རྩོམ་སྒྲིག་པ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༣༡ བོད་ཟླ་ ༡༡ ཚེས་ ༡༩ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་བཙུན་པ་བཙུན་མ་ཡོངས་ནས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་ཡང་སྲིད་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་རིན་པོ་ཆེ་མཆོག་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྟེན་འབྲེལ་སྲུང་བརྩི་ཞུས།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༠ བོད་ཟླ་ ༡༢ ཚེས་ ༠༡ ནས་ ༡༡ བར་ལོ་ལྟར་བཞིན་སྤྱིར་འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བ་དང་། བྱེ་བྲག་རྒྱལ་བའི་བསྟན་པ་ཡུན་དུ་གནས་ཤིང་། བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་པ་སོགས་ཀྱི་ཆེད་དུ་དམིགས་ཏེ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་འཚོག་སྲོལ་ཡོད་པ་ལྟར། འདི་ལོར་ཡང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་འདི་ག་རྣམ་གྲོལ་གླིང་ནས་དགེ་འདུན་བཙུན་མ་དང་བཅས་གྲངས་ ༢༠༠༠ མ་ཟིན་ཙམ་གྱིས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པར་ཚོགས་ཞུགས་གནང་ཡོད།
ཕྱི་ཟླ་ ༠༡ ཚེས་ ༢༨ བོད་ཟླ་ ༡༢ ཚེས་ ༡༨ ཉིན་མཁན་རིན་པོ་ཆེ་པདྨ་ཤེས་རབ་དབུ་བཞུགས་ཐོག་སྔར་སྲོལ་ལྟར་གསང་ཆེན་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་མོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དགོངས་པ་ཞི་བའི་དབྱིངས་སུ་གཤེགས་ནས་བགྲང་བྱ་ཧྲིལ་པོ་ ༦༦༡ འཁོར་བའི་འདས་མཆོད་འཚོགས། དེ་ཡང་སྔ་དྲོ་ཆུ་ཚོད་ ༧ ནས་ཕྱི་དྲོའི་ཆུ་ཚོད་ ༣ བར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་དང་། ཕྱི་དྲོའི་ཆུ་ཚོད་ ༣ : ༣༠ ནས་ཀློང་ཆེན་སྙིང་གི་ཐིག་ལེ་ལས་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་ལས་བྱང་གི་གཞུང་བསྲངས་ཏེ་ཚོགས་མཆོད་ཕུལ་པ་དང། དེ་བཞིན་དགོང་མོའི་ཆར་འཆད་རྩོད་ཀྱི་སྒོ་ནས་ལེགས་བཤད་ཆོས་ཀྱི་མཆོད་སྤྲིན་ཕུལ་ཅིང་། སེར་སྐྱ་མི་མང་ཡོངས་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཐང་མཐོང་གྲོལ་ཆེན་མོའི་མདུན་མཇལ་དར་ཕུལ་རྗེས་བཀྲ་ཤིས་དང་བསྔོ་སྨོན་བཟང་པོའི་སྒོ་ནས་འདས་མཆོད་མཐའ་གྲུབ།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ བོད་ཟླ་ ༡༢ ཚེས་ ༢༤ ནས་དགོན་འདིའི་ལོ་འཁོར་མོའི་ཞབས་རིམ་ཆེད་དགུ་གཏོར་དབུ་བཙུགས་ཤིང་ཉིན་ལྔའི་རིང་ཕུར་པ་དང་། གུར་དྲག སེང་གདོང་། བཀའ་བརྒྱད། སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ་བཅས་ཚོགས་ཁག་དྲུག་འཚོགས། བོད་ཚེས་ ༢༨ ཉིན་གཏོར་ཟོར་འཕངས་པ་དང། ཚེས་ ༣༠ ཉིན་ཚེ་ཆོག་འཆི་བསླུ་འཚོགས་གནང་སྟེ་མཐའ་གྲུབ་བོ།།
ཕྱི་ལོ་ ༢༠༢༤ བོད་ཟླ་ ༠༡ ཚེས་ ༠༡ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་བཙུན་མ་ཡོངས་ནས་གནམ་ལོ་ཤིང་ཕོ་འབྲུག་ལོ་གསར་ཚེས་ལ་རྟེན་འབྲེལ་མཚོན་ཆེད། འདུ་ཁང་ཆེན་མོའི་ནང་ལྷན་འཛོམས་ཀྱིས་སྔ་དྲོར་སེམས་བསྐྱེད་སྡོམ་ཆོག་དང་། གནས་བརྟན་ཕྱག་མཆོད། དེ་བཞིན་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་ཚིག་སོགས་གསུངས་ནས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཞུགས་ཁྲིར་མཇལ་དར་ཕུལ་བའི་རྗེས་ཉིན་གསུམ་རིང་ལ་ལོ་གསར་སྲུང་བརྩི་ཞུས་ཡོད་པ་དང་། ཚེས་ ༠༤ ཉིན་གཞིས་གྲོང་བཞི་པའི་དད་ལྡན་སྦྱིན་བདག་ཕོ་མོ་རྣམས་ནས་སྔར་སྲོལ་བཟང་པོ་བཞིན། འདི་ལོར་རང་དགོན་འཆམ་རའི་ནང་དུ་གླིང་བྲོ་བདེ་ཆེན་རོལ་མོ་འཁྲབ་སྟོན་གཟིགས་འབུལ་ཞུས།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༡༧ བོད་ཟླ་ ༠༡ ཚེས་ ༠༨ ཆོ་འཕྲུལ་དུས་ཆེན་ནས་སྒྲུབ་ཆེན་དབུ་བཙུགས་ཏེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲུབ་ཆེན་ཐེངས་ ༦༤ པ་འཚོགས། སྒྲུབ་ཆེན་གྱི་དཀྱིལ་འཁོར་གཙོ་བོ་རཏ་གླིང་ཚེ་སྒྲུབ་དང་། གཞན་ཡང་རཏ་གླིང་ཕུར་པ། ཀར་གླིང་ཞི་ཁྲོ། སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ། གནམ་ཆོས་བསང་བཅས་ཉིན་བརྒྱད་ཀྱི་རིང་འཚོགས་པ་དང་། བོད་ཚེས་ ༡༠ ཉིན་སྔ་དྲོའི་ཆུ་ཚོད་ ༨ པར་གུ་རུའི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་དང་། ཆུ་ཚོད་ ༩:༣༠ ནས་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་བྱིན་ཅན་བཅས་མཇལ་ཁ་གནང་། བོད་ཚེས་ ༡༥ ལ་སེར་སྐྱ་མི་མང་ཡོངས་ལ་ཚེ་ལྷ་རྣམ་གསུམ་གྱི་གོས་སྐུ་ཆེན་མོ་དང་། ཚོགས་ལས་མ་གཏོགས་པའི་འཆམ་ཆེན་བཞིའི་མཇལ་ཁ་དང་། དེ་རྗེས་སེར་སྐྱ་མི་དམང་ཡོངས་ནས་མར་མེ་སྨོན་ལམ་དང་བཅས་མཐའ་གྲུབ།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༧ བོད་ཟླ་ ༠༡ ཚེས་ ༡༨ ཉིན་སྔར་སྲོལ་བཞིན་དཔལ་ཡུལ་རི་ཆོས་རྣམ་གསུམ་སྟེ། གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་གི་ཁྲིད་ཡིག་སྔོན་འགྲོ་དང་། རྩ་རླུང་། རྫོགས་ཆེན་གསུམ་ཉམས་ལེན་གནང་འགོ་བཙུགས་པ་དང་། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་སྔོན་འགྲོའི་ཁྲིད་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས་རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་གནང་ཞིང་། འདི་ལོར་སྔོན་འགྲོར་ཉམས་ལེན་གནང་མཁན་དགེ་འདུན་བཙུན་པ་དང་བཙུན་མ་གྲངས་ ༡༥༨ དང་། མི་སྐྱ་ཕོ་མོ་ ༡༦༠ རྩ་རླུང་ཉམས་ལེན་གནང་མཁན་དགེ་འདུན་པ་དང་བཙུན་མ་གྲངས་ ༡༣༠ དང་། མི་སྐྱ་ཕོ་མོ་ ༣ རྫོགས་ཆེན་ཉམས་ལེན་གནང་མཁན་དགེ་འདུན་བཙུན་མ་ ༡༩༢ དང་། མི་སྐྱ་ ༦༥ བཅས་འདི་ལོར་དཔལ་ཡུལ་རི་ཆོས་རྣམ་གསུམ་ཉམས་ལེན་གནང་མཁན་ཁྱོན་མི་གྲངས་ ༧༠༨ བྱུང་ཡོད།
ཕྱི་ཟླ་ ༠༣ ཚེས་ ༣༡ ཉིན་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་ཚང་གི་ལས་བྱེད་འཕོ་ལེན་གནང་ཞིང་། ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གསོལ་རས་དང་གསར་པ་རྣམས་ལ་རྟེན་འབྲེལ་མཇལ་དར་བཅས་ཕུལ།
ཕྱི་ཟླ་ ༠༤ ཚེས་ ༡༨ བོད་ཟླ་ ༠༣ ཚེས་ ༡༠ ཉིན་སྔར་རྒྱུན་བཞིན་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནམ་ཆོས་སྔོན་འགྲོའི་ཁྲིད་སངས་རྒྱས་ལག་འཆང་གི་སྒོ་ནས་ཉམ་བཞེས་གནང་འགོ་བཙུགས་ཤིང་། ལོ་འདིར་དགེ་འདུན་བཙུན་མ། དེ་བཞིན་དད་ལྡན་མི་སྐྱ་ཕོ་མོ་བཅས་ཁྱོན་བསྡོམ་ ༦༠ ལྷག་ཙམ་གྱི་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་བཞིན་ཡོད།
ཕྱི་ཟླ་ ༠༥ ཚེས་ ༡༧ བོད་ཟླ་ ༠༤ ཚེས་ ༠༩ ཉིན་སྔར་སྲོལ་བཞིན་ས་ག་ཟླ་བའི་ཚེས་དགུ་ནས་བཅོ་ལྔ་བར་རྒྱལ་བ་གོང་མའི་ཕྱག་བཞེས་མ་ཉམས་པར་རིང་བརྒྱུད་བཀའ་མའི་སྒྲུབ་མཆོད་ཐེངས་ ༥༤ པ་དེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་འགོ་བཙུགས་གནང་ཡོད། དེ་ཡང་ཚོགས་ཆེན་འདུས་པ་དང་། ཟུར་དུ་ཚོགས་ཁག་ཡང་དག གཤིན་རྗེ། སངས་རྒྱས་མཉམ་སྦྱོར། སྒྱུ་འཕྲུལ་ཞི་བ། སྒྱུ་འཕྲུལ་ཁྲོ་བོ། རོང་ཕུར། མགོན་པོ་སྒྲུབ་པ། སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ། ཕུར་བཟློག ཞི་ཁྲོ་བཅས་ཀྱི་སྒོ་ནས་འཚོགས་གནང་བ་དང་། བོད་ཟླ་ ༠༤ ཚེས་ ༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧:༣༠ ལ་སྟོན་པའི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་གནང་བ་དང་། དེའི་རྗེས་སུ་གར་འཆམ་དང་། ཁྲོ་འཆམ་མཇལ་ཁ་གནང་སྟེ། བོད་ཚེས་ ༡༥ ཉིན་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གནང་རྗེས་ཉིན་རྒྱབ་སྒྲུབ་པའི་དངོས་གྲུབ་གནང་ནས་མཐར་མར་མེ་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་འདི་ལོའི་བཀའ་མའི་སྒྲུབ་མཆོད་མཐའ་གྲུབ་བོ།།
ཕྱི་ཟླ་ ༠༥ ཚེས་ ༡༩ ཉིན་ཕྱི་དྲོའི་ཆར་རྣམ་གྲོལ་གླིང་གི་འདུ་སྤྱི་ཚོགས་ཆེན་ཁང་དུ་དགོན་པའི་ལོ་འཁོར་མོ་གཅིག་གི་རྩིས་ཁྲའི་ཚོགས་ཆེན་འཚོགས་གནང་བ་དང་། ཕྱི་ཚེས་ ༢༡ ཉིན་གྱི་དགོང་མོར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྡེ་ཚན་སོ་སོའི་དངུལ་གཉེར་རྣམ་པས་དགེ་འདུན་དང་བཙུན་མ་ཡོངས་ལ་ལོ་འཁོར་མོ་གཅིག་གི་རྩིས་ཁྲ་ཁག་གསལ་བཤད་གནང་ངོ་།།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།
ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༦ ནས་དབུ་བཙུགས་ཏེ་ཚེས་ ༢༣ བར་ཉིན་བརྒྱད་ཀྱི་རིང་། བོད་བརྒྱུད་ནང་བསྟན་གསུང་རབ་ཞིབ་འཇུག་གི་དམ་བཅའི་རྒྱུགས་འབུལ་དང་ཟབ་སྦྱོང་འདི་ཉིད། ཧམ་བྷག་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་མཁས་དབང་རྡོ་རྗེ་དབང་ཕྱུག་མཆོག་དང་། འབུམ་རམས་པ་ཨོར་ན་ཨལ་མོ་གྷིས་(Dr. Orna Almogi)དབུས་པའི་རྒྱུགས་ལེན་པ་མཁན་སློབ་ཁྱོན་བསྡོམས་ ༨ དང་། རྒྱུགས་འབུལ་མཁན་ ༡༢ གཞན་ཡང་སྔ་འགྱུར་མཐོ་སློབ་ཆེན་མོའི་ཞིབ་འཇུག་ལྟེ་གནས་ཁང་དང་། ཕྱོགས་མཐའ་ཁག་གི་ཞིབ་འཇུག་པ་རྣམས་ཀྱིས་མཉམ་ཞུགས་དང་བཅས་མཛད་རིམ་ལེགས་གྲུབ་བྱུང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༡༣ བོད་ཟླ་ ༠༢ ཚེས་ ༠༣ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་གུང་སེང་རྫོགས་ཏེ་བཤད་གྲྭ་སླར་ཡང་དབུ་བཙུགས། ཟླ་དེའི་ནང་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་ལོ་དེའི་གསར་ཞུགས་སློབ་གཉེར་བ་ཁྱོན་བསྡོམས་གྲངས་ ༡༢༢ གྱིས་ཉིན་གཉིས་རིང་གསར་ཞུགས་ཀྱི་ངག་རྒྱུགས་དང་། འབྲི་རྒྱུགས་བཏང་ནས་གསར་དུ་འཛུལ་ཞུགས་བྱུང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༡༤ རེས་གཟའ་ཕུར་བུའི་ཉིན། རྣམ་གླིང་ཆེས་མཐོའི་དབུ་འཛིན་མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་ནས། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། དད་ལྡན་སློབ་མ་སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ། བཀའ་བརྒྱུད་ཆོས་མགོན་རིན་པོ་ཆེ། ཚོགས་གཉིས་རིན་པོ་ཆེ་ལ་སོགས་པའི་མཁན་སྤྲུལ། བླ་སློབ། སྐྱ་སེར་ཕོ་མོ་སྟོང་ཕྲག་བརྒལ་བ་ལ་«བདག་འཇུག་པདྨ་ཀློང་ཡངས་»ཀྱི་སྒོ་ནས་མཁའ་འགྲོ་སྙིང་ཐིག་གི་སྨིན་བྱེད་དབང་གི་སྒོ་མོ་ལེགས་པར་ཕྱེ་སྟེ་ལོ་སྔོན་གྱི་འཕྲོ་«མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ཟབ་དོན་རྒྱ་མཚོའི་སྤྲིན་»གྱི་བཀའ་ཆོས་དབུ་བཙུགས་ཤིང་། དེ་ནས་ཉིན་ཉི་ཤུའི་རིང་ལ་བཀའ་ཆོས་གནང་སྟེ། མཐར་ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༠༢ ཉེར་ལྔའི་དུས་ཆེན་དང་འབྲེལ་ཡུམ་ཀ་བདེ་ཆེན་རྒྱལ་མོ་དང་། གུ་རུའི་ཚིག་བདུན་བླ་སྒྲུབ་ཀྱི་སྒོ་ནས་ཚོགས་འཁོར་བཀའ་དྲིན་བཏང་རག་དང་བཅས་རེ་ཞིག་བཀའ་ཁྲིད་མཚམས་འཇོག་གནང་།
ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༡༧ ཉིན་རེས་གཟའ་ཉི་མའི་སྔ་དྲོར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་རྣམས་དབུ་བཞུགས་ཐོག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་དང་། བསླབ་པ་མཐར་སོན་པ་རྣམས་ལ་«ངེས་གསང་ལེགས་བཤད་མཛོད་འཆང་»གི་ཕྱག་འཁྱེར། མདོ་གོང་མའི་བསླབ་པ་མཐར་སོན་པ་རྣམས་ལ་«ཕར་ཕྱིན་རབ་འབྱམས་»ཀྱི་ཕྱག་འཁྱེར། མདོ་འོག་མའི་བསླབ་པ་མཐར་སོན་པ་རྣམས་ལ་«མཐའ་བྲལ་སྨྲ་བའི་དབང་ཕྱུག་»གི་ཕྱག་འཁྱེར་བཅས་གནང་ཡོད། ལོ་འདིར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་གྲངས་ ༥༥ ཐོན་ཡོད།
ཕྱི་ལོ་ ༢༠༢༤ ལོར་༸སྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་ཡིད་བཞིན་ནོར་བུའི་རྨད་བྱུང་ཕྲིན་ལས་ཀྱི་གཙོ་བོ། ལུང་རྟོགས་བསྟན་པའི་འབྱུང་གནས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་འདི་དང་། གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་། གྲྭ་ཚང་། སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་། དེ་བཞིན་དུ་རྒྱ་གར། བལ་ཡུལ། འབྲུག་སོགས་ཕྱོགས་མཐའ་ཁག་ནས་སྙན་ཞུ་འབྱོར་བ་ལྟར་དགེ་རྒན་བཏང་བའི་གྲངས་ཚད་ནི། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་འཛིན་སྐྱོང་དང་དཔེ་ཁྲིད་གནང་མཁན་མཁན་སློབ་དགེ་བའི་བཤེས་གཉེན་གྲངས་ ༣༢ དང་། ཐེག་མཆོག་རྣམ་གྲོལ་གླིང་གྲྭ་ཚང་དང་། བླ་བྲང་གི་ཕྱག་ལས་གནང་མཁན་མཁན་སློབ་དགེ་བའི་བཤེས་གཉེན་གྲངས། ༡༦ ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་མཁན་སློབ་དགེ་བའི་བཤེས་གཉེན་གྲངས། ༤༣ བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་དུ་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་མཁན་སློབ་དགེ་བའི་བཤེས་གཉེན་གྲངས་ ༦ བཅས་བསྐོ་བཞག་གནང་ཡོད། དེ་བཞིན་དུ་བལ་ཡུལ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་ལ་སྙན་ཞུ་ལྟར་མཁན་སློབ་དགེ་བའི་བཤེས་གཉེན་གྲངས་ ༡༥༢ དང་། འབྲུག་ལ་སྙན་ཞུ་ལྟར་མཁན་སློབ་དགེ་བའི་བཤེས་གཉེན་གྲངས། ༦༢ རྒྱ་གར་ནང་ལ་སྙན་ཞུ་ལྟར་མཁན་སློབ་དགེ་བའི་བཤེས་གཉེན་གྲངས་ ༡༡༦ བཏང་བ་བཅས། ཁྱོན་བསྡོམས་དགོན་པའི་ནང་དང་ཕྱོགས་མཐའ་ཁག་ལ་མཁན་སློབ་དགེ་བའི་བཤེས་གཉེན་གྲངས་ ༤༢༧ བསྐོ་བཞག་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་ལོ་ལྟར་བཞིན་དུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གིས་བཤད་གྲྭ་ཁག་གཉིས་ཀྱི་བསླབ་པ་མཐར་སོན་པའི་མཁན་པོ་དང་། མཁན་མོ། སློབ་དཔོན་དང་སློབ་དཔོན་མ་ཡོངས་ལ་ཕྱི་དྲོའི་ཐོག་གསོལ་ཚིགས་ཟབ་རྒྱས་ཤིག་གོ་སྒྲིག་ཞུས་ཡོད་ཅིང་། སྐབས་དེར་མཁན་སློབ་མང་ཚོགས་ལ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་གསུམ་ནས་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གསུང་བཤད་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༣༠ རེས་གཟའ་སྤེན་པའི་ཕྱི་དྲོའི་ཆར། སྔར་སྲོལ་བཞིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་སློབ་ལྷན་འཛོམས་ཐོག་ལོ་རིམ་བརྒྱད་པ་དང་དགུ་པའི་སློབ་གཉེར་བ་རྣམས་ཀྱི་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་གྱི་གནས་ཚད་དང་། རྒྱུགས་སྤྲོད་ཀྱི་གནས་འབབ། སྤྱོད་ལམ་བཅས་ལ་བསྐྱར་ཞིབ་ཀྱིས་འོས་འདེམས་ལམ་ནས་ལོ་འདིའི་སྔ་འགྱུར་མཐོ་སློབ་ཆེན་མོའི་སྐྱོར་དཔོན་གྲངས་ ༡༩ བསྐོ་བཞག་མཛད་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༣༡ ནས་ཟླ་ ༠༤ ཚེས་ ༠༢ བར་སྔར་སྲོལ་བཞིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དགེ་འདུན་འདུས་ཚོགས་ཡོངས་ནས་ལོ་འགོའི་དཔེ་ཁྲིད་དབུ་མ་བཙུགས་གོང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་ཚར། ཕུར་བཟློག བསང་གསོལ་བཅས་ཞབས་རིམ་ཉིན་གསུམ་རིང་འཚོགས་པ་དང་།
ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༠༤ སྟེ་བོད་ཟླ་ ༠༢ ཚེས་ ༢༥ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དཔེ་ཁྲིད་དངོས་སུ་དབུ་བཙུགས་ཡོད།
ཕྱི་ལོ་ ༢༠༢༤ བོད་ཟླ་ ༠༣ ཚེས་ ༠༣ སྤྱི་ཟླ་ ༠༤ ཚེས་ ༡༡ ཕྱི་དྲོར་སྔར་སྲོལ་བཞིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་ནས་གླིང་གི་ལས་བྱེད་གསར་རྙིང་འཕོ་ལེན་དང་། ཉིན་དེར་རྒྱུན་ལས་རྙིང་པ་རྣམས་ནས་ལོ་གཅིག་གི་ཉམས་མྱོང་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་བ་དང་། སྤྱི་ཚེས་ ༡༢ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་འདིའི་རྒྱུན་ལས་གསར་པ་རྣམས་ནས་བཀའ་སློབ་ལམ་སྟོན་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༢༠ སྔ་དྲོའི་འཆར་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་དང་ཚོགས་གཞོན་དབུ་བཞུགས་ཐོག་ཕྱི་ལོ་ ༢༠༢༤ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོའི་འཛིན་སྐྱོང་དང་། དཔེ་ཁྲིད། ཤེས་ཡོན། འཛུགས་སྐྲུན་བཅས་ཀྱི་ཐད་མཁན་སློབ་ལྷན་འཛོམས་ཐོག་ཚོགས་ཆེན་འཚོགས་ཡོད་ལ། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༣ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་སློབ་དགེ་བའི་བཤེས་གཉེན་ལྷན་འཛོམས་ཐོག་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་འདས་མཆོད་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གནང་མཁན་གཏན་འབེབས་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་ ༠༥ ཚེས་ ༠༥ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་འདིའི་ལོ་རིམ་གོང་འོག་གི་ཆོས་རྩོད་ཀྱི་དམ་བཅའ་ཆེན་མོ་ཐེངས་དང་པོ་འཚོགས་ཡོད་ལ། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༨ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སློབ་གཉེར་བ་རྣམས་ལ་སྔ་འགྱུར་བཀའ་མའི་སྒྲུབ་མཆོད་དང་འབྲེལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ལམ་སྟོན་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༩ ནས་རྣམ་གླིང་མཁན་ཐོག་དང་པོའི་གྲས་སུ་བཞུགས་པ་མཁན་རིན་པོ་ཆེ་འཇམ་དབྱངས་ཚེ་རིང་མཆོག་ནས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཚོགས་ཁང་ནང་དུ་ཀུན་མཁྱེན་རོང་ཟོམ་ཆེན་པོའི་བཀའ་འབུམ་ལྗགས་ལུང་དང་། སྔ་འགྱུར་བཀའ་མ་ལས། མདོ་ཚོགས་ཆེན་འདུས་པ། སྒྱུ་འཕྲུལ་ཞི་བ། སྒྱུ་འཕྲུལ་ཁྲོ་བོ། སངས་རྒྱས་མཉམ་སྦྱོར། གཤིན་རྗེ། རོང་ཕུར། ཡང་དག་བཅས་ཀྱི་ལྗགས་ལུང་། གཞན་ཡང་། གཞི་གསུམ་ཆོ་ག་ཐར་གླིང་བགྲོད་པའི་གྲུ་གཟིངས། གྲུབ་དབང་དཔལ་ཆེན་འདུས་པའི་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ། འཇམ་དཔལ་མཚན་བརྗོད། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་འཇམ་དཔལ་མཚན་བརྗོད་འདོན་ལུགས་ཀྱི་གདམས་ངག འཇམ་མགོན་མི་ཕམ་པས་མཛད་པའི་རོང་ཟོམ་བླ་མའི་རྣལ་འབྱོར། འཇམ་དབྱངས་བསྟོད་པ་ཤེས་རབ་རབ་འཕེལ་མ། གནམ་ཆོས་སྔོན་འགྲོའི་དམིགས་རིམ། ཁྱད་པར་འཕགས་བསྟོད། པད་གླིང་བླ་མ་ནོར་བུ་རྒྱ་མཚོ། ལྷ་ལས་ཕུལ་འབྱུང་གི་བསྟོད་པ། སོ་ཐར་སྡོམ་རྒྱུན་གསོལ་འདེབས། ཕྲེང་བུ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་མདོ་སྨོན་དང་སྔགས་སྨོན་གཉིས། མཁན་ཆེན་གཞན་དགའི་དབུ་མ་འཇུག་པ་རང་འགྲེལ་གྱི་མཆན་འགྲེལ་དང་། གསང་བ་སྙིང་པོའི་མཆན་འགྲེལ། གསང་བ་སྙིང་པོའི་རྒྱུད་ཕྱི་མ། ཀུན་མཁྱེན་ཀློང་ཆེན་པའི་སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ། བླ་མ་མི་ཕམ་པའི་བསྟན་བཅོས་རལ་གྲི་རྣམ་ལྔ་ལ་སོགས་པའི་ཆོས་ཚན་བཅུ་ཕྲག་གཉིས་ལས་བརྒལ་བའི་ལྗགས་ལུང་བཀའ་དྲིན་བསྩལ་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༠༥ ཉིན། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་འདས་མཆོད་སྟ་གོན་གྱི་ཆེད་ཕྱི་དྲོ་ཆུ་ཚོད་གསུམ་པ་ནས། ཚོགས་གཙོ་མཁན་རིན་པོ་ཆེ་དགའ་དབང་དབུ་བཞུགས་ཐོག མཁན་སློབ་རྣམ་པས་སྤོས་སྣེ་དྲངས་ཏེ། སྐུ་གསུང་ཐུགས་རྟེན་རྣམས་འདུ་ཁང་ཆེན་མོར་གདན་འདྲེན་ཞུས་ཤིང་། དགེ་འདུན་འདུས་ཚོགས་ཡོངས་ནས་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ཞལ་འདོན་མཛད་ཡོད།
