རྣམ་གླིང་ཆེས་མཐོའི་འགན་འཛིན་མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་གིས་གསར་བཞེངས་གནང་བའི་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་སྐུ་གདུང་མཆོད་རྟེན་ཆེན་མོའི་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།

ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་གུ་རུུ་པདྨ་འབྱུང་གནས་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་སའི་གནས་མཆོག་ཁྱད་པར་ཅན་བལ་ཡུལ་ཡང་ལེ་ཤོད་དུ། མཁན་རིན་པོ་ཆེ་རྣམ་གྲོལ་ཚེ་རིང་མཆོག་གིས་གསར་བཞེངས་གནང་བའི་སྒྲུབ་སྡེ་བསམ་གཏན་འོད་གསལ་བྱང་ཆུབ་ཆོས་གླིང་དུ་གང་ཉིད་ཕྱི་རབས་དད་ལྡན་སློབ་འབངས་རྣམས་ཀྱི་དད་པའི་རྟེན་དུ་དམིགས་ནས། སྟོན་པའི་འདས་ལོ་ ༢༥༦༣ བོད་རྒྱལ་ལོ་ ༢༡༤༦ བོད་ཟླ་ ༠༤ ཚེས་ ༣༠ རབ་བྱུང་ ༡༧ ཕྱི་ལོ་ ༢༠༡༩ ཟླ་ ༠༧ ཚེས་ ༠༢ ཉིན་མཆོག་གི་རྡོ་རྗེ་སློབ་དཔོན་མཁན་ཆེན་རྣམ་གྲོལ་ཚེ་རིང་དབུ་བཞུགས་ཐོག། སྒྲུབ་སྡེ་ཁག་གཉིས་ཀྱི་གྲྭ་བཙུན་འདུས་མང་ཡོངས་ནས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ཆེན་མོ་གསར་བཞེངས་ཆེད་སའི་མཚན་ཉིད་བརྟགས་པ་དང་། ས་བསླང་བ། དབང་དུ་བྱ་བ། སྦྱོང་བ། བྱིན་གྱིས་བརླབས་པ། བསྲུང་བ། ས་བཟུང་བ་བཅས་རྒྱུད་སྡེའི་དགོངས་དོན་དང་། རིག་འཛིན་གོང་མའི་ཕྱག་བཞེས་འཕྱུག་མེད་ཀྱི་ལག་ལེན་ཕུན་སུམ་ཚོགས་པས་གཞིར་བཏིང་།

འཕགས་བལ་གཙོས་ས་གནས་ཁྱད་པར་ཅན་གང་སར་གཙུག་ལག་ཁང་དང་། མཆོད་པའི་རྟེན་བྱིན་ཆེ་བ་བསམ་གྱིས་མི་ཁྱབ་པ་ཆེ་ཆུང་གྲངས་མང་བའི་ཐིག་རྩའི་ལག་ལེན་ཇི་དགོས་གནང་སྟེ། བཀའ་དྲིན་ཚད་ལས་འདས་པ་བསྐྱངས་གནང་མཛད་པའི་འདུལ་འཛིན་དམ་པ་དགེ་སློང་བླ་མ་ངག་དབང་མཆོག་གིས་ཐིག་རྩ་དང་ལམ་སྟོན་ཇི་ལྟར་གནང་བ་ལྟར། རྟེན་འོག་གཞི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཞལ་ཡས་ཁང་དུ། དབུས་སུ་ཡེ་ཤེས་སེམས་དཔའི་སྐུ་རྟེན་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའ་དང་། གཡས་ཕྱོགས་སུ་ཕུར་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་རྟེན། གཡོན་ཕྱོགས་སུ་གཏེར་སྟོན་རཏྣ་གླིང་པའི་ཕུར་པའི་ཕུར་སྒྲོམ་གྱི་བཀོད་པ་ཐམས་ཅད་མ་ཚང་བ་མེད་པ་ཡོངས་སུ་རྫོགས་པ་ལེགས་པར་བཞུགས་སུ་གསོལ།

