སོ་སོའི་དགྲ་ལ་ཡག་པོ་བྱོས། Be good to your enemies.

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཉི་མ་རྡོ་རྗེ།

གནའ་སྔ་མོ་ཞིག་ལ་སཱེ་མི་ཞེས་པའི་བུ་ཆུང་ཞིག་ཡོད། ཁོང་མི་བཟང་པོ་ཞིག་ཡིན་པ་དང་། སློབ་སྦྱོང་ཡག་པོ་ཡོད་ཅིང་ཕ་མའི་ཁ་ལའང་ཉན་པོ་ཡོད། འཛིན་གྲྭའི་ནང་ནས་འཛིན་གྲོགས་ཕལ་ཆེ་བ་ལས་བློ་གྲོས་རྣོ་ངར་ཅན་ཞིག་ཡིན། དེ་བཞིན་མི་ཚང་མ་ལ་ཕན་ཐོགས་མཁན་ཞིག་རེད། རྒན་པ་དང་གཞོན་པ་ཚང་མས་སཱེ་མིར་དཔེ་བལྟ་ས་བྱེད། ཡིན་ན་ཡང་སཱེ་མི་ཁོང་རྒྱུན་དུ་མི་གཤིས་བཟང་པོ་ཡོད་པ་དང་། འཛིན་གྲོགས་མང་ཆེ་བས་དགའ་ས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་སཱེ་མི་ལྟ་བུ་ཆགས་འདོད་པའི་སློབ་ཕྲུག་ཁ་ཤས་ཀྱིས་ཧ་ཅང་ཕྲག་དོག་བྱེད། ད་དུང་སཱེ་མི་དང་མཉམ་དུ་ཁོང་གི་འཛིན་གྲོགས་བུ་ཀྲཱི་མི་ཞེས་པ་ཞིག་ཡོད། དེའི་བྱ་སྤྱོད་ནི་སཱེ་མི་ལས་ཐ་དད་ཡིན། ཁོང་སློབ་སྦྱོང་ལ་དོ་སྣང་མེད་པ་མ་ཟད་འཛིན་གྲྭའི་དུས་ཚོད་ལ་ཡང་རྩེད་མོའི་རིགས་ལ་དུས་ཚོད་གཏོང་མཁན་ཞིག་ཡིན། རང་གི་ཕ་མ་ལ་སྤྱོད་ངན་བྱེད་པ་དང་། འཛིན་གྲོགས་ལ་དབང་ཡོད་ཤོད་པ་མ་ཟད། སཱེ་མི་ལའང་བརྙས་བཅོས་དང་སྤྱོད་ངན་བྱེད།

ཁོང་གིས་གཞན་འཛིན་གྲོགས་ཚོའི་མདུན་དུ་སཱེ་མི་ལ་མི་དགའ་བ་དང་མཐོང་ཆུང་བྱེད། དེས་སཱེ་མི་ལ་ག་རེ་བྱས་ནའང་སཱེ་མི་ནི་བསམ་སྤྱོད་དང་ཤེས་ཚད་ཀྱི་གནས་རིམ་སྔར་ལས་ལྷག་པར་ཇེ་མཐོར་སོང་སྟེ་སློབ་སྦྱོང་དང་རྩེད་རིགས། ལས་སྣ་ག་རེ་ཡིན་ནའང་ཐོབ་ཐང་དང་གཟེངས་རྟགས་འབོར་ཆེན་པོ་ཐོབ་མཁན་ཞིག་རེད། སཱེ་མི་ལོ་བརྒྱད་ལོན་པའི་སྐྱེས་སྐར་ཉིན་མོར་ཕ་མ་གཉིས་ནས་སྨྱུ་གུ་ཡག་པོ་ཞིག་ལེགས་སྐྱེས་སུ་སྤྲད། སཱེ་མིས་སྨྱུ་གུ་དེ་སློབ་གྲྭར་ཁྱེར་ནས་དགེ་རྒན་རྣམ་པས་སློབ་གསོ་གནང་བའི་གནད་འགག་ཆེ་བ་རྣམས་དྲན་ཐོ་འབྲི་བའི་ཆེད་དུ་བེད་སྤྱོད་བྱེད། སྨྱུ་གུ་དེ་ཡིད་དུ་འོང་བ་ཞིག་ཡོད་པ་དང་དེས་ཡི་གེ་མགྱོགས་པོ་འབྲི་བར་ཕན་ཐོགས་ཆེན་པོ་བྱུང་། ཀྲཱི་མིས་སཱེ་མིའི་ལག་ཏུ་ཡོད་པའི་སྨྱུ་གུ་དེ་མཐོང་བ་དང་ཕྲག་དོག་སྐྱེས་ཏེ་ཁོང་གིས་སཱེ་མི་ལ་དྲིས། “ཝ་ཡེ། ཁྱོད་ལ་དེ་ག་ནས་རག་སོང་། ཁྱོད་ཀྱིས་དེ་ཉོས་པ་ཡིན་ནམ།” སཱེ་མིས་ལན་བཏབ་པ། “དེ་ངའི་ཕ་མ་གཉིས་ཀྱིས་སྐྱེས་སྐར་ཉིན་མོར་ལེགས་སྐྱེས་སུ་གནང་བྱུང་།”