ཕྱི་ལོ་ ༢༠༢༤ ཟླ་ ༠༦ ཚེས་ ༠༦ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཚོགས་གཙོ་མཁན་པོ་དགའ་དབང་མཆོག་དབུ་བཞུགས་ཐོག དགེ་སློབ་འདུས་མང་ཡོངས་ནས་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོར་རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཀྱི་སྒོ་ནས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཞལ་ཕྱེ་སྟེ། ཀུན་མཁྱེན་བླ་མ་མི་ཕམ་པའི་དགོངས་རྫོགས་མཆོད་འབུལ་དང་། ཚོགས་འཁོར་ཟབ་རྒྱས་བསྐོར་བ་དང་ལྷན། གསོལ་ཇའི་བར་གསེང་རྣམས་སུ་ཆོས་བཤད་དང་། དགོང་མོའི་ཆར་ཚོགས་ལངས། ལོ་རིམ་གོང་འོག་ནས་ཆོས་རྩོད། འཇམ་དཔལ་མཚན་བརྗོད་ཞལ་འདོན་དང་བཅས་ཀྱིས་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ། མཐར་བཀྲ་ཤིས་ཚིག་བཟང་དང་། བསྔོ་སྨོན་བཅས་ཀྱིས་དགོངས་རྫོགས་ལེགས་པར་མཐའ་གྲུབ་བོ།།
ཕྱི་ལོ་ ༢༠༢༤ ཟླ་ ༠༦ ཚེས་ ༡༥ བོད་ཟླ་ ༠༥ ཚེས་ ༠༩ རེས་གཟའ་སྤེན་པའི་ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་སློབ་དགེ་བའི་བཤེས་གཉེན་དང་སློབ་ཕྲུག་ཡོངས་རྫོགས་བརྗོད་གཞི་དབུ་མ་རྒྱན་གྱི་ཐོག་དྲི་བ་དྲིས་ལན་གྱི་མཛད་རིམ་སྤེལ་ཡོད། དེ་ཡང་མཛད་རིམ་འདི་ནི་ཕྱི་ལོ་ ༢༠༢༤ ལོའི་མཁན་སློབ་དགེ་བའི་བཤེས་གཉེན་མང་ཚོགས་ནས་གསར་ཏུ་གཏན་འབེབས་བྱུང་བ་ཡིན་ལ། དེ་ཡང་ཟླ་རེའི་གཟའ་སྤེན་པ་ཐ་མ་ཡོད་དོ་ཅོག་ལ། བརྗོད་གཞི་ལོ་རིམ་གཉིས་པ་ནས་བཟུང་རྩ་བའི་སློབ་ཚན་རྣམས་ལ་རིམ་གྱིས་བགྲོ་གླེང་མཛད་འཆར་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༢༢ བོད་ཟླ་ ༠༥ ཚེས་ ༡༥ ཉིན་འཛམ་གླིང་སྤྱི་བསང་གི་ཉིན་མོ་སྟེ། བཤད་གྲྭའི་ཚོགས་གཙོ་དབུས་པའི་རྒྱུན་ལས་རྣམ་པ་དང་། དེ་བཞིན་དུ་ལོ་རིམ་དགུ་པའི་སློབ་གཉེར་བ་གཙོས་དགེ་འདུན་གང་མང་ཞིག་རི་བོ་བྷེ་ཊ་པུར་ལ་ཕེབས་ཏེ། འགྲོ་བ་སྤྱིའི་ཚེ་བསོད་དབང་ཐང་རྒྱས་ཕྱིར་བསང་གསོལ། རླུང་རྟ། གསེར་སྐྱེམས་མཆོད་འབུལ་བཅས་ཀྱིས་དུས་ཚིགས་སྲུང་བརྩི་ཞུས་ཡོད་དོ།།
རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག།
བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་ཕོ་འབྲུག་ལོའི་བོད་ཟླ་ ༠༢ ཚེས་ ༠༣ ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༡༣ ཉིན་གཞི་རིམ་སློབ་གྲྭའི་ཟླ་བ་གཉིས་ཀྱི་གུང་སེང་ནས་སླར་དབུ་འཛུགས།
བོད་ཟླ་ ༠༢ ཚེས་ ༠༧ ཕྱི་ཟླ་ ༠༣ ཚེས་ ༡༦ དགོང་མོར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་ཀྱི་སྒྲོགས་སྦྱང་གནང་བ་དང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་མཆོག མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་མཆོག་དབུས་པའི་སྡེ་ཚན་ཁག་གི་ཚོགས་གཙོ་དང་འགན་འཛིན་རྣམ་པའི་ལྷན་འཛོམས་ཐོག་གཞི་རིམ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་འཁྱེར་བསྩལ་གནང་བ་དང་། གཞན་རྩེ་ཕུད་དུ་སོན་པའི་ཨང་དང་པོ་དང་། གཉིས་པ། གསུམ་པ། དེ་བཞིན་འཛིན་གྲྭ་བཞི་པ་ཡན་ཆད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱི་རྒྱུགས་སྤྲོད་ཀྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་། རྩ་བ་བློ་འཛིན་ལྡེབ་གྲངས་ལྔ་བཅུ་ཡན་ཆད་འབུལ་མཁན་རྣམས་ལ་གཟེངས་བསྟོད་བྱ་དགའ་གསོལ་རས་བསྩལ་གནང་ཅིང་ཚེ་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་ཟབ་མོ་གསུངས་གནང་ཡོད།
ཕྱི་ལོ་ ༢༠༢༤ ལོའི་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་པའི་སློབ་གཉེར་བ་གྲངས་ ༥༠ ཐམ་པ་བྱུང་བ་དང་། གཞན་གསར་ཞུགས་སློབ་གཉེར་བ་ ༩༧ བཅས་ཁྱོན་བསྡོམས་པའི་ད་ལྟའི་ཆར་སློབ་གྲྭའི་སློབ་གཉེེར་བ་ ༨༢༥ ལྷག་ཙམ་གྱིས་སློབ་སྦྱོང་གནང་མུས་ཡིན། ཕྱི་ཟླ་ ༠༣ ཚེས་ ༠༣ བོད་ཟླ་ ༠༢ ཚེས་ ༢༥ དགོང་མོ་ཕྱག་ཚོད་ ༧ ཐོག་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་དགེ་སློབ་ལྷན་འཛོམས་ཀྱིས་འཕགས་པ་བཀྲ་ཤིས་བརྒྱད་པས་སྣེ་དྲངས་བའི་སྒོ་ནས་ལོ་འདིའི་དཔེ་ཁྲིད་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་གནང་།