དེའི་སྟེང་ཐོག་ཏུ་འོག་གཞི་ཁྲུ་གསུམ་ལྷག་མཐོ་བར་བཏེག་པའི་སྟེང་དུ་གདུང་རྟེན་བྱང་ཆུབ་མཆོད་སྡོང་ཆེན་མོའི་ས་འཛིན་ནས་ཐེམ་སྐས་རིམ་པ་གསུམ། གདོང་ཆེན། གཟུང་སྣེ། བད་ཆུང་། བ་གམ། དགེ་བཅུ། བང་རིམ། བུམ་གདན། སྒོ་ཁྱིམ། བུམ་པ། བྲེ་རྨང་། བྲེ་རྟེན། བྲེ། གདུགས་འདེགས་པདྨ། ཆོས་འཁོར་བཅུ་གསུམ། མོ་འཁོར། ཕོ་འཁོར། ཟ་ར་ཚགས། ཐུགས་རྗེ་མདོ་གཟུངས། ཆར་ཁེབས། ཟླ་བ། ཉི་མ། ཏོག་བཅས་ཀྱི་བར་ཕྱི་ནང་གི་བཀོད་པ་ཐམས་ཅད་སྲ་བརྟན་ལོ་གྲངས་བརྒྱ་ཕྲག་མང་པོར་ཉམས་རྒུད་མི་འགྲོ་བའི་རྒྱུ་སྤུས་ཚད་ལྡན་གྱིས་གྲུབ་པར་བྱས་ཤིང་། རྒྱུ་རིན་པོ་ཆེ་གསེར་ཟངས་ལས་གྲུབ་པའི་མཆོད་པའི་ལྷ་མོ་བཅུ་དྲུག་དང༌། དྲྭ་བ་དྲྭ་ཕྱེད་སོགས་རྒྱན་སྣ་ཚོགས་པ་འབུར་དོད་དུ་བཞེངས་ཏེ་ཕྱི་ནས་ཡོངས་སུ་གཡོགས་པས། གསེར་གྱི་མཆོད་སྡོང་ཆེན་མོ་ཚད་དང་མཚན་ཉིད་བཟང་པོ་མ་ཚང་བ་མེད་པ་དང་། སྲོག་ཤིང་གི་བུམ་སྟོད་མཚམས་སུ་རྟེན་འདུས་སྣ་ཚོགས་དང་། སྲོག་ཤིང་ངོས་ཀྱི་གཟུངས་སྔགས་ཆ་ཚང་གསེར་བྲིས་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རིལ་བུ་དང་རྩེ་མོར་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བཞུགས་སུ་གསོལ་བ་དང༌། དེ་བཞིན་མདོ་སྔགས་ཀྱི་གཟུངས་གཞུག་བྱིན་ཆེ་ལ་གྲངས་མང་བ། སྲོག་ཤིང་མཇུག་ནས་དབུའི་བར་གོ་རིམ་ལྟར་ཚགས་དམ་པོར་བསྒྲིལ་ཏེ། རིན་པོ་ཆེ་གསེར་ཟངས་ལས་གྲུབ་པའི་སྲོག་ཤིང་གི་ཤུབས་ཀྱི་ནང་དུ་སྲ་བརྟན་མི་འགྱུར་བར་བཞུགས་སུ་གསོལ་ཡོད།