ཀྲཱི་མིས་དེ་ཐོས་ནས་ཁོང་ཁྲོ་དང་ཕྲག་དོག་གིས་ཁེངས། རང་ཉིད་ཕྲུ་གུ་ངན་པ་ཡིན་པས་ཕ་མ་གཉིས་ནས་རྔན་པ་ཐོབ་པ་དཀོན་པོ་རེད། ཁོང་གིས་སཱེ་མིའི་སྨྱུ་གུ་བརྐུ་རྒྱུའི་ཐག་གཅོད་བྱས། བར་སེང་གི་སྐབས་སུ་འཛིན་གྲོགས་ཚང་མ་ཕྱིར་ཐོན་སྐབས་ཁོང་གིས་སཱེ་མིའི་ཁུག་མ་ཁ་ཕྱེ་ནས་སྨྱུ་གུ་བཏོན་ཞིང་རང་གི་ཁུག་མའི་ནང་དུ་སྦས་ནས་ཕྱིར་ཐོན་ཏེ་ཟ་མ་ཟ་བར་ཕྱིན། བར་སེང་རྗེས་སུ་སཱེ་མི་འཛིན་གྲྭའི་ནང་སླེབ་སྐབས་ཁོང་གི་སྨྱུ་གུ་གང་དུ་བཙལ་ནའང་མ་རྙེད་པས་འཛིན་གྲྭའི་དགེ་རྒན་ལ་བརླག་སྟོར་ཤོར་བའི་སྐོར་གནས་ཚུལ་ཞུས། དེ་ནས་འཛིན་གྲྭའི་ནང་དུ་བོར་བརླག་ཕྱིན་པའི་སྨྱུ་གུ་འཚོལ་ཞིབ་ཀྱི་ལས་ཀ་འགོ་བཙུགས། དགེ་རྒན་གྱིས་འཛིན་གྲྭའི་འགོ་དཔོན་ལ་འཛིན་ཁང་ནང་དུ་ཡོད་པའི་སློབ་ཕྲུག་ཚང་མའི་ཁུག་མ་སྔོག་བཤེར་བྱེད་དགོས་པའི་བཀའ་གནང་། བརླག་པའི་སྨྱུ་གུ་དེ་ཀྲཱི་མིའི་ཁུག་མའི་ནང་ནས་རྙེད། དེ་ལ་དགེ་རྒན་དགོངས་པ་འཚོམས་ཏེ་ཀྲཱི་མི་ལ། “ཡ། ཀྲཱི་མི། ད་ཁྱོད་ཀྱིས་གསལ་བཤད་ག་རེ་བྱ་རྒྱུ་ཡོད།” ཅེས་དྲིས། ཀྲཱི་མི་ངོ་གནོང་སྟེ་གདོང་དམར་པོར་གྱུར། མིག་གཉིས་མཆི་མས་ཁེངས་ནས་གང་ཡང་བཤད་མ་ཐུབ་པར་ལུས།