ཕྱི་ཟླ་ ༠༤ ཚེས་ ༡༠ ཉིན་རྒྱུན་ལས་གསར་རྙིང་དབུ་བཞུགས་ཐོག་གཞི་རིམ་སློབ་གྲྭའི་རྒྱུན་ལས་དང་སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་སློབ་ཕྲུག་ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་གསོལ་རས་དང་། ལས་བྱེད་གསར་པ་རྣམས་ལ་རྟེན་འབྲེལ་མཚོན་བྱེད་མཇལ་དར་སྒྲོན་ནས་ལོ་འདིའི་ལས་བྱེད་འཕོ་ལེན་དང་། དེ་བཞིན་རྒྱུན་ལས་རྙིང་པ་རྣམས་ཀྱིས་སོ་སོའི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་། དུས་རྒྱུན་ལྟར་ལོ་འདིར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་སློབ་གྲྭའི་འཛིན་སྐྱོང་གནང་མཁན་ལ་རྒྱུན་ལས་གཙོས་པའི་མཁན་སློབ་གྲངས་ ༤༠ དང་། སྔ་འགྱུར་མཐོ་སློབ་ཆེན་མོ་ནས་དབྱིན་ཇི་དང་། ཀློག་དང་ཆོ་ག་ཕྱག་ལེན་དགེ་རྒན་སློབ་གཉེར་བ་གྲངས་ ༣༧ བཅས་བསྐོ་བཞག་གནང་ཡོད། དེ་བཞིན་འཛིན་གྲྭ་གསུམ་པ་མན་ཆད་ཀྱི་སློབ་ཕྲུག་རྣམས་ལ་འདི་ག་གཞི་རིམ་སློབ་གྲྭའི་འཛིན་གྲྭ་གོང་མའི་སློབ་གཉེར་བ་ ༡༢ དབྱིན་ཇི་དགེ་རྒན་གནང་བཞིན་པ་དང་། ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་གཉིས་པའི་བར་གྱི་སློབ་ཕྲུག་རྣམས་ལ་ཚུགས་རིང་ཡིག་གཟུགས་ཀྱི་དགེ་རྒན་ཡང་འདི་ག་སློབ་གྲྭའི་སློབ་གཉེར་བ་ ༨ ནས་སློབ་བཞིན་ཡོད། ཁྱོན་བསྡོམས་པས་ལོ་འདིའི་སློབ་གྲྭའི་དགེ་རྒན་གྲངས་ ༩༧ གྱིས་ཐུགས་ཁུར་ཆེར་བཞེས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ། འབུད་རྡུང་དཀྲོལ་གསུམ། གར་ཐིག་དབྱངས་གསུམ། གཏོར་བཟོ་དཀར་རྒྱན། རྒྱལ་རབས་ཆོས་བྱུང་། བཤེས་སྤྲིངས་དང་། རྒྱལ་སྲས་ལག་ལེན་སོ་བདུན་མ། བློ་རིག་དང་རྟགས་རིགས། མཚན་ཉིད་རིག་པ་བློའི་ཉིན་འབྱེད། སྐད་ཡིག་སློབ་དེབ། མེ་ཏོག་གསར་པ། རང་བྱུང་ཚན་རིག སྤྱི་ཚོགས་རིག་གནས། དབྱིན་ཇི་དང་ཨང་རྩིས་བཅས་རིག་པའི་གནས་རྣམས་ལ་སློབ་སྟོན་གནང་མུས་ཡིན།
ཕྱི་ཟླ་ ༠༤ ཚེས་ ༡༥ རེས་གཟའ་ཟླ་བ་ནས་སྔར་རྒྱུན་བཞིན་སྔ་དྲོའི་ཞལ་འདོན་རྒྱལ་བ་ཀུན་གྱི་དབུ་འཛུགས་གནང་ཡོད། ཕྱི་ཟླ་ ༠༤ ཚེས་ ༢༥ ནས་ཉིན་གསུམ་གྱི་རིང་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་དུ་གནས་པ་སོགས་དང། ཁྱད་པར་དུ་སློབ་གྲྭ་འདིའི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་ལྷག་མེད་དུ་ཞི་ཞིང་། རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱི་བསམ་པའི་དོན་འབད་མེད་ཡིད་བཞིན་དུ་འགྲུབ་པ་སོགས་ལ་དམིགས་ཏེ། བླ་མ་རྡོ་རྗེ་སློབ་དཔོན་དབུ་བཞུགས་ཐོག་དགེ་སློབ་ཡོངས་ནས་ཉིན་དང་པོའི་ཆར་འཛིན་གྲྭ་ལྔ་པ་ཡན་ཆད་སློབ་ཕྲུག་རྣམས་ཀྱིས་སྒྲོལ་ཆོག་བསང་གསོལ་དང་། ཉིན་གཉིས་པར་ཚེ་ཆོག་འཆི་བསླུ་བསམ་ལྷུན་དང་། ཉིན་གསུམ་པར་ཕུར་བཟློག་ཚིགས་བདུན་གསོལ་འདེབས་གང་མང་བཅས་བསགས་ཡོད།
ཕྱི་ཟླ་ ༠༤ ཚེས་ ༢༥ རེས་གཟའ་ཕུར་བུའི་ཉིན་སློབ་གྲྭའི་རྒྱུན་ལས་གཙོས་པའི་སློབ་ཚན་ཕྱོགས་སྒྲིག་པའི་དགེ་རྒན་རྣམས་ཀྱི་ལྷན་འཕགས་པ་བཀྲ་ཤིས་བརྒྱད་པའི་རྟེན་འབྲེལ་གྱི་ཚིགས་སུ་བཅད་པའི་སྒོ་ནས་སློབ་ཚན་ཕྱོགས་སྒྲིག་གི་ལས་ཁུངས་གསར་པའི་མཛད་སྒོ་སྟབས་བདེ་ཞིག་འཚོགས།
བོད་ཟླ་ ༠༣ ཚེས་ ༢༥ རེས་གཟའ་པ་སངས་དགོང་མོར་སྔར་རྒྱུན་བཞིན་སློབ་གྲྭའི་དགེ་སློབ་ཡོངས་ནས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། སྒོས་སུ་སློབ་གྲྭ་འདི་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་རྨང་མེད་དུ་ཞི་བའི་ཆེད། གསུར་མཆོད་ཞིང་ཁམས་ཀུན་ཁྱབ་དང་། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། སྨོན་ལམ་རྣམ་གསུམ། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་བཅས་གསུངས་གནང་ཡོད།
སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལོ་འཁོར་མོ་གཅིག་གི་རིང་ལ་བོད་ཡིག་ཟླ་རྒྱུགས་ཐེངས་བཞི་དང་། དབྱིན་ཡིག་ཟླ་རྒྱུགས་ཐེངས་གཉིས། འཛིན་གྲྭ་གསུམ་པ་མན་ཆད་ཀྱི་སློབ་ཕྲུག་རྣམས་ཀྱིས་ཨང་རྩིས་ཟླ་རྒྱུགས་ཐེངས་མ་གཉིས། དེ་བཞིན་བོད་སྐད་འགྲན་སྡུར་ཐེངས་གཉིས་རེ་གཏོང་སྲོལ་ཡོད་པ་བཞིན། ད་ལོའི་ཆར་བོད་ཟླ་ ༠༣ ཚེས་ ༢༩ ཕྱི་ཟླ་ ༠༥ ཚེས་ ༠༧ རེས་གཟའ་མིག་དམར་ཉིན། ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཟླ་དྲུག་སྔ་མའི་སློབ་དེབ་ཀྱི་ཟླ་རྒྱུགས་ཐེངས་དང་པོ་བཏང་།
ཕྱི་ཟླ་ ༠༥ ཚེས་ ༠༨ རེས་གཟའ་ལྷག་པའི་སྔ་དྲོ་ཕྱག་ཚོད་ ༨:༣༠ ཐོག་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་དགེ་བའི་བཤེས་གཉེན་རྣམས་ལྷན་འཛོམས་ཀྱིས་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་འཕེལ་དང་འབྲེལ་བའི་ཕྱི་ནང་གི་འཛིན་སྐྱོང་གནང་ཕྱོགས་སྐོར་ཚོགས་འདུ་ཟབ་རྒྱས་འཚོགས།
ཕྱི་ཟླ་ ༠༥ ཚེས ༡༩ དང་ ༢༤ བཅས་ཉིན་གཉིས་རིང་གི་དགོང་མོའི་ཆར་མཁན་རིན་པོ་ཆེ་འཇམ་དབྱངས་ཚེ་རིང་མཆོག་ནས་སློབ་གྲྭའི་དགེ་སློབ་གཙོས་རྣམ་གྲོལ་གླིང་གི་དགེ་འདུན་གང་མང་ཞིག་ལ། སྙིང་ཐིང་གསོལ་ཁ། དཔལ་ཡུལ་ཆོས་སྤྱོད། ཀར་གླིང་ཞི་ཁྲོའི་ལས་བྱང་། སྙིང་ཐིག་གི་འཕོ་བ། རྒྱལ་སྲས་ལག་ལེན་སོགས་ལྗགས་ལུང་གནང་ཡོད། ཕྱི་ཟླ་ ༠༥ ཚེས་ ༢༡ རེས་གཟའ་མིག་དམར་སྔ་དྲོའི་ཆར། ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་འཛིན་གྲྭ་གསུམ་པ་མན་ཆད་ཀྱི་སློབ་ཕྲུག་རྣམས་ཀྱིས་ཟླ་དྲུག་སྔ་མའི་ཨང་རྩིས་ཟླ་རྒྱུགས་ཐེངས་དང་པོ་བཏང་ཡོད།
