེས་པ་སོགས་ཡང་ཡང་གསུངས་པ་བཞིན་ལུང་ཚད་མ་དང་། མཁན་པོ་ཉིད་ཀྱིས་སྤྲོས་པ་གཅོད་ཚུལ་ལ་གཞིགས་ནའང་དེ་ལྟར་དོན་ལ་གནས་པས་རང་རྒྱུད་པ་སྤྱི་དང་དགོངས་པ་མཉམ་ཚུལ་ལྟ་བུ་ལ་མི་གོ་ཞིང་། གལ་ཏེ་རང་རྒྱུད་པ་སྤྱི་ལ་དགོངས་པའི་ཚུལ་དུ་བཏང་ནའང་དབུ་མ་ཐལ་རང་གཉིས་པོ་འདི་ལ་ཡུལ་སྟོང་ཉིད་དོན་དམ་གཏན་ལ་འབེབས་སྟངས་ཀྱི་སྒོ་ནས་གཏན་ཚིགས་རང་རྒྱུད་འགོད་མི་འགོད་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་ཟླ་བའི་ཞབས་ཀྱིས་ཐལ་བ་གསུམ་དབུ་མ་རང་རྒྱུད་པས་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཏན་ལ་འབེབས་སྟངས་དེ་མི་འཐད་པའི་ཚུལ་དུ་གནོད་བྱེད་འཕངས་བར་སོང་ཡང་། གཉིས་ཀས་ཀྱང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱན་འགྲེལ་ལས།37རང་བཞིན་བདེན་གྲུབ་ཀྱི་དངོས་པོ་འདོད་པའི་དབུ་མ་པ་སུ་ཡང་མེད་ཀྱང་། ཞེས་བདེན་གྲུབ་ཀྱི་དངོས་པོ་རྡུལ་ཙམ་ཡང་མི་འདོད་པར་མགོ་མཉམ་ཞིང་སྤྲོས་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཞལ་བཞེས་ཀྱི་དགོངས་པའི་ཆུ་བོ་གཅིག་ཏུ་འདྲེས་པའི་ཕྱིར་ན་དེ་ཙམ་གྱི་ཆ་ནས་ཐལ་རང་གཉིས་དགོངས་པ་གཅིག་ཚུལ་གསུངས་པ་ལ་འགལ་བ་མེད་དེ། སློབ་དཔོན་ལེགས་ལྡན་གྱིས་དབུ་མའི་དོན་བསྡུས་ལས།38དམ་པའི་དོན་ནི་སྤྲོས་བྲལ་ཏེ། །དེ་ཡང་རྣམ་པ་གཉིས་སུ་བྱ། །རྣམ་གྲངས་ཀྱི་ནི་དོན་དམ་དང་། །རྣམ་གྲངས་མ་ཡིན་དོན་དམ་མོ། །ཞེས་དང་། དཔལ་ལྡན་ཟླ་བས་ཚིག་གསལ་ལས།39 དབུ་མ་པའི་ལྟ་བ་ཁས་ལེན་བཞིན་དུ། ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་གསལ་བརྒལ་ལན་ལས།40 ཐལ་རང་གཉིས་ཀས་ཀྱང་ཕྱི་ནང་གི་ཆོས་ཐམས་ཅད་གཏན་ཚིགས་ཀྱི་སྒོ་ནས་བདེན་མེད་དུ་གཏན་ལ་ཕབ་པའི་དབུ་མ་པ་ཡིན་པར་འདྲ་ཞིང་། མཐར་ཐུག་སྤྲོས་བྲལ་ཀྱང་འདོད་པར་འདྲ་བས། དེ་གཉིས་མཐར་ཐུག་གི་དོན་ལ་དགོངས་པ་གཅིག་པར་འདོད་དེ། ཞེས་དེ་ལྟར་དུ་དགོངས་པར་སེམས་ཤིང་། གཞན་ཡང་ལུང་པའི་ཆུ་རྒྱུན་ཐམས་ཅད་ཀྱང་མཐར་རྒྱ་མཚོ་ཆེན་པོར་འདུ་བ་བཞིན་རང་རྒྱུད་པ་ཡང་མཐར་ཁས་ལེན་ཀུན་དང་བྲལ་བའི་ཐལ་འགྱུར་བའི་ལྟ་བ་ལ་ལ་བཟླ་དགོས་པའི་དབང་དུ་བཏང་ནའང་འགལ་བ་མེད་པར་སེམས་སོ། །དེས་ན་ཐལ་རང་གཉིས་དགོངས་པ་གཅིག་ཡིན་མིན་གྱི་དོན་རྣམས་སྐབས་སོ་སོར་མི་དབྱེ་བར་ཐམས་ཅད་རིལ་པོ་ཕྱོགས་གཅིག་ཏུ་བཟུང་བ་ནི་བློ་བལ་པ་ཛ་བཞིན་འཁྲུག་ཉེན་ཆེ་བས་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱན་གྱི་སྤྱི་དོན་ལས།41བློ་འཆལ་མང་དུ་སྨྲ་བས་ཅི་བགྱི་སྟེ། །དབང་པོ་ཀུན་གྱི་རྩ་བ་སྲོག་བཞིན་དུ། །གྲུབ་མཐའི་ཟབ་གནད་རྗེན་ཅེར་ཟིན་པའི་བློ། །ཆུ་ལས་འོ་མ་འབྱེད་པའི་ངང་མོ་བཞིན། །ཞེས་གསུངས་པ་བཞིན་དགོངས་པ་གཅིག་ཡིན་མིན་མཐའ་གཅིག་ཏུ་ངེས་པར་མི་བཟུང་བར་མཐུན་མི་མཐུན་སྐབས་སོ་སོར་འབྱེད་པ་ནི་གནད་ཀྱི་དོན་དུ་སེམས་སོ།།
སྤྲོས་པའི་ཁས་ལེན་དང་བཅས་པའི། །རང་རྒྱུད་ལྟ་བར་གནས་ནས་སུ།།
སྤྲོས་བྲལ་དབུ་མ་ཆེན་པོ་དང་། །ལྟ་བའི་ཆ་ནས་གཅིག་ཚུལ་མེད།།
འོན་ཀྱང་མཐའ་བྲལ་གནས་ལུགས་དོན། །གཏན་འབེབས་སྐྱོན་དང་བཅས་ན་ཡང་།།
ཞལ་བཞེད་མཐའ་བཞི་འགོག་ཆ་ནས། །དགོངས་གཅིག་གསུངས་ལ་འགལ་མ་མཆིས།།
དེས་ན་དབུ་མ་ཐལ་རང་གཉིས། །རྣམ་པ་ཀུན་ཏུ་འགལ་མིན་པར།།
མཐུན་པའི་ཆ་དང་མི་མཐུན་པའི། །ཚུལ་གཉིས་བཟུང་ན་ཕྱོགས་ལྷུང་བྲལ།།
བདུན་པ། མཇུག་བསྔོ་བ།
གང་ཞིག་གསེར་གྱི་རི་ལ་བསྟེན་གྱུར་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། །ཞེས་ཇི་སྐད་གསུངས་པ་བཞིན་གསེར་འདྲ་བའི་མཁན་སློབ་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམ་པའི་སྐུ་དྲིན་ལ་བརྟེན་ནས་ཅི་ཡང་མི་ཤེས་པའི་བྱིས་པ་བདག་ལྟ་བུས་ཀྱང་དེ་ལྟར་གཞུང་ལུགས་ཀྱི་དོན་ལ་དཔྱད་ཁུལ་གྱི་སྙིང་སྟོབས་ཕྲན་བུ་རེ་རྒྱས་ཤིང་དེ་ལྟར་བགྱིས་པའི་དགེ་བའི་མཐུས་འགྲོ་ཁམས་བདེ་བ་དང་བསྟན་པ་རྒྱས་པའི་རྒྱུ་རུ་ཡོངས་སུ་བསྔོའོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༢ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༨ པར་གསལ།
- ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༠༦ ལོའི་པར་མ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༡༡༤ པར་གསལ།
- ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༠༦ ལོའི་པར་མ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༢༦༠ པར་གསལ།
- ས་སྐྱའི་གསུང་འབུམ། ཅ། ཨ་དརྴ། ཤོག་ངོས་ ༥༤ a པར་གསལ།
- བློ་གསལ་གླིང་གི་ཕྱི་ལོ་ ༢༠༡༦ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༤༢ པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༢༠༥ b པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༢ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༠ པར་གསལ།
- ཐཱའི་ཝན་པར་མ། དེབ་གཟུགས། པོད། ༡༤ ཤོག་ངོས་ ༡༡༣ པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༢༡༩ a པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༦༠ a པར་གསལ།
- ཝཱ་ཎ་མཐོ་སློབ་སྔ་འགྱུར་རྙིང་མའི་བདེ་དོན་ལྷན་ཁང་གི་ཕྱི་ལོ་ ༢༠༡༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༨༩ པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༨ b པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༡ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༨ པར་གསལ།
- ཐཱའི་ཝན་པར་མ། དེབ་གཟུགས། པོད། ༡༤ ཤོག་ངོས་ ༡༡༣ པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༥༦ a པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༤ a པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༥༤ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༨ པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༣༢༩ b པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༨ b པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༧ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༦༠ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥ པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༦ a པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩༧ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩༤ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༨༩ པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༢༠༥ b པར་གསལ།
- སྡེ་དགེ་བཀའ་འགྱུར། ཨ་དརྴ། ཤོག་ངོས་ ༡༣༢ a པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༩ b པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༢༠༥ b པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༢༠༥ b ནས་ ༢༠༦ a པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༩ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༧ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༤ པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༣༢༩ b པར་གསལ།
- སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་ངོས་ ༨ b པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩༦ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༢ པར་གསལ།