མཆོད་སྡོང་རིན་པོ་ཆེ་འདིའི་ནང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་བསྒྲུབས་གནང་བའི་ཀླུ་བུམ་དང་། གཡང་བུམ། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་རྟེན་སྒམ་ནས་བྱུང་བའི་རྟེན་འདུས་རིལ་བུ། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གི་སྲུང་མདུད་བྱིན་ཅན་སོགས་དང་། དེ་བཞིན་ནང་གི་གདུང་རྟེན་གཙོ་བོ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་གདུང་རུས་ཕོན་ཆེན་དང་། དབུ་སྐྲ། སྐུ་མཚལ། སྐྱབས་རྗེ་མཆོག་གི་སྐུ་གདུང་ལས་བབས་པའི་རིང་བསྲེལ་སྣ་ཚོགས། ༸སྐྱབས་རྗེ་ཉིད་ཀྱི་རིང་བསྲེལ་བབས་པའི་ཚེམས་གཉིས་བཅས་བྱིན་རྟེན་རྩ་ཆེའི་རིགས་དང་། སྐུ་གསུང་ཐུགས་རྟེན་གྱི་གཟུངས་གཞུག་བསམ་གྱིས་མི་ཁྱབ་པ་བྱིན་ཆེ་བ་གྲངས་བརྒྱད་ཅུ་གྱ་གསུམ་ལྷག་བཞུགས་པ་མ་ཟད། ཁྱད་པར་དུ་སྐུ་འདྲ་དང་མཆོད་རྟེན་སོགས་གང་ཡིན་ཡང་། གཟུངས་གཞུག་མཆོག་ཏུ་གྱུར་པ། རིང་བསྲེལ་ཀུན་ཀྱི་སྙིང་པོ། ཆོས་སྐུའི་རིང་བསྲེལ་ལམ་ཆོས་ཀྱི་རིང་བསྲེལ་རྣམས་ཡིན་ཕྱིར། འདིའི་ནང་གཟུངས་ཆེན་སྡེ་ལྔ་སོགས་ཤོག་གཟུངས་དང་། རིན་པོ་ཆེ་ཟངས་ལེབ་ཐོག་བརྐོས་བཏབ་སྟེ་གསེར་རྩི་བཏབ་པའི་གཟུངས་གཞུག་གྲངས་མང་ལ་བྱིན་ཆེ་བ་དང་། ཁྱད་པར་དུ་སྐུ་གདུང་མཆོད་རྟེན་རིན་པོ་ཆེ་འདིའི་ནང་དུ་སྨིན་གླིང་བཀའ་རྒྱ་མའི་གཟུངས་གཞུག་གྲངས་ཧ་ཅང་མང་བར་བཞུགས་སུ་གསོལ།
ཕྱི་ལོ་ ༢༠༢༡ ཟླ་ ༠༣ ཚེས་ ༡༨ ཉིན་སྤྲུལ་སྐུ་རིག་འཛིན་པདྨ་རིན་པོ་ཆེ་མཆོག་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་སྒྲུབ་བླ་གྲྭ་བཙུན་ཡོངས་ཀྱིས་གདུང་རྟེན་མཆོད་སྡོང་རིན་པོ་ཆེར་སྐུ་གསུང་ཐུགས་རྟེན་སོགས་རྩ་ཆེའི་གཟུངས་གཞུག་རྣམས་ཕུལ། ཕྱི་ལོ་ ༢༠༢༡ ཟླ་ ༠༨ ཚེས་ ༠༣ བོད་ཟླ་ ༠༦ བོད་ཚེས་ ༢༥ བཀྲ་ཤིས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གསེར་ཟངས་ལས་གྲུབ་པའི་ཆོས་འཁོར་བཅུ་གསུམ་ཕུལ་བ་དང༌། སྒྲུབ་བླ་གྲྭ་བཙུན་ཉེར་ལྔས་རྟེན་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད། ཁྱད་པར་དུ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༤ ནས་ ༢༦ བར་དང་། བོད་ཟླ་ ༠༩ ཕྱི་མའི་ཚེས་ ༢༠ ནས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་སྐུ་གདུང་མཆོད་རྟེན་ཆེན་མོའི་འོག་ཁང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཞལ་ཡས་ཁང་དུ་སྤྲུལ་པའི་སྐུ་དང་། མཁན་པོ། སློབ་དཔོན། བླ་མ། གཞན་གྲྭ་བཙུན་སྔགས་གསུམ་དང་། དད་ལྡན་ཡོན་བདག་རྣམ་པ་བཅས་བཅུ་ཕྲག་ལྔ་ལས་བརྒལ་བའི་འདུས་ཚོགས་ཡོངས་ནས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འདོད་འཇོའི་སྒོ་ནས་རབ་གནས་རྒྱས་པ་ཉིན་གསུམ་གྱི་རིང་འཚོགས་གནང་བ་དང༌། ཟླ་ ༡༡ ཚེས་ ༢༩ ནས་ ༣༠ བར་དང་། བོད་ཟླ་ ༩ པ་ཕྱི་མའི་ཚེས་ ༢༥ ནས་ ༢༦ བར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཞལ་ཕྱེ་སྟེ། ཕུར་བཟློག་ཉིན་གཉིས་ཀྱི་རིང་འཚོགས་པ་དང་མཐར་བཀྲ་ཤིས་ཤིང་དགེ་ལེགས་ཕུན་སུམ་ཚོགས་པའི་ངང་ནས་ཇི་སྲིད་བསྐལ་པ་ནམ་གནས་ཀྱི་བར་གསེར་གྱི་མཆོད་སྡོང་ཆེན་མོ་དེ་ཉིད་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ་བའི་ཐུགས་སྨོན་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བོད་ཟླ་ ༢ ཚེས་ ༡༠ ལ་ཤར་རྒྱལ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་གདུང་མཆོད་རྟེན་ཆེན་མོར་རབ་གནས་གནང་།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༧ བོད་ཟླ་ ༠༩ ཚེས་ ༠༣ བཀྲ་ཤིས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་དཔལ་ལྡན་༸སྐྱབས་མགོན་ས་སྐྱ་གོང་མ་བདག་ཁྲི་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་གི་དབུས། རྣམ་གླིང་ཆེས་མཐོའི་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། སྨིན་གྲོལ་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག འབྲུག་པ་བཀའ་བརྒྱུད་ཆོས་མགོན་རིན་པོ་ཆེ་མཆོག གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་རྣམས་ཀྱིས་དབུས་རབ་སྔགས་སེར་སྐྱ་སྟོང་ཕྲག་ལས་བརྒལ་བ་ལྷན་གཅིག་ཏུ་འདུས་ཏེ་སྐུ་གདུང་མཆོད་སྡོང་རིན་པོ་ཆེའི་དབུ་འབྱེད་མཛད་སྒོ་བཀྲ་ཤིས་པའི་རབ་གནས་གནང་།

ཁུངས་གཏུག་སའི་ཡིག་ཆ།
མཁན་པོ་བཀྲ་ཤིས་ཚེ་བརྟན་མཆོག་གིས་བརྩམས་གནང་བའི་བལ་ཡུལ་ཡང་ལེ་ཤོད་ཀྱི་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་གདུང་རྟེན་མཆོད་སྡོང་ཆེན་མོའི་དཀར་ཆག་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་ལས་བཏུས།
གསལ་བཤད། རྒྱས་པར་གཟིགས་འདོད་མཆིས་ཚེ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་གྱི་དཀར་ཆག་དད་ལྡན་དང་བ་འདྲེན་པའི་

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།