བོད་ཟླ་ ༠༤ ཚེས་ ༡༦ ཕྱི་ཟླ་ ༠༥ ཚེས་ ༢༤ རེས་གཟའ་པ་སངས་ཉིན། རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་རང་དགོན་གྱི་སློབ་གྲྭ་ཁག་གཉིས་ཀྱི་དགེ་སློབ་དང་དགེ་འདུན་གང་མང་ལ་«གནམ་ཆོས་འཇམ་དབྱངས་ཕྱག་རྟགས་སྤྲ་མའི་བཀའ་དབང་»ཟབ་མོ་བཀའ་དྲིན་བསྩལ་གནང་ཡོད། ཕྱི་ཟླ་ ༠༥ ཚེས་ ༢༦ ཉིན་སློབ་ཕྲུག་ཡོངས་ནས་བོད་སྐད་རྒྱུགས་སྤྲོད་ཐེངས་སྔ་མ་བཏང་།
ཕྱི་ཟླ་ ༠༧ ཚེས་ ༠༣ རེས་གཟའ་ལྷག་པ་ཉིན་ཟླ་དྲུག་སྔ་མའི་སློབ་དེབ་ཀྱི་ཟླ་རྒྱུགས་ཐེངས་གཉིས་པ་བཏང་ཡོད། ཕྱི་ཟླ་ ༠༧ ཚེས་ ༠༦ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས། ཕྱི་ཟླ་ ༠༧ ཚེས་ ༠༩ རེས་གཟའ་མིག་དམར་ཉིན་ཟླ་དྲུག་སྔ་མའི་འཛིན་གྲྭ་འོག་མ་རྣམས་ཀྱིས་ཨང་རྩིས་ཟླ་རྒྱུགས་ཐེངས་གཉིས་པ་དང་། འཛིན་གྲྭ་གོང་མ་རྣམས་ཀྱིས་དབྱིན་ཇིའི་རྒྱུགས་སྤྲོད་ཐེངས་དང་པོ་བཏང་། བོད་ཟླ་ ༠༦ སྔ་མའི་ཚེས་ ༡༠ ཕྱི་ཟླ་ ༠༧ ཚེས་ ༡༦ རེས་གཟའ་མིག་དམར་ཉིན་ཟླ་དྲུག་སྔ་མའི་དཔེ་ཁྲིད་མཚམས་འཇོག་གནང་སྟེ་ཉིན་གསུམ་རིང་ལ་དགེ་སློབ་ཡོངས་རྫོགས་གུང་སེང་དང་བཅས་ཟླ་དྲུག་སྔ་མའི་མཛད་རིམ་མཐའ་གྲུབ་བོ།།
ཕྱི་ལོ་ ༢༠༢༤ ལོའི་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག་གཤམ་གསལ།
བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།
སྟོན་པའི་འདས་ལོ་ ༢༥༦༨ བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་ཕོ་འབྲུག་ལོ། རབ་བྱུང་ ༡༧ བོད་ཟླ་ ༠༡ བོད་ཚེས་ ༠༡ གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ཉིན་ཞོགས་པ་ཆུ་ཚོད་གསུམ་པའི་ཐོག་བཙུན་དགོན་གྱི་འདུ་ཁང་རྙིང་པའི་ནང་དུ་དཀོན་མཆོག་རྗེས་དྲན་གྱིས་དབུ་བཙུགས་ཏེ། སྒྲོལ་མའི་མཎྜལ་བཞི་ཆོག་དང༌། བསང་གསོལ་སོགས་འཚོགས་རྗེས། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ་རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་དང་བཅས་ནས་འཕགས་པ་བཀྲ་ཤིས་བརྒྱད་པ། ཐུབ་མཆོག་བྱིན་རླབས་གཏེར་མཛོད་སོགས་གསུངས་རྗེས། འདུས་དམངས་ཡོངས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ། ༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་རྣམས་ཀྱི་བཞུགས་ཁྲི་སྟེང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མདུན་མཇལ་དར་ཉིན་མོ་བདེ་ལེགས་ཀྱིས་སྣེ་དྲངས་ཏེ་རྟེན་འབྱུང་གི་དགའ་སྟོན་ལ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད།
བོད་ཟླ་ ༠༡ བོད་ཚེས་ ༠༨ ནས་ ༡༥ བར་ཡི་དམ་དཔལ་ཆེན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་བཙུན་མ་ཡོངས་ནས་སྒྲུབ་མཆོད་འཚོགས། བོད་ཟླ་ ༠༡ བོད་ཚེས་ ༡༨ ནས་རྒྱལ་བ་དཔལ་ཡུལ་བའི་རིག་འཛིན་གོང་མའི་ཕྱག་སྲོལ་མི་ཉམས་རྒྱུན་སྐྱོང་གིས་རྣམ་གླིང་གྲྭ་ཚང་དང་གཅིག་མཚུངས་ཀྱི་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་རྣམ་གསུམ་སྟེ་གནམ་ཆོས་སྔོན་འགྲོ་དང༌། རྩ་རླུང༌། རྫོགས་ཆེན་བཅས་དབུ་བཙུགས་ནས་ཟླ་བ་གཅིག་གི་རིང་ལ་ཉམས་བཞེས་གནང་ཏེ་བོད་ཟླ་ ༠༢ བོད་ཚེས་ ༡༧ ཉིན་གཏང་རག་ཚོགས་འཁོར་དང་བཅས་ཏེ་མཐའ་གྲུབ།
༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཐུགས་ཀྱི་དགོངས་བཞེད་བཞིན། ཉིན་ལྟར་ཞོགས་པའི་ཆར་བཙུན་མ་ཉི་ཤུ་རྩ་ལྔ་ཙམ་གྱི་སྒྲོལ་མའི་མཎྜལ་བཞི་ཆོག་དང༌། ཕྱི་དྲོའི་ཆར་སྙིང་ཐིག་གསོལ་ཁ་ཆད་མེད་དུ་འཚོག་བཞིན་པ་དང་། དེ་བཞིན་ཟླ་བ་རེ་རེའི་ཡར་ངོའི་ཚེས་བཅུ་ལ་བླ་མ་རིག་འཛིན་འདུས་པ་དང༌། མར་ངོའི་ཚེས་བཅུ་ལ་མཁའ་འགྲོ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་འབུལ་བ་དང༌། དད་ལྡན་ཡོན་བདག་རྣམས་ཀྱི་རེ་འདོད་ལྟར་དམིགས་བསལ་ཞབས་རིམ་གང་དགོས་པ་རྣམས་བཙུན་དགོན་ནང་དང༌། གཞིས་གྲོང་ནང་ལ་བསྒྲུབས་དང་སྒྲུབ་བཞིན་པ་ནི་རྒྱུན་ལྡན་ལྟར་ཡིན།
བོད་ཟླ་ ༠༣ བོད་ཚེས་ ༠༥ ཉིན་དགོང་མོའི་ཆར་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག གཞན་ཡང་བཤད་གྲྭ་ཁག་གཉིས་ཀྱི་ཚོགས་གཙོ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་དར་མཆོག་དང་། བཙུན་དགོན་འགན་འཛིན་མཁན་པོ་སངས་རྒྱས་བསྟན་འཛིན་གཙོས་པའི་སྡེ་ཚན་ཁག་སོ་སོའི་རྒྱུན་ལས་རྣམ་པ་ཚང་འཛོམས་ཀྱི་དབུས་སུ་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་ནས་བཙུན་དགོན་གྱི་ལས་བྱེད་རྙིང་པ་རྣམས་ལ་ལེགས་གསོལ་བྱ་དགའ་དང༌། ལས་བྱེད་གསར་པ་བསྐོ་བཞག་གནང་བ་རྣམས་ལ་མཇལ་དར་གནང་སྟེ་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས་བཙུན་མའི་འདུས་མང་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ།