སཱེ་མིས་ཀྲཱི་མི་ངུ་བ་མཐོང་དུས་དེ་ལ་སྙིང་རྗེ་སྐྱེས། ཁོང་བརྩེ་བའི་རང་བཞིན་ཅན་ཞིག་ཡིན་པས་ཀྲཱི་མི་ཁོང་གི་འཛིན་གྲོགས་ལ་བསམ་པ་ངན་པ་གང་ཡང་འཁོར་མེད། ཁོང་གིས་དགེ་རྒན་ལ་ཀྲཱི་མི་ལ་ཉེས་པ་གང་ཡང་མ་གཅོད་རོགས་ཞེས་རེ་སྐུལ་ཞུས། གང་ཡིན་ཟེར་ན་ཁོང་གི་བརླག་པའི་སྨྱུ་གུ་ནི་རྙེད་སོང་ཞེས་ཞུས། འདིས་ཀྲཱི་མིའི་བཟང་ངན་འབྱེད་པའི་ཤེས་རབ་ཀྱི་མིག་ཕྱེ། ཁོས་གཞི་ནས་སཱེ་མི་འདི་བུ་ཡག་པོ་ཞིག་ཡིན་པ་ཤེས། ཁོས་དགེ་རྒན་དང་སཱེ་མི་གཉིས་ལ་དགོངས་དག་ཞུས། དུས་དེ་ནས་བཟུང་ཁོ་སཱེ་མི་དང་མཉམ་དུ་གྲོགས་པོ་བཟང་པོ་ཆགས། ཁོ་ཡང་སཱེ་མི་ལྟ་བུའི་མི་བཟང་པོ་ཞིག་ཏུ་རིམ་གྱིས་གྱུར། མི་ཚང་མས་སཱེ་མི་དང་ཀྲཱི་མི་གཉིས་ལ་དགའ་པོ་བྱེད། སཱེ་མི་ཡང་རང་གི་གྲོགས་པོ་གསར་པར་སྤོབས་པ་སྐྱེ་འོས་པ་ཞིག་ཏུ་གྱུར། ཀྲཱི་མིས་སཱེ་མི་ལ་སྡུག་པོ་ག་ཚོད་བཏང་ཡོད་མེད་ལ་མ་ལྟོས་པར། སཱེ་མིས་ཀྲཱི་མི་ལ་རྟག་ཏུ་བརྩེ་བ་ཁོ་ན་བྱས། འདི་ནི་དུས་དང་གནས་སྐབས་གང་འདྲ་ཞིག་ཏུ་ཡིན་ནའང་། རང་གི་དགྲ་བོར་ཇི་ལྟར་བྱ་དགོས་པའི་དཔེ་མཚོན་བཟང་པོ་ཞིག་རེད། སུས་ཤེས། ནམ་ཞིག་ང་ཚོའི་སྤྱོད་པ་འདི་འདྲ་ཞིག་ཏུ་ཡར་རྒྱས་འགྲོ་སྲིད།

རྩ་དོན་ནི། མི་གཞན་གྱིས་རང་ལ་གནོད་པ་བྱས་ཀྱང་དེ་ལ་བཟོད་སྒོམ་བྱས་ཏེ་གཞན་ལ་གནོད་འཚེ་མི་བྱེད་པར། གཞན་ལ་རྣམ་པ་ཀུན་ཏུ་བརྩེ་བ་དང་བྱམས་པ། བཟང་སྤྱོད་ཀྱིས་བསྐྱང་དགོས་པ་དེ་ཡིན།

འབྲེལ་མཐུད་དྲ་ཚིགས་ཁ་བྱང་།
https://brainly.in/question/17926393

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།