བོད་ཟླ་ ༠༣ བོད་ཚེས་ ༠༦ ཉིན་རྒྱུན་ལས་གསར་པ་རྣམས་ཀྱིས་བཀའ་སློབ་ལམ་སྟོན་གནང་སྲོལ་ཡོད་པ་བཞིན། བཤད་གྲྭ་ཁག་གཉིས་ཀྱི་ཚོགས་གཙོ་མཁན་རིན་པོ་ཆེ་དགའ་དབང་མཆོག་དང༌། བཙུན་དགོན་འགན་འཛིན་མཁན་པོ་སངས་རྒྱས་བསྟན་འཛིན་རྣམ་གཉིས་ཀྱིས་དབུས་པའི་རྒྱུན་ལས་གསར་པ་རྣམས་ཀྱིས་བཙུན་དགོན་གྱི་ཕྱི་ནང་གསང་གསུམ་གྱི་ལས་དོན་དང་འབྲེལ་བའི་ཐོག་ལས་བྱེད་གསར་པ་རྣམས་ལ་བཀའ་སློབ་ལམ་སྟོན་བསྩལ། བོད་ཟླ་ ༠༣ བོད་ཚེས་ ༡༠ རེས་གཟའ་ཕུར་བུ་སྟེ། རྒྱལ་ཕུར་གྲུབ་སྦྱོར་ཉིན་རཏ་གླིང་ཚེ་ཆོག་དང༌། ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་གཉིས་སྦྲགས་གཡང་སྒྲུབ་དང༌། བོད་ཚེས་ ༡༡ རེས་གཟའ་པ་སངས་ཉིན་སྔར་སྲོལ་བཞིན་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་སྤྱིའི་ཞབས་རིམ་ལ། བར་བསམ་སྒྲོལ་གསུམ། ཕུར་པ་སྟོང་བཟློག རྒྱལ་བའི་བཀའ་འགྱུར་དག་སྒྲོག བསང་གསོལ་རྒྱས་པ་བཅས་འཚོགས།
བོད་ཟླ་ ༠༣ བོད་ཚེས་ ༡༠ ཉིན་ནས་ཟླ་བ་དྲུག་རིང་སྔར་སྲོལ་བཞིན་གནམ་ཆོས་སྔོན་འགྲོ་ཁྲིད་དང་བཅས་པའི་སྒོ་ནས་འབུམ་ལྔ་བསགས་སྦྱང་དབུ་བཙུགས་ཡོད། ད་ལོའི་ཆར་བཙུན་མ་གྲངས་ ༡༢ ཙམ་གྱིས་འབུམ་ལྔ་བསགས་སྦྱང་གནང་བཞིན་ཡོད། བོད་ཟླ་ ༠༤ ཚེས་ ༠༦ རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པའི་ཆར་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་སྐུ་ཚ་བླ་མ་བསོད་ནམས་རྒྱ་མཚོ་མཆོག་ནས་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་བཙུན་མའི་འདུས་ཚོགས་ཡོངས་ལ་རྡོ་རྗེ་རྣལ་འབྱོར་མའི་ཁྲུས་དང་བཀའ་བསྒོ་བཅས་གནང༌། ས་ག་ཟླ་བའི་བོད་ཚེས་ ༠༩ ནས་ ༡༥ བར་བདུན་ཕྲག་གཅིག་གི་རིང་བཙུན་མའི་འདུས་མང་ཡོངས་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གཉེན་པོ་ཞལ་ཕྱེ་སྟེ་ཚོགས་ཀྱི་འཁོར་ལོ་རྒྱས་པ་དང༌། མཐའ་རྟེན་མར་མེ་སྨོན་ལམ་དང་བསྔོ་བ་བཀྲ་ཤིས་བཅས་ཀྱི་སྒོ་ནས་བཀའ་མའི་སྒྲུབ་མཆོད་མཐའ་གྲུབ།
སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།
ཕྱི་ལོ་ ༢༠༢༤ བོད་ཟླ་ ༠༢ བོད་ཚེས་ ༢༥ ཉིན་གུང་སེང་མཐའ་གྲུབ་ནས་བཙུན་དགོན་བཤད་གྲྭ་སླར་ཡང་དབུ་བཙུགས་ཤིང༌། གཞན་ཡང་གསར་ཞུགས་སློབ་གཉེར་བ་རྣམས་ཀྱི་ངག་རྒྱུགས་དང་། འབྲི་རྒྱུགས། ལོ་འཁོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བཤད་རྣམས་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན། ད་ལོའི་ཆར་བཙུན་དགོན་བཤད་གྲྭ་འདིར་གསར་ཞུགས་སློབ་གཉེར་བ་སྔོན་འགྲོ་འཛིན་གྲྭ་ལ་ ༢༡ དང༌། ལོ་རིམ་དང་པོ་ནས་དགུ་པའི་བར་སློབ་གཉེར་བ་ ༡༨༥ ཙམ་གྱིས་མདོ་སྔགས་རིགས་གནས་བཅས་པ་ལ་འཆད་རྩོད་རྩོམ་གསུམ་གནང་མུས་ཡིན། ལོ་འདིར་བཙུན་དགོན་བཤད་གྲྭའི་ནང་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་སློབ་མ་གྲངས་ ༢༢ ཡོད། ད་ལོའི་ཆར་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ ༡༠ དང༌། ཕྱོགས་མཐའ་ཁག་ནས་སྙན་ཞུ་འབྱོར་བ་ལྟར་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ནང་མཁན་སློབ་མ་གྲངས་ ༧༡ ཆོས་ཕྱོགས་ཀྱི་བྱ་བའི་ཆེད་དུ་དགེ་རྒན་བཏང་ཡོད།
བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།
ཕྱི་ལོ་ ༢༠༢༤ བོད་ཟླ་ ༠༢ བོད་ཚེས་ ༡༠ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱལ་མཚོ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག བཙུན་དགོན་གྱི་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་དང༌། རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་ཨང་དང་པོ་དང༌། གཉིས་པ། གསུམ་པ་ཐོབ་མཁན་རྣམས་ལ་བྱ་དགའི་གསོལ་རས་བསྩལ། དེ་དང་ལྷན་བཙུན་དགོན་གྱི་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་ནས་ལོ་རིམ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་འཁྱེར་ཡང་བསྩལ། དེ་བཞིན་དུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་རྣམ་གཉིས་ནས་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་འདི་ཕྱི་གཉིས་ཕན་གྱི་བླང་དོར་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པར་བཀའ་དྲིན་བསྩལ། བོད་ཟླ་ ༠༢ བོད་ཚེས་ ༢༥ ཉིན་གཞི་རིམ་སློབ་གྲྭའི་དཔེ་ཁྲིད་དང་འཛིན་སྐྱོང་དབུ་བཙུགས་གནང་སྟེ་སློབ་ཁྲིད་འགྲོ་བཞིན་པ་དང་། ད་ལྟའི་ཆར་སློབ་གྲྭ་འདིར་སློབ་ཕྲུག་གི་གྲངས་ ༡༦༠ ཡོད་ལ། སློབ་གྲྭའི་འཛིན་སྐྱོང་གནང་མཁན་སློབ་སྤྱི་རྒན་གཞོན་གཉིས་གཙོས་པའི་མཁན་སློབ་དགེ་རྒན་གྲངས་ ༡༩ ཡིས་དཔེ་ཁྲིད་དང་འཛིན་སྐྱོང་གནང་བཞིན་པ་དང་། གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་ལ་ལོ་འདིར་བཙུན་མ་གསར་ཞུགས་གྲངས་ ༡༨ བྱུང་ཡོད་དོ།།
